ངོ་སྤྲོད

ཆོས་ཉིད་ཀྱི་སྐད་སྒྲ་ནི་པད་མ་ཆོས་ཉིད་རྡོ་རྗེའམ་ཨ་གནམ་ཐུབ་བསྟན་ཀྱི་རྩོམ་ཡིག་རྣམས་འགྲེམ་སྤེལ་བྱེད་སའི་དྲྭ་ལམ་ཞིག་ཡིན། འདིའི་དམིགས་ཡུལ་ནི་ཁོང་གི་རྩོམ་ཡིག་རྣམས་རྒྱ་ཆེའི་ཀློག་པ་པོ་ཚོས་ཀློག་ནུས་པ་དང་། བོད་ཀྱི་རིག་གཞུང་དང་སྐད་ཡིག་ཡར་རྒྱས་ཡོང་བར་ཕན་ནུས་ཤིག་འབུལ་རྒྱུ་དེ་རེད།  དྲྭ་བ་འདིེར་ཆོས་དང་རིག་གཞུང་སྐོར་གྱི་བརྗོད་བྱ་སྣ་ཚོགས་པའི་རྩོམ་ཡིག་འདོན་སྤེལ་བྱེད་ཀྱི་ཡོད། དྲྭ་འདིའི་རྒྱུན་སྐྱོང་མཁན་དང་རྩོམ་སྒྲིག་བྱེད་མཁན་ནི་དྷརྨ་ཏཱའི་ཚོགས་མི་ཁག་ཅིག་ཡིན། དྷརྨ་ཏཱ་ནི་རྒྱལ་སྤྱིར་ཡོད་པའི་ནང་པའི་ཆོས་ཚོགས་ཤིག་ཡིན། 

ཨ་གནམ་ཐུབ་བསྟན་ནི་མགོ་ལོག་པདྨ་རྫོང་དུ་སྐྱེས། ལོ་ན་ཆུང་ངུའི་དུས་ནས་ཆོས་སྒོར་ཞུགས། གཏེར་ཆེན་ཕྲིན་ལས་གླིང་པའི་དངོས་སློབ་རིག་པ་འཛིན་པ་ཆེན་པོ་བླ་མ་ཚུར་ལོའམ་ཚུལ་ཁྲིམས་རྒྱ་མཚོ་སོགས་བསྟེན། རིམ་གྱིས་རིས་སུ་མ་ཆད་པའི་བླ་མ་དང་མཁས་པ་དུ་མའི་མདུན་ནས་ནང་ཆོས་ཀྱི་གཞུང་ལུགས་དང་རིག་གནས་ལ་སློབ་སྦྱོང་བྱས། རང་ལོ་ཉེར་བཞི་ཡས་མས་སླེབས་སྐབས་སུ་ཨ་མེ་རི་ཀར་ཕྱིན་ཞིང་། དབྱིན་ཡིག་སློབ་སྦྱོང་བྱས། ནུབ་ཕྱོགས་ཀྱི་སློབ་མ་ཚོར་ནང་ཆོས་ཁྲིད་འགོ་བརྩམས་ཤིང་དྷརྨ་ཏཱ་ཆོས་ཚོགས་བཏབས། དེའི་ཡན་ལག་ཏུ་སྤྱིའི་ཐེག་པ་ཉམས་སུ་ལེན་པའི་དྷརྨ་ཏཱ་འདུས་སྡེ་ཞེས་པ་དང་། ཐུན་མིན་རྒྱལ་དབང་པདྨའི་ཟབ་ཆོས་ཉམས་སུ་ལེན་པའི་བཛྲ་སངྒ་ཞེས་ཚོགས་པ་གཉིས་བཙུགས། དབྱིན་ཡིག་སྟེང་དུ་ནང་ཆོས་དང་འབྲེལ་ཡོད་ཀྱི་དཔྱད་རྩོམ་དང་དཔེ་དེབ་མི་ཉུང་བ་བརྩམས། དེང་སྐབས་ཀ་ལི་ཕོ་ཉི་ཡ་བྱང་མའི་མཚོ་བརྒྱུད་དུ་བཅའ་སྡོད་བྱེད་བཞིན་པའི་ཁར། ཡིག་བསྒྱུར་གྱི་ལས་ཀ་དང་། ཨེ་ཤི་ཡ་དང་ཡོ་རོབ་ཀྱི་ཡུལ་གྲུ་རྣམས་སུ་མུ་མཐུད་དུ་ནང་ཆོས་འཁྲིད་བཞིན་ཡོད།