དཀར་ཆག
དཔེ་དེབ

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དོན་འགྲེལ་རིག་འཛིན་དགྱེས་པའི་བདུད་རྩི་བཞུགས།

ཕཊཿ
ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མསཿ
བྱམས་པ་ཆེན་པོའི་ཕུར་པ་ཁྱེརཿ
ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མསཿ
སྙིང་རྗེ་ཆེན་པོའི་ཕུར་པ་ཁྱེརཿ
ནུབ་ཕྱོགས་པདྨ་མཁའ་འགྲོ་མསཿ
དགའ་བ་ཆེན་པོའི་ཕུར་པ་ཁྱེརཿ
བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མསཿ
བཏང་སྙོམས་ཆེན་པོའི་ཕུར་པ་ཁྱེརཿ
དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མསཿ
བྱང་ཆུབ་སེམས་ཀྱི་ཕུར་པ་ཁྱེརཿ
བདག་འཛིན་ལྷ་འདྲེའི་མགོ་བོ་དངཿ
ལྷུ་ཚིགས་བཞི་ལ་བཏབ་པ་ཡིསཿ
གཡོ་འགུལ་མེད་པར་གནས་པར་གྱུརཿ
ཕཊཿ

ཅེས་མེ་ལོང་ཡེ་ཤེས་ཀྱི་རང་གདངས་ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་དཀར་མོས་ཞི་མཛུམ་མཛེས་པའི་ཉམས་དང་བཅས་ཞི་བའི་གར་ལ་རོལ་བཞིན་དུ། སྙིང་རྗེ་ཚད་མེད་ཕུར་པ་དཀར་པོ་ཟླུམ་པོའི་རྣམ་པ་ཅན་ཞིག་ཞེ་སྡང་མཚོན་བྱེད་ལྷ་འདྲེའི་ལག་པ་གཡས་པར་བཏབ་མ་ཐག་ཏུ། རྒྱུད་ལ་ཞེ་སྡང་གི་རྣམ་རྟོག་ཐམས་ཅད་དག་ཅིང་སླར་ལྡང་མི་ནུས་པར་བྱས་ཏེ། བྱམས་པ་ཆེན་པོའི་ཏིང་ངེ་འཛིན་སྐྱེས་པར་བསྒོམ། མཉམ་ཉིད་ཡེ་ཤེས་ཀྱི་རང་གདངས་ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་སེར་མོ་དགའ་ཞིང་སྤྲོ་བའི་ཉམས་དང་བཅས་རྒྱས་པའི་གར་ལ་རོལ་བཞིན་དུ། བྱམས་པ་ཚད་མེད་ཀྱི་ཕུར་པ་སེར་པོ་གྲུ་བཞིའི་རྣམ་པ་ཅན་ཞིག་ང་རྒྱལ་མཚོན་བྱེད་ལག་པ་གཡོན་པར་བཏབ་མ་ཐག་ཏུ། རྒྱུད་ལ་ང་རྒྱལ་གྱི་རྣམ་རྟོག་ཐམས་ཅད་དག་ཅིང་སླར་ལྡང་མི་ནུས་པར་བྱས་ཏེ། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་སྐྱེས་པར་བསྒོམ། སོར་རྟོགས་ཡེ་ཤེས་རང་གདངས་ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ་དམར་མོ་འཛུམ་ཆགས་བཞད་པའི་ཉམས་དང་བཅས་དབང་གི་གར་ལ་རོལ་བཞིན་དུ། དགའ་བ་ཚད་མེད་ཀྱི་ཕུར་པ་དམར་པོ་ཟླ་གམ་གྱི་རྣམ་པ་ཅན་ཞིག་འདོད་ཆགས་མཚོན་བྱེད་རྐང་པ་གཡོན་པར་བཏབ་མ་ཐག་ཏུ། རྒྱུད་ལ་འདོད་ཆགས་ཀྱི་རྣམ་རྟོག་ཐམས་ཅད་དག་ཅིང་སླར་ལྡང་མི་ནུས་པར་བྱས་ཏེ། དགའ་བ་ཆེན་པོའི་ཏིང་ངེ་འཛིན་སྐྱེས་པར་བསྒོམ། བྱ་གྲུབ་ཡེ་ཤེས་ཀྱི་རང་གདངས་བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་ལྗང་མོ་ཁྲོ་གཏུམ་འཁྲུགས་པའི་ཉམས་དང་ལྡན་པས་དྲག་པོའི་གར་ལ་རོལ་བཞིན་དུ། བཏང་སྙོམས་ཚད་མེད་ཀྱི་ཕུར་པ་ནག་པོ་གྲུ་གསུམ་གྱི་རྣམ་པ་ཅན་ཞིག་ཕྲག་དོག་མཚོན་བྱེད་རྐང་པ་གཡས་པར་བཏབ་མ་ཐག་ཏུ། རྒྱུད་ལ་ཕྲག་དོག་གི་རྣམ་རྟོག་ཐམས་ཅད་དག་ཅིང་སླར་ལྡང་མི་ནུས་པར་བྱས་ཏེ། བཏང་སྙོམས་ཆེན་པོའི་ཏིང་ངེ་འཛིན་སྐྱེས་པར་བསྒོམ། ཆོས་དབྱིངས་ཡེ་ཤེས་ཀྱི་རང་གདངས་དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མ་མཐིང་ག་དགའ་ཁྲོ་ཆགས་པའི་ཉམས་འགྱུར་ལྡན་པས་ཕྲིན་ལས་རྣམ་བཞིའི་གར་ལ་རོལ་བཞིན་དུ། ཕུར་པ་ཆངས་ཟུང་ཟླུམ་པོ་རྒྱ་མདུད་གྲུ་བཞི་དབལ་ཁ་ཟླ་གམ་དབལ་རྩེ་གྲུ་གསུམ་ཅན་ཞིག་གཏི་མུག་མཚོན་བྱེད་མགོ་བོར་བཏབ་མ་ཐག་ཏུ། རྒྱུད་ལ་གཏི་མུག་གི་རྣམ་རྟོག་ཐམས་ཅད་དག་ཅིང་སླར་ལྡང་མི་ནུས་པར་བྱས་ཏེ། ཐབས་ཤེས་ཟུང་འཇུག་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་སྐྱེས་པར་བསྒོམས་ནས། བདག་གཞན་ལྷ་འདྲེ་གསུམ་པོ་དངོས་ལྟ་ཅི་ཞོག །དེ་དག་གི་མིང་ཙམ་ཀྱང་ཟད་པའི་དོན་དམ་ཆོས་ཉིད་ཀྱི་དབྱིངས་སུ་གཅད་བྱ་གཅོད་བྱེད་ཀྱི་ཐ་སྙད་དོར་ནས་ངལ་གསོ། དེ་ཉིད་ཀྱང་གཟོད་མ་ནས་ཆོས་ཐམས་ཅད་ཀྱི་ཡིན་ལུགས་སུ་བཞུགས་པའི་དེ་ཁོ་ན་ཉིད་ཀྱི་ཀློང་དུ་བཞག་པ་ལས། མ་ཡིན་པ་ཞིག་ལ་བློས་བཅས་བཅོས་དང་སྤྲོས་རྩོལ་གྱི་སྒོ་ནས་བཞག་པ་མ་ཡིན་ཏེ། ཆོས་ཉིད་ཀྱི་ངོས་ནས་དེ་དག་རྡུལ་ཙམ་ཡང་མ་གྲུབ་པའི་ཚུལ་ནི། རྗེ་བཙུན་མི་ལས། ལྷ་མེད་འདྲེ་མེད་ལྟ་བའི་གདེངས། །དམིགས་མེད་ཡེངས་མེད་སྒོམ་པའི་ གདེངས། །རེ་མེད་དོགས་མེད་འབྲས་བུའི་གདེངས། །ཞེས་གསུངས། ལྷ་འདྲེ་སོགས་ཟིལ་གྱིས་གནོན་ཚུལ་ནི་དེ་དག་རང་ངོས་ནས་ཡོད་པ་ཞིག །ཕར་ང་ཚོས་ཕོ་ཚོད་དང་རྫུ་འཕྲུལ་གྱི་སྒོ་ནས་དབང་མེད་པར་བྱེད་པ་མ་ཡིན་པར། ཆོས་ཉིད་འདུས་མ་བྱས་པའི་ཀློང་ན་བཟང་ངན་གྱི་དངོས་པོ་ཅི་ཡང་མ་གྲུབ་པས། འདྲེ་བདུད་ཟེར་བའི་གདུལ་རྒྱུ་ལྟ་ཞོག །འདུལ་མཁན་གྱི་གང་ཟག་བདག་ཞེས་པའང་མ་གྲུབ་པར་གནས་པ་ལ། དེ་ལྟར་ཤེས་ནས། སྟོང་པ་ཉིད་ཀྱི་ངང་ལས་འབྱུང་བཞིན་དུ་བདེན་པར་མ་གྲུབ་པ་སྒྱུ་མའི་རོལ་གར་དང་མཚུངས་པའི་ཆོས་ཐམས་ཅད་རོ་གཅིག་ཏུ་མྱོང་བ་དོན་གྱི་ཟིལ་གནོན་དུ་སོང་། རྫ་དཔལ་སྤྲུལ་རིན་པོས་ཆེས་མཛད་པའི་མཁའ་འགྲོའི་གད་རྒྱངས་ཀྱི་མན་ངག་ཟབ་མོ་ལྟར་ན། རང་གཞུང་གི་སྐབས་འདིར་བདག་ཟིལ་གྱིས་གནོན་པ། གནས་ཟིལ་གྱིས་གནོན་པ་དང་། ལྷ་འདྲེ་ཟིལ་གྱིས་གནོན་པ་གསུམ་ཀ་ཚང་ཞིང་། བྲོ་བརྡུང་གིས་བདག་དང་གནས་ཟིལ་གྱིས་གནོན་པ་དང་། ཕུར་གདབ་ཀྱིས་ལྷ་འདྲེ་ཟིལ་གྱིས་གནོན་པ་གཙོ་ཆེ་བར་བསྟན་པར་བཞེད། བྲོ་བརྡུང་དང་ཕུར་གདབ་ཀྱི་ཟིལ་གནོན་དོན་དངོས་ནི། རྒྱུད་སྡེའི་ལྷ་རྣམས་ལ། ཆོས་ཅན་རྟགས་ཀྱི་ལྷ་དང་། ཆོས་ཉིད་དོན་དམ་གྱི་ལྷའི་དབྱེ་བ་འབྱེད་པ་བཞིན་དུ། རྡོ་རྗེ་དང་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་སོགས་ཁ་ཏོག་དང་ཕྱག་མཚན་ལྡན་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྣམ་པར་ཤར་བ་ནི་ཆོས་ཅན་རྟགས་ཀྱི་ལྷ་དང་། དོན་དུ་ཡེ་ཤེས་ལྔའི་རང་བཞིན་དུ་བཞུགས་པ་དང་། དེ་ཡང་ཆོས་ཉིད་རིག་སྟོང་འོད་གསལ་བ་ཉིད་དུ་སོང་ཞིང་། ཁ་ཏོག་དང་གཟུགས་དབྱིབས་རྣམས་སུ་མ་གྲུབ་པར། ཆོས་ཉིད་དོན་དམ་གྱི་ལྷ་ལས་མ་འདས་པས། བྲོ་བརྡུང་གི་སྐབས་སུ། དམིགས་རིམ་ཙམ་ལ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ཞེ་སྡང་རྒྱལ་པོ་སོགས་ཀྱི་མགོ་ལ་བྲོ་བརྡུང་བ་སྒོམ་དགོས་ཀྱང་། དོན་དུ། ཉོན་མོངས་ལྔ་པོ་ཕར་གཉེན་པོ་གཞན་གྱིས་སྤོང་མ་དགོས་པར། དེ་དག་གི་རང་བཞིན་རིག་སྟོང་འོད་གསལ་བར་ཤེས་ནས།  རང་ས་ཉིད་དུ་ཡེ་ཤེས་ལྔའི་རང་བཞིན་དུ་འབད་མེད་ངང་གྲོལ་དུ་བཅུག་པ་ཡིན། ཀུན་རྫོབ་ཉོན་མོངས་པའི་ངོ་བོ་ནི་དོན་དམ་གསལ་སྟོང་གི་རིག་པ་ལས་ལོགས་སུ་མ་གྲུབ་པས། སྐབས་འདིར་ཉོན་མོངས་པའི་བདུད་འདྲེ་སྤང་བྱ་རང་མཚན་པར་ལོགས་སུ་བཟུང་ནས། ལོགས་སུ་སྤོང་བྱེད་ཡེ་ཤེས་ཀྱིས་ཕར་ཟིལ་གྱིས་གནོན་པ་མ་ཡིན་པར། སེམས་ཉིད་གཞི་མེད་རྩ་བྲལ་གྱི་ཀློང་དུ། ཉོན་མོངས་པ་རྣམས་གཉེན་པོས་སྤོང་མི་དགོས་པར་རང་སར་གྲོལ་ཚེ། དབྱིངས་རིག་དབྱེར་མེད་ཀ་དག་ཡེ་གྲོལ་གྱི་རྡོ་རྗེའི་བྲོ་བླ་ན་མེད་པར་རོལ་བ་ལགས། རང་ལུགས་རྫོགས་པ་ཆེན་པོ་ལྟར་ན། དཔེར་ན། ཉོན་མོངས་པ་ཞེ་སྡང་ལྟ་བུ་ཤར་ཚེ། དེ་ལ་དགག་སྒྲུབ་རྩོལ་བས་མི་བསླད་པར། ཐད་ཀར་དུ་དེའི་ངོ་བོ་བལྟས་ཚེ། གཞི་མེད་རྩ་བྲལ་དུ་གནས་ཤིང་། ཅང་མེད་སྟོང་ཆད་ཕྱོགས་སུ་མ་ལྷུང་བར། ངོ་བོ་སྟོང་བཞིན་དུ་རང་བཞིན་གསལ་བས་འཆར་ཞིང་། གཟུང་དང་འཛིན་པའི་རྣམ་རྟོག་ཐམས་ཅད་རང་སར་ཞིག་ནས། ཉོན་མོངས་རང་སར་གྲོལ་བ་ལ་ཆོས་སྐུའི་རིག་པ་དང་། མེ་ལོང་ཡེ་ཤེས་ཞེས་སུ་འབོད་པ་ལས། གཞན་ནང་ན་མེད་པའི་ཡེ་ཤེས་ཞེས་གཟི་རླབས་ཆེ་བ་ཞིག་ཕྱི་ལོགས་ནས་སླེབས་འོང་རྒྱུ་མེད། རིགས་ལྔའི་མཁའ་འགྲོ་དང་། རྒྱལ་བ་རིགས་ལྔ་ཟེར་བ་རྣམས་ཕྱི་ལོགས་ལ་བཞུགས་པའི་ཡེ་ཤེས་པའི་ལྷ་སྟོབས་པོ་ཆེ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ལྷའི་ན་བཟའ་བཞེས་ཡོད་མཁན་མ་ཡིན་ལ། རང་སེམས་ཀྱི་ཆོས་ཉིད་ཐད་ཀར་རྟོགས་ཚེ་དེ་དག་ཚང་མ་ནང་དུ་བཞུགས་ཡོད་པ་ཧ་གོ་འོང་བས། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། རྣམ་སྣང་ཕྱི་ན་མེད་དེ་ནང་ན་ཡོད། །སེམས་ཉིད་སྤྲོས་དང་བྲལ་བ་ཆོས་དབྱིངས་དང་། །གཏི་མུག་རང་སར་དག་པའི་ངོ་བོ་ཉིད། །བཅོམ་པར་རྣམ་པར་སྣང་མཛད་དངོས་ཡིན་ནོ། །ཞེས་གསུངས། ཡེ་ཤེས་ལྔ་པོ་དེ་ངོ་བོ་གཅིག་ཏུ་སོང་ཞིང་། ཤེས་རྒྱུད་ཐ་དད་པ་ལྟར་དུ་མ་གྲུབ། འོན་ཀྱང་རང་ལྡོག་གི་ངོས་ནས་གཅིག་ཀྱང་མ་ཡིན། ཡེ་ཤེས་ལྔ་པོའི་ངོ་བོ་ཐ་དད་མེད་བཞིན་དུ། ཁྱད་ཆོས་མི་འདྲ་བའི་དབང་དུ་བྱས་ཚེ། བསམ་གྱིས་མི་ཁྱབ་པའི་རང་སྣང་སྣ་ཚོགས་ཤར་བ་ན། ཡུལ་དང་ཡུལ་ཅན་མེད་བཞིན་དུ་ཆོས་ཐམས་ཅད་གསལ་ཡང་གཉིས་འཛིན་གྱི་རྟོག་པའི་དྲི་མས་མ་གོས་པར། དེ་དག་གི་ཡིན་ལུགས་ཇི་ལྟ་བ་བཞིན་མཁྱེན་པའི་མེ་ལོང་ཡེ་ཤེས། འཁོར་འདས་གཉིས་པོ་སྤང་བླང་གྱི་དབྱེ་བ་མེད་པར་ཆོས་སྐུའི་རོལ་པ་ཆེན་པོར་དག་མཉམ་དུ་རྫོགས་པའི་མཉམ་ཉིད་ཡེ་ཤེས། ཆོས་ཉིད་རིག་པའི་རྩལ་ལས་འཕྲོས་པའི་ཆོས་ཐམས་ཅད་རང་སྣང་ལས་གཞན་དུ་མ་གྲུབ་བཞིན་དུ། སྣང་ཚུལ་གྱི་ཤེས་བྱ་ཐམས་ཅད་མ་འདྲེས་པར་གསལ་བར་གཟིགས་པའི་སོར་རྟོག་ཡེ་ཤེས། ཀུན་ཁྱབ་རང་བྱུང་རིག་པའི་གསལ་ཆ་མ་འགག་པའི་མཐུ་ལས། དམིགས་པ་མེད་བཞིན་དུ་འགྲོ་བར་ཕན་པའི་ཕྲིན་ལས་ཀྱི་འཁོར་ལོ་རྩོལ་མེད་འཕྲོ་བའི་བྱ་གྲུབ་ཀྱི་ཡེ་ཤེས། སྤྲོས་པ་ཡོངས་སུ་དག་པའི་ཀློང་ཆེན་པོ་བརྗོད་མེད་ཆོས་སྐུའི་ཐུགས་ཀྱི་གསང་བ་ཆོས་དབྱིངས་ཡེ་ཤེས་རྣམས་སུ་འཆར། ཕུར་གདབ་ཀྱི་དོན་ནི་ཉོན་མོངས་ལྔ་པོ་རིག་པ་རང་བྱུང་ཆེན་པོའི་ཀློང་དུ་རང་སར་གྲོལ་ནས། སླར་རང་མཚན་པར་མི་སྐྱེ་བར་བྱས་པའི་དོན་ནོ། །བཞི་པ་ལྟ་བའི་མཁར་རྫོང་ལ་གནས་བཅའ་བ་ནི། སྐབས་འདིར་ཟིལ་གནོན་གྱི་དམིགས་པ་ལ་བརྟེན་ནས། ལྷོངས་དང་ཆོ་འཕྲུལ་རྣམས་འབྱུང་བར་བཤད་པས། གཞུང་ལྟར་དུ་དེ་དག་གི་གོ་རིམ་ཇི་བཞིན་ཡིད་ལ་ངེས་པར་བྱ། ཆོ་འཕྲུལ་སོགས་ཆེ་བ་བྱུང་ཚེ། བར་ཆད་དུ་མི་འཛིན་པར་ཉམས་ལེན་གནད་ལ་ཕོག་པའི་རྟགས་སུ་བཟུང་ནས། ཐད་ཀར་དུ་དགའ་སྡུག་གི་རྣམ་རྟོག་གཅོད་ཕྱིར་ལམ་དུ་འཁྱེར་དགོས་པས་ན། གཉན་སར་འགྲིམ་སྐབས་སུ་བདག་ལ་མི་འདོད་པའི་རྐྱེན་རྣམས་མི་འབྱུང་བར་ཤོག་ཅིག་ཅེས་བླ་མ་དང་ཡི་དམ་རྣམས་ལ་གསོལ་བ་མི་འདེབས་པར། རྐྱེན་ངན་དང་ཡིད་མི་བདེ་བར་བྱེད་པའི་སྣང་བ་གང་ཤར་ཐམས་ཅད་ལམ་དུ་འཁྱེར་བའི་དམ་བཅའ་བཟུང་ནས། ད་ལྟའི་གནས་འདི་ཉིད་དུ་གནས་ལུགས་སྟོང་པ་ཉིད་མངོན་དུ་གྱུར་ནས་ཆོས་སྐུ་གདོད་མའི་བཙན་ས་ཟིན་པར་ཤོག་ཅིག །འཁོར་བའི་རྩ་བ་བདག་འཛིན་གྱི་འཆིང་བ་ཞིག་པར་ཤོག་ཅིག །རེ་དོགས་ཆོས་བརྒྱད་ཀྱི་བདུད་དཔུང་ཕམ་ནུས་པར་ཤོག་ཅིག །སྐྱིད་སྡུག་རོ་སྙོམས་སུ་རོལ་ནུས་པར་ཤོག་ཅིག །ཅེས་སོགས་གསོལ་བ་འདེབས་པ་དང་འདུན་པ་འཆིང་བ་གལ་ཆེ་བས། ཀུན་མཁྱེན་བླ་མས། དང་པོ་གཅོད་ལ་འགྲོ་ཙ་ནའང་བླ་མ་དང་དཀོན་མཆོག་གིས་བསྲུང་དུ་གསོལ། བསྐྱབ་ཏུ་གསོལ། བར་ཆད་ཞི་བར་མཛད་དུ་གསོལ་མི་ཟེར། ན་ཚ་དང་འགལ་རྐྱེན་མི་འབྱུང་བར་མཛད་དུ་གསོལ་མི་ཟེར། བདུད་དང་འབྱུང་པོ་འདྲེ་གདོན་དང་བགེགས་ཞི་བར་བྱིན་གྱིས་རློབས་མི་ཟེར། ཞེས་གསུངས་པ་ཀུན་གྱིས་མཁྱེན་དགོས་པའི་གཅོད་ཀྱི་གནད་མེད་དུ་མི་རུང་བ་ཡིན། གཞན་དུ་དེང་སང་རྒྱ་བོད་སོག་གསུམ་གྱི་མི་སྐྱ་རྣམས་ལྷ་ཁང་དུ་ནང་དུ་ཕྱིན་ཏེ། སངས་རྒྱས་དང་ཡི་དམ་ལྷའི་སྐུ་མདུན་དུ་སྤོས་དང་མར་མེ་ཕུལ་ནས། ང་དང་ངའི་གཉེན་ཉེ་རྣམས་ཚེ་རིང་ནད་མེད་ལོངས་སྤྱོད་ཕུན་སུམ་ཚོགས་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་པ་དང་འདྲ་བར་འགྱུར་ནས། འཇིགས་སྐྱོབ་དང་ལེགས་སྨོན་གྱི་ཆོས་ལས་མི་འཕགས་པའི་ཉེན་ཁ་ཆེ། ལྷོངས་དང་ཆོ་འཕྲུལ་དག་ཤར་ཚེ་སྣང་སྲིད་ཐམས་ཅད་སེམས་ཀྱི་ཆོ་རོལ་ཙམ་དང་། སེམས་ཉིད་ཀྱང་སྟོང་པར་ཧ་གོ་ཞིང་། གཟུང་འཛིན་གཉིས་ཀྱིས་བསྡུས་པའི་ཆོས་ཀུན་དབྱིངས་སུ་མ་གྲུབ་པར་ཐག་བཅད་ནུས་ན། རྨི་ལམ་སྐྱི་གཡའ་བ་དང་དགའ་བྲོད་ཅན་ལས་སད་ཚེ། དེ་དག་ལས་བྱུང་བའི་སེམས་ཀྱི་འཇིགས་སྐྲག་དང་རེ་ཞེན་ཐམས་ཅད་ཡལ་འགྲོ་བ་བཞིན་དུ། རང་སེམས་ལ་ཕན་གནོད་ཏིལ་འབྲུ་ཙམ་ཡང་མི་འབྱུང་སྟེ། ཡུམ་ལས། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད་དོ། །མཚན་མ་མེད་པས་མཚན་མ་མེད་པ་ལ་གླགས་མི་རྙེད་དོ། །སྨོན་པ་མེད་པས་སྨོན་པ་མེད་པ་ལ་གླགས་མི་རྙེད་དོ། །ཅེས་དང་། བྲམ་ཟེ་ཨཱརྱ་དེ་ཝས། སྟོང་པ་ཉིད་ལ་སྟོང་ཉིད་ཀྱིས། །གླགས་རྙེད་པ་ལྟ་ག་ལ་སྲིད། །ཅེས་གསུངས། བློ་སྦྱོང་དོན་བདུན་མའི་སྐབས་སུའང་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རྐྱེན་ངན་ལམ་དུ་འཁྱེར་བའི་སྐབས་སུ། འཁྲུལ་སྣང་སྐུར་བཞི་བསྒོམ་པ་ཡི། །སྟོང་ཉིད་སྲུང་བ་བླ་ན་མེད། །ཅེས་སྐུ་བཞི་ངོ་སྤྲོད་ཀྱི་གདམས་ངག་སོགས་སུ་དེ་ལྟར་བསྟན། ཕ་རོལ་ཡུལ་དུ་མིག་གིས་མཐོང་རྒྱུ་ཡོད་ཅིང་། ལག་པས་འཛིང་ཆོག་ཡུལ། ཁས་གྱོད་གླེང་བྱེད་ཡུལ། ལུས་ཀྱིས་བྲོས་གཡོལ་ནུས་ས། དྲག་སྔགས་ཀྱིས་དམོད་མོ་འདེབས་པའི་ཡུལ། ཧོམ་ཁུང་དུ་བཙོན་བཟུང་བྱེད་རྒྱུ། སེམས་ཀྱིས་འཇིགས་དོགས་བྱེད་འོས་ས་བདེན་བདེན་འདྲ་བར་གནས་པའི་གནོད་བྱེད་ཀྱི་དགྲ་གདོན་རྣམས་ངོ་བོས་སྟོང་ལ། ཚུར་རང་གང་ཡིིན་བཙལ་ཚེ། རིག་པ་དངོས་མེད་ནམ་མཁའ་སྟོང་བར་ལག་པ་བརྙབས་ཀྱང་འཛིན་རྒྱུ་ཅི་ཡང་མེད་པ་ལྟར་རྟོགས་ཚེ། གནོད་བྱ་དང་གནོད་བྱེད། ཕ་རོལ་གྱི་འདྲེ་བདུད། ཚུ་རོལ་གྱི་བདག་རྣམས་སྟོང་པ་ཉིད་དུ་དེངས་ནས། ཤར་གྱི་ནམ་མཁས་ནུབ་ཀྱི་ནམ་མཁར་གནོད་མི་ནུས་པ་བཞིན་དུ། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་ཕན་གནོད་གང་ཡང་གདག་ཏུ་མེད་པ་གནས་པ་ནི་སྲུང་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར། དེས་ན་ཐམས་ཅད་མཁྱེན་པ་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་ཞལ་ནས། ཕྱི་ཡི་ཡུལ་རྫོང་དཀོན་མཆོག་སྐྱབས་སུ་བསྙེན། །ནང་གི་མཁར་རྫོང་དྲན་ཤེས་བག་ཡོད་བསྟེན། །གསང་བའི་ཁྲབ་རྫོང་ཟང་ཐལ་རིག་སྟོང་བསྒོམ། །རྫོང་གསུམ་འཛོམས་ལ་བདུད་སྡེས་གླགས་མི་རྙེད། །ཅེས་དེ་ལྟའི་གནད་ཐམས་ཅད་གཅིག་ཏུ་དྲིལ་བར་མཛད་པ་ལྟར་དུ་ཤེས་འཚལ། ལར་འཇིག་རྟེན་པའི་གཏམ་ལ། རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར། །ཞེས་པ་ལྟར་བོད་ཀྱི་ཉམས་ལེན་པ་ཞིག་ལ་ལྷ་འདྲེའི་རྣམ་རྟོག་དང་འདུ་ཤེས་མང་པོ་ཡོད་པས། གཉན་སར་འགྲོ་སྐབས་ལྷ་འདྲེའི་སྣང་བ་དང་ཆོ་འཕྲུལ་སྣ་ཚོགས་འཆར་སྲིད་ཀྱང་། དེང་སང་གི་ནུབ་ཕྱོགས་ཀྱི་རྣལ་འབྱོར་པ་རྣམས་ལ་ཆུང་ངུའི་དུས་ནས་ལྷ་འདྲེའི་རྣམ་རྟོག་མང་པོ་མེད་པས། གཞུང་ལས་བཤད་པའི་ཆོ་འཕྲུལ་རྣམས་འབྱུང་