རྒྱལ་བའི་དགོངས་བཅུད་ཐེག་པ་ཀུན་གྱི་མཆོག །
འོད་གསལ་རྫོགས་པ་ཆེན་པོའི་མན་ངག་གིས། །
སྐལ་ལྡན་ཆོས་སྐུར་ཁྲིད་པའི་ཕྲིན་ལས་ཅན། །
བདག་གི་བླ་མ་བདུད་འཇོམས་གླིང་པར་འདུད། །
རྒྱལ་བསྟན་ཉིན་བྱེད་ནུབ་རིར་ཕྱོགས་དུས་འདིར། །
སྙིང་པོའི་གཞུང་ལ་ཐོས་བསམ་བྱེད་པའི་བློས། །
གལ་ཆེན་ཆོས་ཀྱི་ཐ་སྙད་ལ་དཔྱོད་ཕྱིར། །
རང་སེམས་ཀློང་ནས་བརྡོལ་བའི་གཏམ་ཞིག་འགོད། །
དེ་ཡང་ཐེག་མཆོག་འོད་གསལ་རྫོགས་པ་ཆེན་པོའི་གཞུང་རྣམས་སུ། རྒྱུད་སྡེ་རིན་པོ་ཆེ་རྣམས་དང་། དམ་པ་གོང་མ་ཚོའི་ཞལ་གདམས་ལས་ཐོན་པའི་བརྡ་ཆད་ཐ་སྙད་སྣ་ཚོགས་བཞུགས་པ་དག་ལས། འགའ་ཞིག་ནི་རྫོགས་ཆེན་གྱི་རྒྱུད་སྡེ་རྙིང་པ་རྣམས་ལས་བྱུང་བ་དང་། འགའ་ཞིག་ནི་གཏེར་ཆོས་རྣམས་སུ་ཐོན་པའམ། ཡང་རྒྱུད་རྒྱ་གཞུང་དུ་དངོས་སུ་མ་གྲགས་ཀྱང་ཉམས་རྟོགས་མངའ་བའི་བླ་མ་རྣམས་ཀྱི་ཞལ་སྒྲོས་ལས་བྱུང་བ་སོགས་མཆིས། འོན་ཀྱང་རྒྱལ་བའི་བཀའ་དང་བླ་མའི་མན་ངག་ལས་བྱུང་བའི་ཐ་སྙད་རྣམས་ནི་དོན་ཟབ་པས། ལེགས་པར་མ་དཔྱད་ན། དེ་དག་གི་གོ་བ་ཇི་བཞིན་མ་ལོན་པར་མ་རྟོགས་ལོག་རྟོག་ཕྱོགས་རྟོགས་སོགས་ཀྱི་སྐྱོན་འབྱུང་ཉེན་ཆེ། སྤྱིར་ཐ་སྙད་རྣམས་ནི་སྐབས་ཐོབ་ཀྱི་གོ་བ་ལེན་དགོས་ཀྱི། མཐའ་གཅིག་ཏུ་འགྲེལ་ན་ནོར་འཁྲུལ་དང་འགལ་བ་སྣ་ཚོགས་པ་བྱུང་བའི་ལོ་རྒྱུས་མང་བ་མ་ཟད། ད་དུང་མུ་མཐུད་དུ་འབྱུང་སྲིད་ན་ཤིན་ཏུ་ཟབ་པའི་གནས་སོ། །དེས་ན་སྐབས་འདིར་སྔ་འགྱུར་བའི་བླ་མ་རྣམས་ཀྱི་གསུང་རྣམས་སུ་ཐོན་པའི་ཐ་མལ་གྱི་ཤེས་པ་ཞེས་པའི་བརྡ་ཆད་སྐོར་ཅུང་གླེང་བ་ལ། ཆོས་ཀྱི་རྒྱལ་པོ་ཁྲག་འཐུང་བདུད་འཇོམས་གླིང་པའི་ཟབ་གཏེར་ཐམས་ཅད་ཀྱི་ཡང་སྙིང་ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད་ལས། ཀུན་བྱེད་རྒྱལ་པོ་སྒོ་གསུམ་གཙོ་ལ་བརྟགསཿ ཞེས་གསུངས་པ་ལྟར། སྤྱིར་སྒོམ་པ་པོ་རྣམས་ཀྱིས་ལུས་ངག་ཡིད་གསུམ་རྣམས་ལས། ཡིད་འདི་བརྟག་པ་གལ་ཆེ་སྟེ། ཡར་མྱང་འདས་བྱ་བའི་ཐོབ་བྱ། མར་འཁོར་བ་བྱ་བའི་སྤང་བྱར་གྲགས་པའི་སྣང་བ་མཆིས་སོ་ཅོག་ཐམས་ཅད་ཀྱི་རྩ་བ་སེམས་ལ་ཐུག ། རང་རེའི་ངོར་ཤར་བའི་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཐོག་མར་སེམས་ལས་བྱུང་ཞིང་སེམས་ཀྱིས་བཟོས་པས། ཐམས་ཅད་དེའི་རོལ་བར་གནས་ཤིང་། དེ་ཉིད་གཅིག་པུ་ཀུན་བྱེད་ཀྱི་རྒྱལ་པོ་ཡིན། འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མ་དང་རི་མོ་ལྟ་བུ་ལ་དེ་ནི་སྒྱུ་མ་མཁན་དང་རི་མོ་མཁན་ལྟ་བུ་ཡིན། འདི་མེད་ན་བདག་གཞན་དང་བདེ་སྡུག་གི་སྣང་བ་འཆར་གཞི་མེད་པས་ཡེ་ནས་ཅི་ཡང་སྣང་མི་སྲིད། འདི་ལས་མ་བྱུང་བའི་ཆོས་ཤིག་འཁོར་འདས་གང་དུ་མི་སྙེད་པས། ཇི་ལྟར་བཙལ་ཀྱང་སེམས་ལས་ལོགས་སུ་གྲུབ་པའི་དངོས་པོ་རྡུལ་ཙམ་ཞིག་རྙེད་རྒྱུ་མེད། དེས་ན་བདུད་འཇོམས་པ་ཆེན་པོའི་ཟབ་གཏེར་ཁྲོས་མའི་གཞུང་ལས། ཨེ་མ་སངས་རྒྱས་ང་ལ་སེམས་ཅན་ངཿ ཐམས་ཅད་ང་ཡི་ཆོ་འཕྲུལ་ཡིནཿ ཞེས་གསུངས། ལུང་འདིའི་དོན་ནི་རྒྱ་ཆེ་ས་ནས་བཤད་ན་ཡར་མྱང་འདས་དང་མར་འཁོར་བའི་སྣང་བ། རྒྱ་ཆུང་ས་ནས་བཤད་ན་ཁ་སང་དང་དེ་རིང་གི་དགའ་སྡུག་གི་སྣང་བ་ཐམས་ཅད་རང་གི་རིག་པའི་ཆོ་འཕྲུལ་ཙམ་ལས་ལོགས་སུ་བདེན་པར་མ་གྲུབ་པར་གསུངས་པ་ཡིན། ལུང་འདིའི་ནང་གི་ང་ཞེས་པ་ནི་རང་གི་སེམས་ཉིད་ཀུན་བྱེད་རྒྱལ་པོ་ལ་གོ་དགོས་ཀྱི། དེང་སང་ཤར་ནུབ་ཀུན་ཏུ་ལུང་འདིའི་དོན་ཇི་བཞིན་མ་རྟོགས་པར་རང་མོས་ཀྱིས་འགྲེལ་བ་སྣ་ཚོགས་བྱེད་པ་མཐོང་ན། རྡོ་རྗེའི་ཚིག་རླབས་ཆེན་པོ་འདི་ལྟ་བུའི་དགོངས་དོན་མ་ནོར་བར་རྟོགས་པ་ཤིན་ཏུ་གལ་ཆེ་བས། ལུང་འདིའི་ནང་གི་ང་ཞེས་པ་དེ་ངར་འཛིན་ཞེས་པའི་ང་དེ་དང་། ཡང་ན་གང་ཟག་གི་བདག་འཛིན་གྱི་ཡུལ་དུ་གྱུར་བའི་བདག་ལ་ང་བཏགས་པ་མ་ཡིན་པ་མ་ཟད། སངས་རྒྱས་དང་སེམས་ཅན་གཉིས་ཀྱི་གཞི་མཐུན་ཡོད་པར་གསུངས་པའང་མ་ཡིན་པ་ཤེས་དགོས་སོ། །དེས་ན་དཔྱད་པ་ཐམས་ཅད་ཀྱི་མཐར་ཐུག་པ་ནི་སེམས་ཀྱི་གནས་ལུགས་ཇི་ལྟར་ཡོད་མེད་བརྟག་པ་ཡིན་ན། སེམས་འདི་བདེན་པར་གྲུབ་བམ་མ་གྲུབ་ཞིབ་ཏུ་དཔྱད་ཚེ། སེམས་ནི་ནམ་མཁའ་དང་འདྲ་བར་དབྱིབས་དང་ཁ་ཏོག་ལ་སོགས་པས་སྟོང་ནས། འདིའོ་ཞེས་ལག་པས་འཇུ་ཡུལ་ཞིག ། མཛུ་གུ་གཏོད་ས་ཞིག །བློ་ཡིས་དམིགས་བྱ་ཞིག་མི་རྙེད་པར། གཞི་མེད་རྩ་བྲལ་དུ་ཡེ་ནས་གནས་ཡོད་པའི་དོན་ལ་ལག་མཐིལ་གྱི་རི་མོ་བཞིན་དུ་ངེས་ཤེས་རྙེད་ཚེ་ད་གཟོད་སེམས་ཀྱི་གསང་བ་རྟོགས་ཚར་ཏེ། ཡང་དེ་ཉིད་ལས། ངོས་བཟུང་ཀུན་བྱེད་རྒྱལ་པོའི་གཟུགས་ཁ་དོགཿ བྱུང་གནས་འགྲོ་གསུམ་ཡུལ་མེད་ཟང་ཐལ་ངངཿ ཁྲེགས་ཆོད་ལམ་གྱི་ངོ་བོར་ལྷུན་གྱིས་གྲུབཿ ཅེས་གསུངས། དེ་ལྟ་བུའི་སེམས་ཀྱི་ཆོས་ཉིད་ཀ་དག་གདོད་མའི་རིག་པ་རྟོགས་ཐབས་ལ་རྫོགས་པ་ཆེན་པོའི་ལུགས་སུ། བླ་མའི་བཙན་ཐབས་ཀྱིས་ངོ་སྤྲོད་པ་དང་། སྒོམ་སྟོབས་ཀྱིས་ཐད་ཀར་དུ་མྱོང་སྟངས་དག་ཡོད་ལ། དེ་དག་ཀྱང་གཙོ་བོ་སེམས་ཀྱི་ཆོས་ཉིད་ཐ་མལ་གྱི་ཤེས་པ་རང་ཅག་གི་རྒྱུད་ལ་ཡོད་པ། གཞན་དུ་འཚོལ་མི་དགོས་པ། ཡིད་དཔྱོད་ཀྱི་དམིགས་ཡུལ་ལས་འདས་པ། བསྐྱེད་རིམ་གྱིས་གསར་དུ་བཟོས་པ་མ་ཡིན་ལ། རྫོགས་རིམ་གྱི་ཉམས་ཀྱིས་མ་གོས་པ་དེ་རིག་སྟོང་ཆོས་སྐུར་སད་སྟངས་རྨད་དུ་བྱུང་བར་འདུས་ཡོད་ན། བརྡ་ཆད་འདི་ནི་གཙོ་བོ་སྒོམ་པའི་སྐབས་སུ་ཐད་ཀར་དུ་རང་གི་སེམས་ཉིད་འོད་གསལ་ཆོས་སྐུའི་རིག་པར་གོ་བ་ལ་ཤིན་ཏུ་མཁོ་བ་ཡིན་ཏེ། འདི་ནི་དོན་དུ་གཉུག་མའི་སེམས་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས། རང་བྱུང་གི་རིག་པ་དང་གཅིག་ཡིན། ཐ་མལ་ཞེས་པ་ནི་མ་བཅོས་པའམ་རང་སར་གནས་པ་ལ་གོ་སྟེ། སྨན་གཞུང་དུ་དཔེར་ན་རླུང་གི་ནད་གསོ་བ་བཤད་པའི་སྐབས་སུ། རིང་རྒྱུ་མ་རིག་པ་ལས་བྱུང་བའི་འདོད་ཆགས་ཀྱིས་བསྐྱེད་པའི་རླུང་དེ་ནད་ཀྱི་རྒྱུ་ཡིན་ཀྱང་། རྐྱེན་གྱིས་མ་བསྒྱུར་བས་ནད་དངོས་མ་ཡིན་པའི་དུས་རང་བབས་སུ་གནས་པ་ལ་ཐ་མལ་ཞེས་བརྗོད་པ་ལྟར། སེམས་ཀྱི་གནས་ལུགས་རང་བབས་སུ་གནས་པ་ལ། བཟང་རྟོག་ངན་རྟོག་གང་གིས་མ་བསྒྱུར་ཞིང་མ་བཅོས་པ་ལ་ཐ་མལ་ཤེས་པའི་སྒྲ་བཏགས་པ་ཡིན་ཞེས་སྔོན་གྱི་མཁས་པ་དུ་མས་བཞེད། ཐ་སྙད་འདི་ནི་གནའ་ནས་ད་བར་དུ་ཕྱག་རྒྱ་ཆེན་པོའི་བླ་མ་གོང་མ་རྣམས་ཀྱི་གསུང་ལའང་མང་དུ་བྱུང་། འོ་ན་ད་ལྟ་རང་ཅག་གི་རྒྱུད་ལ་ཡོད་པའི་ད་ལྟའི་སེམས་འདི་ལ་ཐ་མལ་གྱི་ཤེས་པའི་ཐ་སྙད་འཇུག་གམ་ཟེར་ན། འདི་ལ་ཞིབ་ཆ་འབྱེད་དགོས་ཏེ། ད་ལྟའི་སེམས་འདི་འདིར་བསྟན་གྱི་ཐ་མལ་གྱི་ཤེས་པ་དང་རང་ལྡོག་མི་གཅིག་ཀྱང་། ད་ལྟར་ཐད་ཀར་དུ་རང་གི་མྱོང་རྒྱུ་ཞིག་ཡོད་པའི་སེམས་འདིིའི་ངོ་བོ་ཇི་བཞིན་དུ་ཧ་གོ་ན་དེ་ནི་ཡེ་གནས་ཆོས་སྐུའི་རིག་པའམ་ཐ་མལ་གྱི་ཤེས་པ་ཡིན་ལ། མ་རྟོགས་ན་གཟུང་འཛིན་འཁོར་བའི་ཕྱོགས་སུ་གཏོགས་པའི་མ་རིག་པའི་རང་བཞིན་ཅན་དེ། ཉོན་མོངས་རྟོག་ཚོགས་ཀུན་གྱི་འབྱུང་ཁུངས་དང་། མ་དག་པའི་ལས་དང་བག་ཆགས་ཀྱི་ཕུང་བོ་ཁུར་མཁན་དེ་ཡིན། རང་ཉིད་སྒྲིབ་ཚོགས་དང་བྲལ་ཚེ། སེམས་འདི་ཉིད་ཆོས་སྐུར་ཤར་ཞིང་། སྒྲིབ་ཚོགས་ཀྱིས་བཀབ་ཚེ་མ་རིག་པའི་དབང་དུ་གྱུར་ནས་ཉོན་མོངས་པ་སྣ་ཚོགས་ཀྱི་རྣམ་པར་འཕྲོ་བ་ཡིན་ཀྱང་། ཉོན་མོངས་པའི་སྒྲིབ་སྐབས་དང་། གྲོལ་སྐབས་ཀྱི་སེམས་གཉིས་ལ་ངོ་བོའི་ཆ་ནས་ཐ་དད་ཅུང་ཙམ་མེད། དེ་གཉིས་ངོ་བོ་དབྱེར་མེད་གཅིག་ཏུ་གནས་པ་ནི། ཆུ་འཁྱག་པས་དར་ཆགས་པ་དང་མ་འཁྱག་པ་གཉིས་ཀྱི་རྣམ་པ་མི་འདྲ་ཡང་། དེ་གཉིས་ངོ་བོ་ཆུ་ཡིན་པར་ཁྱད་མེད་པ་བཞིན་ནོ། །དེས་ན་རིག་ཐོག་ཏུ་མཉམ་པར་བཞག་པའི་རྣལ་འབྱོར་པའི་ངོར་ད་ལྟའི་ཤེས་པ་འདི་ཉིད་ལས་ལོགས་སུ་ཀ་དག་གི་རིག་པ་གསར་བ་ཞིག་གང་དུ་བཙལ་བྱ་མེད་ཀྱང་། སེམས་ཅན་འཁྲུལ་བ་ཅན་གྱི་རྒྱུད་ལ་ཡོད་པའི་ཤེས་པ་ད་ལྟ་བ་དེ་ཉིད་ཉོན་མོངས་པའི་དབང་དུ་གྱུར་བས། དེ་འདིར་བསྟན་གྱི་ཐ་མལ་གྱི་ཤེས་པའི་སར་མི་འགྲོ། དེས་ན་སྔོན་གྱི་བླ་མ་རྣམས་ཀྱིས་སྒྲས་བརྗོད་རིགས་ཀྱི་དབང་དུ་བྱས་ནས། འཁྲུལ་རྟོག་ཐ་མལ་གྱི་ཤེས་པ་དང་། ཉམས་ཞེན་ཐ་མལ་གྱི་ཤེས་པ། འོད་གསལ་འཆར་གཞིའི་ཐ་མལ་གྱི་ཤེས་པ་གསུམ་གྱི་དབྱེ་བ་གནང་། དེ་དང་མཚུངས་པར་བླ་མ་མི་ཕམ་རིན་པོ་ཆེས་ཐ་མལ་གྱི་ཤེས་པ་ལ་ཡང་དག་ཡིན་མིན་གཉིས་ཡོད་པས། སྒྲ་དོན་གྱི་གནད་མ་འཆུག་པར་དེ་དག་གི་ཁྱད་པར་གོ་དགོས་གསུངས། འདོན་ཆ་དང་ཁྲིད་ཡིག་རྣམས་སུ། ཐ་མལ་གྱི་ཤེས་པ་རང་འགག་འགྲོ་ཞེས་པ་དེ་འཁྲུལ་རྟོག་ཐ་མལ་གྱི་ཤེས་པ་ལ་གོ་བ་སོགས་ཞིབ་ཆ་ལེགས་པར་འབྱེད་དགོས་ཀྱི། ལས་དང་པོ་དག་ལ་ལྟ་སྒོམ་གྱི་ཕྱོགས་སུ་ནོར་འཁྲུལ་ཆེན་པོ་འབྱུང་སྲིད། སྒོམ་དང་ངོ་སྤྲོད་སྐབས་སུ། རང་གི་སེམས་འདི་དམིགས་རྩོལ་དང་སྔགས་ལ་སོགས་པས་བཟང་པོར་མི་བསྒྱུར་ལ། ཉོན་མོངས་རྣམ་རྟོག་གང་བྱུང་གི་རྗེས་སུའང་མི་འབྲང་བར་ད་ལྟའི་ཤེས་པ་སོ་མ་ཟང་ཐལ་བ་དེ་ཅི་ལྟ་བ་ཉིད་རང་སར་བཞག་ཚེ། རང་སེམས་གསལ་ལ་མ་འགགས་པ། སྟོང་ཞིང་ཧྲིག་གེ་བ་ཞིག་མྱུར་དུ་མྱོང་རྒྱུ་ཞིག་ཡོད་པ་དེ་ལས་ལྷག་པའི་ཆོས་སྐུའི་རིག་པ་ཟེར་བ་ཞིག་གུད་དུ་མི་བཞུགས། གལ་ཏེ་དེ་ལས་གཞན་དུ་ཆོས་སྐུའི་རིག་པ་ཟེར་བ་བསྐལ་བ་སྟོང་ཕྲག་མང་བོར་བཙལ་ཡང་། རང་གི་མགོ་རང་ལ་ཡོད་པ་ཧ་མ་གོ་བར་ཕྱོགས་ཀུན་ཏུ་ཉུལ་ནས་རང་གི་མགོ་བོ་འཚོལ་བ་དང་འདྲ་བས་རྙེད་པའི་དུས་སྐབས་ཤིག་མི་འབྱུང་། ས་གང་དུ་འགྲོ་མི་དགོས་ཤིང་། དུས་གང་ཡང་སྒུག་མི་དགོས་པར་དེ་ལྟ་བུའི་རང་གི་སེམས་ཀྱི་ཆོས་ཉིད་ད་ལྟའི་སྐད་ཅིག་མར་སྟན་ཐོག་གཅིག་ལ་མངོན་སུམ་དུ་མྱོང་རྒྱུ་ཡོད་པ་འདི་ལ་མ་ཚང་བ་ཅི་ཡང་མེད། མ་རྫོགས་པ་སྤུ་ཙམ་མེད། མ་དག་པ་གང་ཡང་མེད། དེ་ནི་ངེས་པ་དོན་གྱི་ཆོས་སྐུ་ཀུན་ཏུ་བཟང་པོར་བཞུགས། རང་བཞིན་རྣམ་དག་གི་སངས་རྒྱས་ཀྱང་འདི་ལས་གཞན་དུ་མཛུ་གུ་གཏོད་ཡུལ་མེད་སྟབས། ཀུན་མཁྱེན་འཇིགས་མེད་གླིང་པས། གྲངས་མེད་གསུམ་གྱི་སྒུག་ཡུན་བཙོགས་ས་ན་མི་འདུག །སྡོམ་པ་གསུམ་གྱི་ངོ་བོ་རང་རིག་ལ་རྫོགས་སོང་། །ད་ལྟའི་ཤེས་པ་སངས་རྒྱས་རློན་པ་རུ་འདུག་པས།།ཨོ་ལོའི་སེམས་པ་འོད་གསལ་རྫོགས་ཆེན་ལ་ཤོར་སོང་། །ཞེས་གསུངས། ཐ་སྙད་འདི་ནི་རང་རེ་ལམ་ལ་ཞུགས་པའི་གང་ཟག་རྣམས་ཀྱི་རྒྱུད་གཙོ་བོར་བཟུང་ནས་བཞག་པ་ཡིན་པས། དོན་དུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཡིན་ཀྱང་། རྡོ་རྗེ་འཆང་གི་ཐུགས་རྒྱུད་ལ་ཐ་མལ་གྱི་ཤེས་པ་མངའ་ཞེས་སྨྲ་ན་ཅུང་བརྗོད་མི་བདེ་བ་ཡོད། དཔེར་ན་བདེ་བར་གཤེགས་པའི་སྙིང་པོ་ནི་སངས་རྒྱས་དང་སེམས་ཅན་གཉིས་ཀྱི་རྒྱུད་ལ་ཡོད་ཀྱང་། གཙོ་བོར་སེམས་ཅན་གྱི་རྒྱུད་ལ་ད་ལྟར་བཞུགས་བཞིན་པའི་སེམས་ཀྱི་ཆོས་ཉིད་འོད་གསལ་བ། རྐྱེན་ཕུན་སུམ་ཚོགས་པ་འདུས་ཚེ་རྟོགས་རུང་ལ་མངོན་དུ་འགྱུར་རྒྱུ་ཞིག་ཡོད་པའི་ཆ་ལ་གོ་འོས་སྟབས། མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ལ་ཡོངས་ལ་ཁྱབ། །ཞེས་གསུངས། དེའི་ཕྱིར་བདེ་གཤེགས་སྙིང་པོས་རིགས་དྲུག་གི་འགྲོ་བ་ཡོངས་ལ་ཁྱབ་ཅེས་སྨྲ་ན་རྣ་བར་སྙན་པོ་དང་། བདེ་གཤེགས་སྙིང་པོས་སངས་རྒྱས་རྣམས་ལ་ཁྱབ་ཟེར་ན་རྣར་མི་སྙན་པའི་རྒྱུ་མཚན་ཡང་དེ་ལ་ཐུག །དེས་ན་ཡུན་རིང་བོར་ལམ་ལ་རིམ་གྱིས་བགྲོད་ནས་མ་འོངས་པའི་དུས་ཁོ་ནར་མངོན་དུ་གྱུར་པའི་ཆོས་ལྟ་བུ་མ་ཡིན་པར། བཙན་ཐབས་ཀྱི་སྒོ་ནས་ད་ལྟ་ཉིད་དུ་གདན་མ་བརྗེས་ཤིང་ས་མ་སྤོས་བཞིན་དུ། ཐ་མལ་གྱི་ཤེས་པ་ཀ་དག་རང་བྱུང་གི་རིག་པ་དེ་ཉིད་རང་ངོར་སད་པའི་རྟེན་འབྲེལ་ཡོད་པས་ན། སྙིང་ཐིག་བསྟན་པའི་སྒྲོན་མེ་ཆེན་པོ་དཔལ་སྤྲུལ་ཚང་གིས། ཐལ་བྱུང་བློ་རྡེག་ཕཊ་ཅིག་བརྒྱབ། །དྲག་ལ་ངར་ཐུང་ཨེ་མ་ཧོ། །ཞེས་གསུངས་པ་ལྟར། རང་ཉིད་གདན་ཐོག་ཏུ་སེམས་ཉིད་ངལ་གསོའི་ཕྱག་རྒྱ་དང་བཅས་ཙམ་ལྷོད་པོར་འདུག་ནས། གཞན་རྩ་རླུང་ཐིག་ལེའི་གནད་དུ་དམིགས་ཀྱིས་བསྣུན་པ་དང་། བྱེད་བཅིངས་སོགས་ཀྱི་རྩོལ་བ་ལོགས་སུ་བྱེད་མི་དགོས་པར། གློ་བུར་ཕཊ་སྒྲ་དྲག་པོ་བརྒྱབ་ཚེ། སྔར་གྱི་རྣམ་རྟོག་རྣམས་འགག ། ཕྱི་མ་རྣམས་མ་སྐྱེས། ད་ལྟའི་ཤེས་རིག་ས་ལེ་བ། ཧྲིག་གེ་བ། ཡོད་ཟེར་ན་ངོས་འཛིན་ས་མེད། མེད་ཟེར་ན་གསལ་བའི་རང་བཞིན་ཅན་དེ་ཐ་མལ་གྱི་ཤེས་པ་ཡིན་ཏེ། སྐབས་དེེར་ལུས་ཀྱིས་རྩོལ་བ་དང་། སེམས་ཀྱིས་དཔྱད་པ་སོགས་ཀྱི་སྣོན་མ་མི་དགོས་པར། གཟུང་འཛིན་གྱི་འབྲེལ་ཐག་རང་སར་ཆད། ཡུལ་མེད་ཟང་ཐལ་རིག་པའི་རང་ཞལ་མཐོང་སྟེ། བཞི་ཆ་གསུམ་བྲལ་གྱི་རིག་པ་ཐད་ཀར་དུ་ཚིག་དང་རྣམ་རྟོག་གི་ཡོལ་བས་མ་བསྒྲིབས་པར། ཁ་ནང་དུ་བུ་རམ་གྱི་རོ་མྱོང་བ་ལྟར་མྱོང་བ་ཡིན། རྫོགས་ཆེན་གྱི་རྣལ་འབྱོར་པ་རྣམས་ཀྱིས་བླ་མའི་མདུན་ནས་གདམས་ངག་ཞུས་ནས་རིག་ངོ་འཕྲོད་སོང་ཟེར་བའང་དོན་དུ་རང་བཞུགས་སེམས་ཀྱི་གནས་ལུགས་ད་ལྟའི་ཐ་མལ་གྱི་ཤེས་པ་ཉིད་མངོན་སུམ་དུ་མྱོང་བ་ལ་གོ །རང་ཅག་གིས་སྐྱེ་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བདེ་སྡུག་གི་རྣམ་གྲངས་སྣ་ཚོགས་མྱངས། ནང་ལ་དགེ་སྡུག་གི་རྟོག་ཚོགས་གྲངས་མེད་པ་འཆར་ཡང་། དུས་ཀུན་དུ་སེམས་ཀྱི་རང་བཞིན་འོད་གསལ་བའི་གཤིས་ལ་དྲི་མས་རྡུལ་ཙམ་ཡང་མ་བསླད་པར། རང་གཞན་སེམས་ཅན་ཀུན་གྱི་རྒྱུད་ལ་ཁྱད་མེད་པར་ཁྱབ་བརྡལ་དུ་གནས། ཡ་གི་སངས་རྒྱས་ཀྱི་ཐུགས་རྒྱུད་ལའང་དེ་བཞུགས་ཤིང་། མ་གི་སྲིན་བུ་པད་མའི་རྒྱུད་ལ་དེ་བཞུགས་པ་མ་ཟད། སྔོན་གྱི་སྨོན་ལམ་དང་རྟོགས་ལྡན་གྱི་བླ་མ་འཕྲད་པ་སོགས་རྒྱུ་རྐྱེན་འཛོམས་ན་ད་ལྟ་ཉིད་དུ་རྟོགས་འོང་བ་ཡོད། མ་རྟོགས་པར་བསྐལ་བའི་བར་དུ་གནས་ཀྱང་དེ་ལ་ཉམས་འགྲིབ་འགྲོ་རུ་མེེད་ཅིང་། རྐྱེན་གང་གིས་འཇིག་ཏུ་མི་ནུས་པ་རྡོ་རྗེའི་ཆོས་བདུན་གྱི་རང་བཞིན་ཅན་དེ་ཉིད་ལ་མིང་གི་རྣམ་གྲངས་ཤིན་ཏུ་མང་ཡང་། དོན་དུ་སེམས་ཀྱི་ཆོས་ཉིད་འཕོ་འགྱུར་མེད་པ་དེ་ཀ་ཡིན་པས། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས། དེ་ད་ལྟ་མངོན་དུ་མཇལ་ཚེ་ཐ་མལ་གྱི་ཤེས་པ་འདི་ལས་གཞན་པའི་ཡ་མཚན་པའི་ཆོས་ཤིག་ཅི་ཡང་ངོས་འཛིན་རྒྱུ་མེད། དེས་ན་ཐ་མལ་གྱི་ཤེས་པ་ཟེར་བ་འདིའང་རང་བྱུང་གི་ཡེ་ཤེས། གཉུག་མའི་སེམས། ཀ་དག་གི་རིག་པ། བདེ་བར་གཤེགས་པའི་སྙིང་པོ་རྣམས་དང་དོན་གཅིག་མིང་གི་རྣམ་གྲངས་ཙམ་ལས་མ་འདས། འོན་ཀྱང་ཐ་མལ་གྱི་ཤེས་པ་དེ་དོན་དུ་རང་བྱུང་གི་ཡེ་ཤེས་དང་དོན་གཅིག་དུ་སོང་ཡང་། སྔར་གོང་དུ་བཤད་པ་ལྟར། ཡོངས་གྲགས་སུ་སངས་རྒྱས་ཀྱི་རྒྱུད་ལ་བདེ་བར་གཤེགས་པའི་སྙིང་པོ་ཡོད་ཅེས་མི་ཟེར་བ་བཞིན་དུ། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་རིག་པ་ལ་ཐ་མལ་གྱི་ཤེས་པའི་ཐ་སྙད་འདོགས་ཚེ་རྣར་མི་སྙན་པ་ཡོད་དེ། ཐ་མལ་གྱི་ཤེས་པ་ཞེས་པ་ནི་རང་ཅག་ལྟ་བུའི་གང་ཟག་སློབ་ལམ་པ་གཙོར་བཟུང་ནས། དེས་ད་ལྟ་ཉིད་དུ་བླ་མའི་གདམས་ངག་དང་བཞག་ཐབས་སོགས་ལ་བརྟེན་ནས། ད་ལྟར་མྱོང་བཞིན་པའི་ཤེས་པ་ཁོ་ན་ཉིད་ལ་བཅས་བཅོས་མི་བྱེད་པར་རང་སར་བཞག་ཏེ། ཐབས་དང་རྩོལ་བ་སྣ་ཚོགས་ལ་མི་ལྟོས་པར། ཀ་དག་གི་རིག་པ་དེ་ཉིད་རང་གི་སེམས་ཉིད་ལས་གཞན་དུ་མི་གནས་པར། ད་ལྟ་ཉིད་དུ་རང་ལ་རང་ཆས་ལྷུན་གྲུབ་དུ་ཡོད་པ་མངོན་སུམ་དུ་མཐོང་བ་ཞིག་ལ་གོ ། དོན་འདི་དང་མཐུན་པར། ཀརྨ་གླིང་པའི་ཟབ་གཏེར་ལས། ད་ལྟའི་ཤེས་རིག་མ་འགགས་ས་ལེ་བཿ ཀུན་བཟང་གདོད་མའི་མགོན་པོ་དེ་ཀའོཿ ཅིར་ཡང་མ་གྲུབ་སྟོང་དབྱིངས་ཀུན་བཟང་མོཿ དེ་ཉིད་རྟོགས་ན་སྐད་ཅིག་རྫོགས་འཚང་རྒྱཿ ཞེས་གསུངས། ཨེ་མ་སེམས་ཀྱི་ཆོས་ཉིད་འོད་གསལ་བའི་ཡེ་ཤེས་ཉིད་ནི་འདུས་མ་བྱས་པའི་རང་བཞིན་དུ་གནས་པ་ལ། དེ་ནི་ཐོག་མཐའ་བར་གསུམ་གྱི་དབྱེ་བ་མེད་པར། སྐྱེ་འགག་འགྲོ་འོང་གི་འཕོ་འགྱུར་བྲལ་བཞིན་དུ་ངོ་བོ་ཡེ་གྲོལ་གདོད་མའི་གཞི་ཀློང་ཆེན་པོར་བཞུགས་པ་ལ། ཉི་མ་སྤྲིན་གྱིས་བསྒྲིབས་པ་ལྟར་དུ། ཉོན་མོངས་རྟོག་ཚོགས་གློ་བུར་བས་མི་མངོན་པར་བྱས་ཀྱང་། དེའི་ངོ་བོ་ལ་ཅུང་ཟད་བསླད་པ་མེད་པར་འོད་གསལ་བའི་ངང་དུ་བཞུགས་ཡོད་པས། དོན་དུ་སེམས་ཟེར་བ་ད་ལྟ་ང་ཚོའི་ཐད་ཀར་དུ་མྱོང་རྒྱུ་ཡོད་པ། རྣམ་རྟོག་སྣ་ཚོགས་པའི་ཕུང་པོ་ཅན་འདིའི་ངོ་བོ་ནི་ཀ་དག་ཟང་ཐལ་གྱི་རིག་པ་རྣལ་མ་ལས་མ་འདས་པས། མདོ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས། འོ་ན་ཤེས་རབ་ཀྱི་དྲན་ཆ་དང་བྲལ་བའི་ད་ལྟ་དུག་གསུམ་གྱི་དབང་དུ་གྱུར་བའི་སེམས་རིག་རིག་འགྱུ་འགྱུ་འཁྲུག་འཁྲུག་འཁྲུལ་བ་ཅན་འདི་འདིར་བསྟན་ཐ་མལ་གྱི་ཤེས་པ་ཡིན་ནམ་ཞེ་ན། ག་ལ་ཡིན་ཏེ། གཞན་དུ་འཇིག་རྟེན་གྱི་སྐྱེ་བོ་ཕོ་མོ་རྒན་གཞོན་ཐམས་ཅད་རྒྱུད་ལ་ཉིན་མཚན་གང་བོར་ཞེ་སྡང་ཕྲག་དོག་དང་སྔོན་བསུ་རྗེས་དཔྱོད་ཀྱི་རྣམ་རྟོག་ཆུ་ལས་ཆུ་བུར་བརྡོལ་བ་ལྟ་བུ་ཡོད་པ་ཐམས་ཅད་ཆོས་ཉིད་འོད་གསལ་གྱི་དྲན་པ་དང་ལྡན་པ་ཐལ་བས། དེ་ཚོས་དུས་རྒྱུན་དུ་ཟག་མེད་ཀྱི་དགེ་བར་བསགས་པར་ཐལ་བ་དང་། རིག་ཐོག་ཏུ་མ་ཡེངས་པར་བསྡད་ཡོད་པར་ཐལ་བར་འགྱུར་བ་སོགས་ཀྱི་སྐྱོན་ཡོད་པས། འདི་ལྟའི་དོགས་པ་ནི་གང་ཟག་བློ་གྲོས་ལྡན་པ་སུ་ལའང་མི་འབྱུང་། དེས་ན་ཆོས་ཉིད་ཟང་ཐལ་གྱི་རིག་པ་ལ་ཐ་མལ་གྱི་ཤེས་པ་དང་། སྤྱིར་རྣམ་རྟོག་ལས་མ་འདས་པའི་སེམས་ཀྱི་འགྱུ་བ་ལ་ཐ་མལ་གྱི་ཤེས་པར་འདོགས་ཀྱང་དེ་གཉིས་ཀྱི་ཁྱད་པར་གནམ་ས་ལས་ཀྱང་རྒྱང་རིང་བ་ཀུན་གྱིས་ཤེས་པར་བྱ་འོས་ཏེ། འཇིགས་མེད་གླིང་པས། ཐ་མལ་གྱི་ཤེས་པ་ནི་ད་ལྟའི་ཤེས་པ་སྐྱོན་ཡོན་གང་གིས་ཀྱང་མ་བསླད་པའི་རང་བབས་འདི་ཀ་རིག་པའི་རྒྱུན་གྱིས་སྐྱོང་བ་ལ་ཟེར་བ་མ་གོ་བར། འཇིག་རྟེན་ཐ་མལ་གྱི་རྣམ་རྟོག་རང་རྒྱུད་པ་ལ་ངོས་འཛིན་པ་ནོར་ཞེས་གསུངས། སྤྱིར་རང་ཅག་གི་རྒྱུད་ལ་ད་ལྟར་གནས་བཞིན་པའི་སེམས་འཁྲུལ་བ་ཅན་འདི་ལ་ཐ་མལ་གྱི་ཤེས་པའི་ཐ་སྙད་འཇུག་པས། ཐ་སྙད་འདིའི་དོན་ནི་སྐབས་ཐོབ་དང་བསྟུན་ནས་གོ་དགོས་ཀྱི། གཞན་དོན་མེད་དུ་གོ་ནོར་དང་རྩོད་རྙོག་སྣ་ཚོགས་པ་འབྱུང་བར་འགྱུར། མདོར་ན་ཐ་སྙད་འདིའི་དོན་དངོས་ནི་སྔགས་བླ་མེད་དུ་གསུངས་པའི་གཉུག་མའི་སེམས་དང་། སེམས་ཀྱི་རྡོ་རྗེ། ཀ་དག་ཆོས་སྐུའི་རིག་པ་ཟེར་བའི་མིང་ཆེན་པོ་དང་། སྒྲ་རྫིག་པོ་དག་གཞན་དུ་འཚོལ་མི་དགོས་པར། བླ་མ་དམ་པའི་གདམས་ངག་ལ་བརྟེན་ནས། ད་ལྟ་སྟན་ཐོག་འདི་ཉིད་དུ་རང་གི་སེམས་ཀྱི་ཆོས་ཉིད་ཇི་བཞིན་གནས་པ་ངོ་འཕྲོད་རྒྱུ་ཡོད་པ་ཞིག་ལ་འགྲེལ་དགོས། ཆོས་ཉིད་ཀྱི་རིག་པ་དེ་ད་ལྟར་རང་རྒྱུད་ལ་ཡོད་པའི་སེམས་ཧྲིག་ཧྲིག་པོ་འདིའི་ངོ་བོ་ལས་གཞན་དུ་མ་མཆིས་པས། བཅས་བཅོས་དགག་སྒྲུབ་སེམས་འཛིན་སོགས་ཀྱི་རྩོལ་བ་ཕར་གཡུགས་ཤིང་། བསྒོམ་བྱ་སྒོམ་བྱེད་ཀྱི་མཚན་མའི་མདུད་པ་རང་སར་ཀློད་དེ། ཆུ་རང་སར་བཞག་པས་རང་དྭངས་སུ་འགྲོ་བ་ལྟར། སེེམས་རང་སར་བཞག་ཚེ་དེ་ཉིད་ཀྱི་ངོ་བོ་ཆོས་སྐུའི་རིག་པ་རང་མཐོང་དུ་འགྲོ་ལ། གཞན་དུ་ཆོས་སྐུའི་རིག་པ་ཟེར་བ་དེ་ཡུལ་གཞན་ཞིག་དང་དུས་གཞན་ཞིག་ཏུ་རྟོགས་བྱ་དང་མྱོང་བྱར་ཡོད་པའི་འབྲས་བུ་མཐོན་པོ་ཞིག་ཏུ་རློམ་ནས་སྒོམ་ན། ཚེ་འདིར་གྲུབ་མཐར་སྙེགས་པའི་སྐལ་བ་ཤིན་ཏུ་ཕྲ་བར་ཟད་ནས། ཀ་དག་གདོད་མའི་བཙན་རྫོང་དུ་འཕོ་མེད་ཆོས་སྐུའི་གོ་འཕང་ལ་རོལ་བའི་སྐལ་བ་རྨི་ལམ་གྱི་ཡུལ་ཙམ་དུ་འགྱུར། གནད་འདི་ལ་དགོངས་ནས། འཇམ་མགོན་མི་ཕམ་པས། ཡེ་ནས་གནས་ཕྱིར་རྩོལ་བས་བསྒྲུབ་པ་དང་། །དབང་པོའི་ཁྱད་པར་སོགས་ལ་མི་ལྟོས་ཀྱང་། །སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང་། །བླ་མའི་མན་ངག་སྟོབས་ཀྱིས་མཐོང་གྱུར་ཅིག ། ཅེས་གསུངས། སྔོན་གོང་མ་རྣམས་ཀྱི་ཞལ་རྒྱུན་ལ། བླ་མ་བྱིན་རླབས་ཚད་ལྡན། བརྒྱུད་པ་མན་ངག་ཚད་ལྡན། སློབ་མ་མོས་གུས་ཚད་ལྡན་གསུམ་འཛོམས་ན། རྫོགས་པ་ཆེན་པོའི་ལྟ་བ་རྟོགས་པའི་རྒྱུ་རྐྱེན་མ་ཚང་བ་མེད་པའི་རྟེན་འབྲེལ་ཤར་བ་ཡིན་པར་གསུངས་པ་བཞིན། སློབ་མ་དད་ལྡན་ཞིག་གིས་བླ་མ་རྟོགས་པར་མངའ་བརྙེས་ཤིང་གནས་ལུགས་ངོ་སྤྲོད་ལ་མཁས་པ་ཞིག་དང་འཕྲད་ཚེ། སེམས་ཀྱི་གནས་ལུགས་ཟང་ཐལ་གདོད་མའི་རིག་པ་ཉིད་ཐད་ཀར་དུ་མཇལ་བར་དཀའ་བ་ཆེ་སྤྱད་མི་དགོས། ཐོས་བསམ་སློབ་གཉེར་གྲངས་མང་བ་མི་མཁོ། མན་ངག་ཟབ་མོ་རེ་དང་། བརྡ་དང་ཐབས་ཐོལ་བྱུང་ཙམ་གྱིས་ཆོག་པ་ཡོད། སྔོན་བླ་མ་ཞིག་གིས་སློབ་མ་དུ་མར་རྫོགས་ཆེན་སེམས་ཁྲིད་གནང་སྐབས། དེ་དག་གི་ནང་ནས་སློབ་མ་གཅིག་ལ་རིག་ངོ་གཏན་ནས་མ་འཕྲོད་པས་མི་དེ་སེམས་ཧ་ཅང་སྐྱོ་ནས་བསྡད། ཐེངས་ཤིག་ལ། བླ་མས་སློབ་མ་ལ། ངའི་ཁང་པའི་ནང་གི་ནས་སྒྱེ་གཅིག་ཕྲག་པར་ཁུར་ནས། ངལ་མ་གསོ། ཕྱིར་བལྟས་མ་བྱེད་པར་ཡར་རིའི་རྩེ་ལ་རྒྱུགས་ཤིག་གསུངས་པ་ན། ཁོ་དད་པ་ཅན་ཞིག་ཡིན་སྟབས། བླ་མས་གསུངས་པ་བཞིན་དུ། ནས་སྒྱེ་ལྗིད་པོ་ཞིག་ཕྲག་པར་ཁུར་ནས་ཡར་སྒང་ལ་རྒྱུགས་ཚེ། བར་སྐབས་ཅིག་ལ་ལུས་ཤུགས་ཟད་དེ། མར་ཐང་ལ་འགྱེལ་བ་ན། རྣམ་རྟོག་བཟང་ངན་ཐམས་ཅད་ཡལ་བའི་ཤེས་པ་ས་ལེ་ཟང་ཐལ་ལེ་བ་ཞིག་མྱངས་ནས། ད་གཟོད་རིག་ངོ་འཕྲོད་སོང་རབས་ཡོད། རྫོགས་ཆེན་གདམས་ཁྲིད་ཀྱི་བརྒྱུད་པ་མང་བོ་ཞིག་བོད་ལ་བཞུགས་ཀྱང་། ཁ་ཤས་ནི་བརྒྱུད་པའི་བྱིན་རླབས་ཡལ་ནས་གང་ཟག་གྲོལ་བའི་ནུས་པ་ཉམས་ནས་ཡོད། འོན་ཀྱང་ཁྲག་འཐུང་བདུད་འཇོམས་གླིང་པ་ནི་གུ་རུ་པདྨ་དངོས་ཡིན་པས། ཁོང་གི་སློབ་རྒྱུན་ནང་ལ་འཇའ་ལུས་ཆོས་སྐུ་གྲུབ་པ་དང་། རིག་འཛིན་གྱི་གོ་འཕང་མངོན་དུ་བརྙེས་པ་ཧ་ཅང་མང་། དེང་སང་དུས་ཀྱི་མཐའ་མ་འདིར་སྐྱེ་བོ་རྣམས་ཉོན་མོངས་པའི་དུག་གིས་ཤིན་ཏུ་བཟི་སྐབས། བརྒྱུད་པའི་མན་ངག་གི་མཛོད་འཆང་བའི་བླ་མ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་བཟང་བོ་རེའི་མདུན་ནས། གཏེར་ཆེན་ཉིད་ཀྱི་ཟབ་ཆོས་རྣམས་ཉམས་སུ་ལེན་པའི་སྐལ་བ་རེ་བྱུང་ན། རྟོགས་གྲོལ་གྱི་དངོས་གྲུབ་ཐོབ་པ་ལ་ཐེ་ཚོམ་མི་དགོས་སོ། །མདོར་ན་ཐ་མལ་གྱི་ཤེས་པ་འདིའི་ཐོག་ཏུ་རྫོགས་པ་ཆེན་པོ་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དགོངས་དོན་གྱི་གནད་ཐམས་ཅད་གཏན་ལ་འབེབས་ནུས་པ་མ་ཟད། འདི་གཅིག་པུ་ངོ་ཤེས་ཚེ། ཡིད་དཔྱོད་ཀྱི་གོ་བ་སྐམ་པོ་དང་ཐ་སྙད་ཚིག་གི་རོ་ཙམ་ལ་འཁྲིལ་བ་མ་ཡིན་པར། ལྕེ་ཐོག་ཏུ་བུ་རམ་གྱི་རོ་མྱོང་བ་ལྟར་ཀ་དག་གདོད་མའི་རིག་པ་མངོན་སུམ་ཉམས་སུ་མྱོང་རྒྱུ་ཡོད། དེའི་ཚུལ་ཡང་ད་ལྟའི་སེམས་འདིའི་ངོ་བོ་འོད་གསལ་བ་ཡེ་ནས་ཆོས་སྐུར་བཞུགས་པས། གནས་ལུགས་གུད་དུ་མི་འཚོལ་བར། སེམས་ཀྱི་ངོ་བོ་སྟོང་གསལ་རང་རིག་ཐ་མལ་གྱི་ཤེས་པ་དེ་ད་ལྟ་ཉིད་དུ་ཐད་ཀར་དུ་རྟོགས་ཏེ། ངོ་རང་ཐོག་ཏུ་འཕྲོད། དེ་ལས་གཞན་དུ་ཀ་དག་ཆོས་སྐུའི་རིག་པ་ཞིག་རྩོལ་བའི་བསྒྲུབ་བྱ་དང་བློ་ཡི་བརྟག་བྱར་ཡོད་པ་ཅི་ལྟར་གཞིགས་ཀྱང་མ་མཆིས་པར་ཧ་གོ་ཚེ། སེམས་ཀྱི་གདར་ཤ་ཆོད། མཐར་ཐུག་གི་དགོངས་པ་རྣལ་མ་མངོན་དུ་གྱུར། ཆོས་ཉིད་ལས་འགྲོ་ས་གཞན་མེད་པར་གོ །སེམས་ཀྱི་གནས་ལུགས་ཉག་གཅིག་ཐིག་ལེ་ཆེན་པོའི་དོན་ལ་ཐེ་ཚོམ་མེད་པར་ངེས་ཤེས་འགྱུར་བ་མེད་པ་འཁྲུངས། སྣང་བ་ཐམས་ཅད་ཆོས་སྐུ་གཅིག་པུའི་རོལ་བར་ཤེས། ཆོས་སྐུ་ཉིད་ཀྱང་མཐར་ཐུག་རང་སེམས་ས་ལེ་བ་ཟང་ཐལ་གཉུག་མའི་ཤེས་པའམ། ད་ལྟའི་ཐ་མལ་གྱི་ཤེས་པ་ཁོ་ན་ཉིད་ལས་མེད་པར་གཏན་ལ་ཕབ་སྟེ། ཐག་གཅིག་ཐོག་ཏུ་བཅད། མཉམ་རྗེས་གང་གི་སྐབས་སུའང་བཟང་ངན་དགེ་མི་དགེའི་རྣམ་རྟོག་ཅི་ཤར་ཡང་། དེ་དག་ལ་དགག་སྒྲུབ་མི་བྱེད་ཅིང་། རང་སེམས་རང་བབས་སུ་བཞག་ཚེ། གཉེན་པོ་ལོགས་སུ་བརྟེན་མི་དགོས་པར། ནམ་མཁའ་རུ་འཇའ་རང་ཤར་རང་དེངས་དང་། རྒྱ་མཚོའི་རླབས་རྒྱ་མཚོའི་ཀློང་ལས་འབྱུང་ཞིང་དེར་ཐིམ་པ་བཞིན། རྣམ་རྟོག་རྗེས་མེད་ངང་གིས་གྲོལ་ཚེ། གཟའ་གཏད་མེད་པས་མཚན་མའི་སྒྲོག་ལས་གྲོལ། སྒོམ་བྱའི་ཡུལ་གྱི་སྤྲོས་པ་ཞི། སྒོམ་མཁན་གྱི་ངོ་བོ་དབྱིངས་སུ་ཟད། འདི་སྒོམ་གྱི་ཞེན་པ་རྩད་ནས་ཡལ་ཏེ། ཡེ་ནས་གྲོལ་ཟིན་པའི་སེམས་ཀྱི་ཆོས་ཉིད་ཀ་དག་གདོད་མའི་དབྱིངས་ཉིད་ལ་ཉམས་མྱོང་རྟོགས་པ་རྣལ་མའི་གདིང་ཐོབ་པས། ད་གཟོད་གདིང་གྲོལ་ཐོག་ཏུ་བཅའ་ནུས། མཐར་ཐུག་ན་དོན་དམ་བདེན་པ་ཆོས་སྐུའི་གནས་ལུགས་འོད་གསལ་བ་དེ་ཐ་མལ་གྱི་ཤེས་པ་ཡིན་པར་ངོས་བཟུང་ནས། སྒོམ་མེད་ཏིང་ངེ་འཛིན་གྱི་རོ་མ་མྱོང་བར་དུ། དེ་ལས་ལོགས་སུ་གྱུར་པའི་ཡུལ་ཆོས་དབྱིངས་དང། བདག་མེད་དང་། སྟོང་པ་ཉིད་བྱ་བ་བསྒོམས་ནས། འབྲས་བུ་ཆོས་སྐུ་གཞན་དུ་གནས་པ་ཞིག་རྩོལ་བས་སྒྲུབ་པ་ནི་སྟོང་པ་ཉིད་ལམ་དུ་ཤོར་བ་ཞེས་གཞུང་དག་ཏུ་གོལ་ས་ལས་མ་འདས་པར་བསྟན། རང་གནས་གཉུག་སེམས་དེ་ཉིད་མ་རིག་པའི་དབང་གིས་ངོ་བོའི་བསྐལ་དོན་དུ་མ་སོང་བར་ཐད་ཀར་མཇལ་ཚེ། ད་གཟོད་ཆོས་ཉིད་དོན་གྱི་ལྷག་མཐོང་མངོན་དུ་གྱུར་བ་ཡིན་པས། དེ་ལ་བདུད་འཇོམས་པའི་ཤེས་རིག་རྣོན་པོའི་རྒྱུད་ཀྱི་ལེའུ་གཉིས་པར་ལྷག་མཐོང་བསྟན་སྐབས་སུ། ཤེས་རབ་རྡོ་རྗེ་རྣོན་པོ་མངོན་གྱུར་ནསཿ ཞེས་གསུངས། འདིར་བསྟན་གྱི་ཤེས་རིག་རྡོ་རྗེ་རྣོན་པོ་ནི་ད་ལྟའི་རིག་སྟོང་ཐ་མལ་གྱི་ཤེས་པར་གོ་ཞིང་། དེ་ཉིད་མངོན་སུམ་དུ་རྟོགས་པ་ནི་ལྷག་མཐོང་གི་མཆོག་ཏུ་སོང་བས། རྒྱུ་མཚན་ཉིད་ཐེག་པའི་ལམ་ནས་འགའ་ཞིག་གིས་ཆོས་ཉིད་ཡུལ་ཅན་དུ་བཟུང་ནས། ཡིད་དཔྱོད་བློ་ཡིས་ཕར་དཔྱད་ནས་རྟོགས་པར་རློམ་པའི་བསམ་བྱུང་དང་སྒོམ་བྱུང་གི་ལྷག་མཐོང་བྱ་བ་དག་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་བཟང་། དེ་ལྟར་མ་རིག་པའི་གཞི་ལས་འཕགས་པའི་ཤེས་རིག་ལྷག་མཐོང་ཆེན་པོ་ནི་ལམ་གྱི་རིག་པར་བཏགས་ཀྱང་། དོན་དུ་དེ་ཉིད་གཞི་ཀ་དག་ཆེན་པོའི་ཀློང་དང་དབྱེར་མེད་དུ་འདྲེས་ཚེ། ཆུ་ལ་ཆུ་ཐིམ་པ་ལྟར་འབྲས་བུའི་རིག་པ་དང་ཐ་མི་དད་པར་གནས་ཏེ། དེའི་ཀློང་དུ་ལྟ་སྒོམ་སྤྱོད་པ་དང་། གཞི་ལམ་འབྲས་བུའི་ཆོས། མཆོག་གསུམ་རྩ་གསུམ། ལྷ་སྔགས་ཐམས་ཅད་རྫོགས་པས་གཞིར་གནས་ཀུན་ཏུ་བཟང་པོའི་ཐུགས་ཀྱི་དཀྱིལ་འཁོར་རང་ངོར་སད་པ་ཡིན་ཏེ། རྒྱུད་དེ་ཉིད་ལས། ལྟ་སྒོམ་སྤྱོད་པ་གཞི་ལམ་འབྲས་བུའི་ཆོསཿ སྐྱབས་སེམས་ཕར་ཕྱིན་དྲུག་དང་ལྷ་སྔགས་དལཿ མ་ལུས་རྡོ་རྗེ་རྣོན་པོར་གཅིག་དྲིལ་རྫོགསཿ ཞེས་གསུངས་སོ། །སྤྱིར་རིག་པ་མངོན་སུམ་དུ་རང་ངོར་སད་ཐབས་འདི་ཁོ་ནའོ་ཞེས་མཐའ་གཅིག་ཏུ་ཐག་མི་ཆོད་དེ། དབང་བོ་ཤིན་ཏུ་རྣོ་བའི་གང་ཟག་གཅིག་གིས་བླ་མས་བརྡ་དང་། གཟིགས་སྟངས། ཐོལ་བྱུང་གི་རྡོ་རྗེའི་ཚིག་སོགས་བསྩལ་ཚེ། ཐད་ཀར་དུ་ཆོས་ཉིད་ཀྱི་རིག་པ་རྗེན་པར་མཇལ་བའམ། ཡང་ན་དབང་བོ་འབྲིང་གིས་སེམས་བཙལ་བ་དང་། བྱ་བ་དགུ་སྤྲུགས་བཏང་ནས་སེམས་རང་སར་ལྷུག་གེར་བཞག་པས། ནམ་ཞིག་ན་ཐ་མལ་གྱི་ཤེས་པ་རྩོལ་མེད་རང་ཤུགས་ཀྱིས་མྱོང་བའམ། དབང་བོ་མི་རྣོ་བ་རྣམས་ཀྱིས་དང་བོར་མཚན་བཅས་དང་མཚན་མེད་ཀྱི་ཞི་གནས་ལ་བསླབ། དེ་ནས་རྫོགས་པ་ཆེན་པོའི་ལྟ་བར་གཞིར་བཟུང་ནས་ལྷག་མཐོང་བསྒོམས་ཚེ། མ་རིག་པའི་འཆིང་རྒྱ་ཇེ་ལྷོད་དུ་སོང་ནས། ནམ་ཞིག་ལ་རིག་པ་མངོན་སུམ་དུ་མཇལ་སྲིད་པ་ཡོད། ཡང་སྒོམ་གྱི་སྐབས་སུ། རྟོག་མེད་ཧུར་ཐུམ་ཀུན་གཞི་ལུང་མ་བསྟན་པའི་ངང་དུ་གནས་པ་ན། གསལ་ཆ་ལྷག་མཐོང་དང་བྲལ་ཀྱང་། གལ་ཏེ་གློ་བུར་དུ་གནས་མཁན་གྱི་སེམས་དེའི་ངོ་བོ་ལ་བལྟས་ཚེ། གཉིད་བཞིན་པའི་མིའི་གདོང་པ་ལ་ཆུ་བཏབ་པ་བཞིན་དུ། ཀུན་གཞིའི་མལ་ལས་དེ་མ་ཐག་དུ་སད་ནས། སྐད་ཅིག་གིས་ཐ་མལ་གྱི་ཤེས་པ་རིག་པ་ཟང་ཐལ་དུ་གནས་པ་དེ་དང་རང་སེམས་གཉིས་ཀྱི་བར་ལ་སྒྲིབ་ཡོལ་ཕྲ་བ་ཙམ་ཡང་མེད་པར་མངོན་སུམ་རྗེན་མཇལ་གཅེར་མཐོང་དུ་འགྲོ་ནུས་པས། དེ་གོང་མ་རྣམས་ཀྱིས་མ་རིག་སྒོ་ངའི་སྦུབ་འབྱེད་པའི་མན་ངག་ཅེས་འབོད་པར་མཛད། སྒོམ་ཆེན་རྣམས་ཀྱིས་གོལ་ས་ཕྲ་བ་ཤིན་ཏུ་མང་བས་དེའི་གསེབ་ཏུ་མི་ཤོར་བ་དགོས་སྟེ། གསལ་བ་དང་སྟོང་བའི་ཉམས་སོགས་ཤར་ཚེ་འདི་ཐ་མལ་གྱི་ཤེས་པའོ་སྙམ་པའི་འཛིན་ཞེན་ཅན་དག་ནི། རིག་པ་དངོས་ནི་ད་དུང་ཉམས་དང་ཉམས་ཞེན་རྣམ་རྟོག་གིས་བཀབ་པས། དེ་མཐོང་བྱུང་སྙམ་པ་ཡོད་ཀྱང་། དོན་དུ་ར་གན་ལ་ལག་པས་འཇུས་ནས་གསེར་ཡིན་པའི་འདུ་ཤེས་འཛིན་པ་ཙམ་ལས་མ་འདས། མདོར་ན་ཐ་མལ་ཤེས་པ་འདི་རྗེན་པར་མཐོང་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་དོན་སྙིང་རྟོགས་ཟིན་ལ། འདི་མ་རྟོགས་ན་མདོ་སྔགས་ཀྱི་གཞུང་ཐམས་ཅད་བློ་ཐོག་ནས་འཆད་ནུས་རུང་། ད་དུང་རྒྱལ་བའི་གསུང་རབ་ཡོངས་ཀྱི་གནད་འགག་གཅིག་པུ་འོ་མའི་ཡང་སྙིང་མར་འདྲ་བ་དེ་མ་རྟོགས་པས་ཡིད་རེ་སྐྱོ། དེས་ན་དལ་འབྱོར་མི་ལུས་རིན་པོ་ཆེ་ལོན་ཀྱང་། ནམ་འཆི་དང་ནམ་འགྲོ་ངེས་མེད་ཡིན་པས། ཕྱི་ནང་གི་གཙུག་ལག་མང་བོར་མགོ་འཁོར་ནས་སྦྱངས་ཀྱང་། ནམ་མཁའི་གཟའ་སྐར་བགྲང་བ་བཞིན་དུ་ཟད་པའི་དུས་ཤིག་མི་འོང་བས། མི་ཚེའི་སྙིང་བོའམ་གལ་ཆེ་བའི་དོན་པོ་གང་ཡིན་པ་ངོས་ཟིན་ནས། ད་ནི་མྱུར་བ་མྱུར་དུ་རིག་སྟོང་གཉུག་མའི་ཡེ་ཤེས་མངོན་དུ་གྱུར་ཏེ། མི་འགྱུར་གདོད་མའི་བཙན་ས་ད་ལྟ་ཉིད་དུ་བརྙེས་པར་བྱ་རན། དེའི་ཕྱིར་དོན་གྱི་རིག་པ་འཛིན་པ་དང་སྔགས་འཆང་ནི། གོས་མ་བཅོས་དཀར་པོ་སྟེ་གཟན་དཀར་དང་། སྐྲ་མ་བཅོས་ལྕང་ལོ་སྟེ་རལ་བ་ཙམ་བཞེས་པ་མ་ཡིན་པར། སེམས་མ་བཅོས་གཉུག་མ་སྟེ་ཐ་མལ་ཤེས་པའི་ཏིང་ངེ་འཛིན་ལྷག་མཐོང་རྡོ་རྗེ་རྣོན་པོ་ཉམས་སུ་ལེན་མཁན་གྱི་གང་ཟག་ཞིག་ཡིན་ནོ། །ཡང་བོད་གངས་ཅན་དུ་ཕྱིས་སུ་བྱོན་པའི་མཁས་པ་འགའ་རེས་སྔོན་གྱི་ཕྱག་རྫོགས་ཀྱི་བླ་མ་རྣམས་ཀྱིས་གནས་ལུགས་སྒོམ་སྐབས་སུ། མདོ་འདོན་པ་སོགས་ལུས་ངག་གི་དགེ་སྦྱོར་གཙོ་བོར་མི་འཛིན་པར། ཐ་མལ་གྱི་ཤེས་པ་སྐྱོང་དགོས་གསུངས་པ་ལ་ཟུར་ཟ་མང་དུ་མཛད་འདུག་ཀྱང་། དོན་དུ་བློ་སྦྱོང་སོགས་སུ་ལམ་གྱི་ངོ་བོ་ཀུན་གཞིའི་ངང་ལ་འཇོག་དགོས་པར་བསྟན་པའི་གཞི་ཡང་འདི་ལས་གཞན་ཞིག་མེད། དེའི་ཕྱིར་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བར་འདོད་པ་དག་གིས་ཆོས་ཀྱི་རྒྱལ་པོ་བདུད་འཇོམས་གླིང་པའི་ཟབ་གཏེར་ལྟ་བུའི་མན་ངག་ཟབ་མོ་ཉམས་བཞེས་མཛོད་དང་། རིག་སྟོང་འོད་གསལ་ཆེན་པོའི་ཏིང་ངེ་འཛིན་གྱི་བདུད་རྩིའི་རོ་ཞིམ་པོར་རོལ་ཏེ། སྲིད་པ་གསུམ་གྱི་ནོར་ལས་རིན་ཐང་ཆེ་བའི་རྟོགས་པ་ཟབ་མོ་ནང་ནས་འཆར་བར་འགྱུར་རོ། །
སེམས་ཀྱི་རང་བཞིན་ནམ་མཁའ་ལྟ་བུའི་དབྱིངས། །
འཕོ་འགྱུར་ཀུན་བྲལ་རིག་སྟོང་གཉུག་མའི་གཤིས། །
ཐོག་མ་མེད་པར་རང་ལ་གནས་པའི་དོན། །
མངོན་སུམ་མཇལ་བའི་བསྐལ་བ་རོལ་བར་སྨོན། །
ད་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །
ལོག་རྟོག་བདུད་ཀྱི་དབང་དུ་མི་འགྲོ་བར། །
རིག་འཛིན་དམ་པའི་ཆོས་ཀྱི་དགའ་སྟོན་ལ། །
ལོངས་སུ་སྤྱོད་པའི་རྟེན་འབྲེལ་འཛོམ་པར་སྨོན། །
ཞེས་རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན་ཁྲག་འཐུང་བདུད་འཇོམས་གླིང་པའི་རྗེས་འཇུག་ཏུ་རློམ་པའི་གྱི་ན་བ་པད་མ་ཆོས་ཉིད་རྡོ་རྗེའམ་ཨ་གནམ་ཐུབ་བསྟན་དུ་འབོད་པས་རང་དང་བློ་མཉམ་པ་དག་ལ་ཕན་ཕྱིར་དུ་སྦྱར་བའོ། །