དཀའ་ཡང་། ནང་ལ་ཉོན་མོངས་དུག་ལྔ་དང་། རེ་དོགས་དགའ་སྡུག་གི་རྣམ་རྟོག་སྔར་མེད་པ་ཤིན་ཏུ་ཤུགས་དྲག་པོ་འབྱུང་ན་དེས་འཐུས་སྙམ། སྔོན་གྱི་དམ་པ་ཚོས་ལྷ་མེད་འདྲེ་མེད་ཅེས་པའི་ཚིག་བརྒྱ་སྟོང་མང་པོ་གསུངས་པ་ནི་ལྷ་འདྲེ་གཏན་ནས་མེད་ཅེས་བསྟན་པ་མ་ཡིན་པར། ལྷ་ལྷ་རུ་མ་འཛིན། འདྲེ་འདྲེ་རུ་མ་འཛིན་ཅེས་གསུངས་པར་ཧ་གོ་འོས་པ་ནི་ཤིན་ཏུ་གལ་ཆེ་བའི་གནད་དུ་ངེས་པས། རྫ་དཔལ་སྤྲུལ་རིན་པོ་ཆེས། ནང་འདྲེར་འཛིན་གྱི་རྟོག་པ་རྩད་ནས་གཅོད་པ་ལ་གཅོད་གསུངས་པ་ཡིན་གྱི། འདྲེ་གསོད་པ་མིན། འདྲེ་རྡུང་བ་མིན། འདྲེ་བསྐྲད་པ་མིན། འདྲེ་མནན་པ་མིན། འདྲེ་རླག་པ་མིན། དེས་གཅད་བྱ་ཕྱི་ན་མེད་དེ་ནང་ན་ཡོད་པ་ཤེས་པར་བྱ་དགོས་ཞེས་གསུངས། མདོར་ན་སྣང་བ་སྣ་ཚོགས་ཅི་བྱུང་ཡང་། ཕར་ཡུལ་གྱི་རྗེས་སུ་མི་འབྲང་བར་། སྤྱིར་དྲན་ཤེས་དང་སྒོས་སུ་སྟོང་པ་ཉིད་ཀྱི་ལྟ་བ་མི་བརྗེད་པར་བྱས་ནས། ད་ལྟ་ཉིད་དུ་ཚུར་སེམས་ལ་བལྟས་ཚེ། ལྷ་འདྲེའི་རྣམ་རྟོག་དང་། འཇིགས་སྐྲག་སྡུག་བསྔལ་རྣམས་གང་ལས་བྱུང་བ་བཙལ་བས་མ་རྙེད་པར་གཞི་མེད་རྩ་བྲལ་དུ་འགྲོ་བ་གཅོད་དང་ཐེག་པ་ཆེན་པོ་སྤྱིའི་ཉམས་ལེན་གྱི་སྙིང་པོ་ཡིན་པས། འཕགས་པ་དཀོན་མཆོག་བརྩེགས་པར་དགེ་སློང་མངོན་པའི་ང་རྒྱལ་ཅན་གྱིས་ཁྱི་རྡོ་ལ་སྙེགས་པ་དང་། དགེ་སློང་རྣལ་འབྱོར་པས་སེང་གེས་རྡོ་འཕང་བར་བྱེད་པ་ལ་སྙེགས་པ་བཞིན་དུ་ཉོན་མོངས་བརྟག་པའི་ཁྱད་པར་ཡོད་ཚུལ་བསྟན་པ་བཞིན་ཡིན། ཁྱི་ལ་རྡོ་འཕང་ཚེ། ཁྱི་དེ་སྙིང་སྟོབས་དམན་པས་རྡོ་འཕེན་མཁན་ལ་མི་སྙེགས་པར། རྡོ་ལ་སྙེགས་པ་བཞིན་དུ། གཟུགས་སྒྲ་དྲི་རོ་སོགས་སྣང་ཞིང་སྲིད་པའི་ཆོས་རྣམས་ལ་ཕར་དཔྱད་ནས། རེ་ཞིག་ཡུལ་གྱི་ངོས་ནས་མི་རྟག་པ་དང་བསླུ་བའི་རང་བཞིན་ཅན་དུ་ཤེས་ཀྱང་། དེ་དག་གང་ལས་བྱུང་བ་མི་ཤེས་པས་གྲོལ་བ་རྣལ་མ་ཐོབ་དཀའ། སྙིང་ཁམས་ཆེ་བའི་སེང་གེ་ལ་རྡོ་འཕངས་ཚེ། དེས་རྡོ་ལ་མི་སྙེག་པར་རྡོ་སུས་འཕངས་པ་ལ་སྙེག་པ་བཞིན་དུ། བཟང་ངན་གྱི་སྣང་བ་ཐམས་ཅད་ཀྱི་འབྱུང་ཁུངས་སེམས་སུ་གཏུགས། ནང་སེམས་ཀྱིི་ཉོན་མོངས་ཐམས་ཅད་ཀྱང་། དེ་ནས་འབྱུང་། འདིར་གནས། དེར་འགྲོ་དང། དབྱིབས་དང་ཁ་དོག་སོགས་འདི་ཞེས་མཛུབ་མོ་འཛུགས་ཡུལ་མེད་པར་དེ་དག་གི་ངོ་བོ་སྟོང་པ་ཉིད་དུ་འཆར་བ་ནི་ཡང་དག་པའི་གྲོལ་བ་མྱོང་བར་གལ་ཆེ་བས། ཞི་བ་ལྷས། ཉོན་མོངས་རྣམས་ནི་ཡུལ་ན་མི་གནས་དབང་ཚོགས་ལ་མིན་བར་ནའང་མིན། །དེ་ལས་གཞན་ནའང་མིན་ན་འདི་དག་གར་གནས་འགྲོ་བ་ཀུན་གནོད་བྱེད། །འདི་ནི་སྒྱུ་འདྲ་དེ་ཕྱིར་སྙིང་ལ་འཇིགས་སྤོང་ཤེས་ཕྱིར་བརྩོན་པ་བསྟེན། །དོན་མེད་ཉིད་དུ་བདག་ལ་དམྱལ་སོགས་རྣམས་སུ་ཅི་སྟེ་གནོད་པ་བྱེད། །ཅེས་དང་། རྒྱལ་དབང་ཀློང་ཆེན་པས། ཐུན་མོང་མ་ཡིན་པ་ནི་རིག་པ་རང་ངོ་ཤེས་པའི་གནད་འདི་གཅིག་པུ་འདིས་བཅོས་ཏེ། གེགས་གང་བྱུང་ཡང་ངོས་བཟུང་ལ་བླ་མའི་མོས་གུས་གསོལ་འདེབས་དང་བཅས་དྲག་ལ་བྱིན་ཕེབ་པ་ཞིག་བྱས་ནས། གེགས་དེ་གང་ལས་བྱུང་། གང་ན་འདུག །སུ་ལ་གནོད་བརྟགས་པས་དེ་རྣམས་མ་རྙེད་པ་རིག་པ་ཟང་ཀ་རྗེན་པ་དེ་སང་ངེར་འདུག་དུས་ཐམས་ཅད་རིག་པའི་རང་གདངས་སུ་གྲོལ་ཏེ་བར་ཆད་དངོས་གྲུབ་ཏུ་ཤེས་པའི་རྣལ་འབྱོར་པ་ཞེས་བྱ། ཞེས་གསུངས། འཇིག་རྟེན་ཕལ་པའི་སྐྱེ་བོ་དག་གི་ངོར་ཚོགས་དྲུག་གི་ཡུལ་ལ་སྒྱུ་མ་ལྟ་བུའི་སྣང་བ་རྒྱུན་མ་ཆད་པར་འབྱུང་ཚེ། ཡུལ་གྱིས་རང་ཅག་ལ་ཆགས་སྡང་དང་བདེན་འཛིན་དབང་མེད་དུ་བསྐྱེད་འདུག་པ་འདྲ་བའི་ལྟ་བ་ལྷན་སྐྱེས་ཤིག་སྐྱེ་རྒྱུ་ཡོད་པས། ནང་གི་གྲོལ་བ་ཐོབ་ཕྱིར་དུ་ཡུལ་དང་ཡུལ་ཅན་གྱི་སྡོད་ལུགས་ལ་མི་དཔྱོད་པར། ཐ་མལ་དུ་ལུས་ནས། བདེ་བའི་རྒྱུ་ཉི་ཚེ་བ་ལ་དུས་ཀུན་དུ་གཞོལ། གྲུབ་མཐར་ཞུགས་པའི་རྣལ་འབྱོར་པ་དག་གིས་བློས་ཕར་དཔྱད་ནས་ཡུལ་དེ་དག་དགག་པའམ། ཏིང་ངེ་འཛིན་ཉི་ཚེ་བ་དང་། འཛིན་སྟངས་ཅན་གྱི་སྟོང་པ་ཉིད་བསྒོམས་ནས་ཡུལ་རྣམས་ལས་གྲོལ་བའི་ཐབས་ལ་བརྩོན་ཀྱང་། རེས་འགའ་ཡུལ་རྒྱལ་ལ་ཁད། རེས་འགའ་ཏིང་ངེ་འཛིན་རྒྱལ་ལ་ཁད། མཐར་ཡུལ་རྒྱལ་ནས་ལྟ་བ་དེ་ཚིག་སྐམ་ཙམ་དུ་ལུས་འོང་སྟེ། ཀུན་བྱེད་ལས། ཀུན་བྱེད་རྒྱལ་པོས་བྱས་པ་མི་ཆ་བར། །དབང་བོ་དྲུག་ལ་ཡུལ་དྲུག་སྣང་བ་ལས། །སྡུག་བསྔལ་མཐོང་ནས་དབང་བོ་འགེག་པར་བྱེད། །དེས་ནི་ཀུན་བྱེད་བྱས་པ་མི་ཆ་བས། །སྐྱེ་འགག་བྲལ་བའི་འབྲས་བུ་དེ་ལ་མེད། །ཅེས་གསུངས་ཤིང་། གྲོལ་ཚུལ་ཡང་ཤུགས་ཀྱིས་བསྟན་ཟིན་པའི་དོན་ནི། ཡུལ་བཟང་ངན་དང་བདེ་སྡུག་སོགས་སུ་ཐག་གཅོད་མཁན་ནི་ཡུལ་མ་ཡིིན་པར། ད་ལྟར་རང་དང་མཉམ་པོར་གནས་པའི་སེམས་འདི་གཅིག་པུ་ཡིན་པས། འདིའི་ཡིན་ལུགས་ཅི་བཞིན་རྟོགས་ཚེ་ད་གཟོད་གྲོལ་བ་འབྱུང་བ་ཤ་སྟག་ཡིན་པས། ཐེག་རྩེ་ཨ་ཏི་ཡོ་གའི་ཐུན་མོང་མ་ཡིན་པའི་ལུགས་ལྟར་ན། སེམས་ཉིད་འོད་གསལ་བ་ད་ལྟའི་ཤེས་པ་གསལ་ཞིང་སྟོང་པ་འདི་ཀའི་ཐོག་ཏུ། གཉུག་མ་ཀ་དག་གི་དགོངས་པའི་ངང་དུ་མ་བཅོས་ལྷུག་པར་བཞག་ཚེ། སྣང་བ་ཡོད་ཚད་ཆོས་སྐུའི་ཡོ་ལང་དུ་ཤར་ནས། ཕར་གཟུང་བྱའི་ཡུལ་གྱི་རྗེས་སུ་འབྲང་མི་དགོས་ལ། ནང་རྣམ་རྟོག་གི་འགྱུ་བ་ལ་དགག་སྒྲུབ་མི་བྱ་བར། ཉོན་མོངས་རྟོག་ཚོགས་ཡོད་ཚད་འཇའ་ནམ་མཁར་ཡལ་བ་དང། སྦྲུལ་གྱི་མདུད་པ་རང་སར་བཤིག་པ་བཞིན་དུ། གཉེན་པོ་ལོགས་སུ་བརྟེན་པའི་རྩོལ་བའི་དྲི་མས་མ་གོས་པར་རྩོལ་མེད་རིག་པའི་ཀློང་དུ་གྲོལ་བས་ཁྱད་ཆོས་ཐེག་པ་གཞན་ཀུན་ལས་ཆེ། མདོ་ལུགས་སུ། འགྲོ་བའི་རྒྱུད་ཀྱི་ཉོན་མོངས་ཆགས་སྡང་རྣམས་ཀུན་འབྱུང་བདེན་པ་དང་། དགའ་སྡུག་གི་ཚོར་བ་རྣམས་སྡུག་བསྔལ་གྱི་བདེན་པའི་ཁོངས་སུ་གཏོགས་པས། གཞན་དུ་གཉེན་པོ་བཙལ་ནས་དེ་དག་བཅོམ་པར་བཞེད་ཀྱང་། རང་ལུགས་རྫོགས་པ་ཆེན་པོར་དེ་དག་ཀུན་ཀྱང་རང་བྱུང་གཉུག་མའི་རིག་པ་ཉིད་ལས་ཐུགས་རྗེའི་རྩལ་གཡོས་པ་ལས་འཆར་བའི་རོལ་པ་ཡིན་པས། སྤོང་བྱེད་ཀྱི་ཐབས་དང་། སྤང་བྱའི་ཉོན་མོངས་པ་ཐ་དད་དུ་དབྱེར་མ་མཆིས་པར། དགེ་བའི་རྟོག་པར་མི་ཞེན། མི་དགེ་བའི་རྟོག་པར་མི་སྡང་། གང་ཤར་རྒྱ་ཡན་དུ་བཏང་བཞིན་དུ། སེམས་ཉིད་ཟལ་ཐལ་བ་ད་ལྟའི་ཤེས་པ་མ་བཅོས་པ་སྟོང་ཞིང་གསལ་བ་འདི་ལས་མི་གཡོ་བར་ངལ་གསོས་ཚེ། སེམས་དེ་ཡང་སེམས་ཀྱི་ཆོས་ཉིད་ཡེ་ཤེས་ཆེན་པོར་རང་གྲོལ་དུ་འགྲོ་བས། དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་ཟབ་ཆོས་ཤིན་ཏུ་གསང་བ་ལགས། རིག་པ་ངོ་འཕྲོད་ཟེར་བ་དེ་ཕར་ཉན་ཚོད་ལ་དཀའ་མོར་སྣང་ཡང་། རྟོགས་ལྡན་གྱི་བླ་མ་ཁྲིད་ཐབས་ལ་མྱོང་ཆ་ཆེ་བ་ཞིག་གིས་གསུངས་ན། ཏིང་ངེ་འཛིན་དང་སྔགས་སོགས་ཀྱིས་གསར་དུ་བསྐྱེད་མ་དགོས་པར། ད་ལྟ་རང་གི་རྒྱུད་ལ་ཤེས་རིག་མ་འགག་པ་ས་ལེ་བ་ཡོད་པ་འདི་རྟོགས་པ་ལ་གོ །ཅི་ལྟར་ཞེ་ན། སེམས་མ་ཡིན་ཀྱང་། སེམས་ཀྱི་ཆ་ཤས་ལྟ་བུ་ཉོན་མོངས་དུག་གསུམ་གྱིས་མ་བསྒྲིབས་པ་ཞིག་ད་ལྟ་ཉིད་དུ་མྱོང་རྒྱུ་ཡོད་པ་དེ། ཀ་དག་གི་རིག་པ་སོ་མ་རྒྱུ་ཡིས་མ་བཟོས་ཤིང་རྐྱེན་གྱིས་མ་བསླད་པ་ཉིད་དུ་གནས་པས། སྒྲིབ་པ་ཆེ་ཞིང་དབང་པོ་དམན་པར་སོང་བ་མ་གཏོགས། གང་ཟག་ཐམས་ཅད་ཀྱིས་རྟོགས་ནུས། བླ་མས་ངོ་སྤྲོད་གནང་བའི་དུས་དང་། སྒོམ་སྟོབས་ཀྱིས་རིག་ངོ་འཕྲོད་ཀྱང་། སྣང་བ་བྲིད་མཁས། རིག་པ་ཅོལ་ཆུང་བས། རྣམ་རྟོག་གི་དབང་དུ་འགྱུར་སླ་ཞིང་། ཕྱིིའི་རྐྱེན་བཟང་ངན་གྱིས་བསླུ་ཤིན་ཏུ་སླ་བས། ངོ་ཤེས་པ་དེ་རྩལ་རྫོགས་དགོས་པ་མ་ཟད། ད་དུང་བཟོད་དཀའ་བའི་རྐྱེན་མི་དགའ་བ་དང་འཕྲད་ཚེ། ཉོན་མོངས་པ་རང་མཚན་པའི་འོག་ཏུ་ལྷུང་སྲིད་པས། ཀློང་ཆེན་པས། རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན། །རྣམ་རྟོག་དགྲས་འཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཞེས་གསུངས་པ་ལྟར། ཡེངས་པ་མེད་པར། ལྷ་མིའི་སེམས་འཛིན་ཙམ་དང་། རྩོལ་བཅས་འཇུར་བཅིངས་ཨ་འཐས་ཀྱི་དྲན་པ་ལས་འདས་ནས། རྩོལ་མེད་རང་གྲོལ་གྱི་དགོངས་པའི་ཀློང་དུ་ཆོས་ཉིད་གཉུག་མའི་དྲན་པ་ཉག་གཅིག་ལ་ཡང་དང་ཡང་དུ་བརྟེན་ནས་བརྟན་པ་ཐོབ་པར་བྱ་དགོས་སོ། །ལྔ་པ་གཉན་སར་འགྲིམ་པའི་ཉིང་དགོས་ནི། གཅོད་གཞུང་དུ་བསྟན་པའི་གཉན་ས་ཡ་མཚན་པ་རྣམས་སུ་འགྲིམ་ཚེ། གཞན་དག་གིས་ཁོ་ས་ཆ་ག་གེ་མོར་ཆོས་ཟབ་མོ་ཞིག་ཉམས་སུ་ལེན་དུ་སོང་ཟེར་ནས་ཡིད་སྨོན་བྱེད་པ་དང་། རང་གིས་གཅོད་ཆོག་གི་དབྱངས་གྱེར་བཞིན་དུ་ངས་གཅོད་ཡུལ་ཉམས་སུ་ལེན་བཞིན་ཡོད་སྙམ་པ་འོང་ཡང་། ལེགས་པར་མ་བརྟགས་ཚེ་གཉན་སར་འགྲིམ་པའི་དོན་པོ་མ་ཤེས་པའམ་ཤེས་ཀྱང་བརྗེད་སྲིད། དེས་ན་དེའི་ཉིང་དགོས་ནི་འཇིག་རྟེན་གྱི་ལྷ་འདྲེ་ཁ་ཤས་བྲན་དུ་བཀོལ་ནས། ལུང་བསྟན་དང་གྲུབ་རྟགས་ཉི་ཚེ་བ་སྟེ། ཐུན་མོང་གི་དངོས་གྲུབ་ཙམ་དོན་དུ་གཉེར་བ་མ་ཡིན་པར། གཟུང་འཛིན་འཁྲུལ་བའི་ཁང་བུ་རྨང་ནས་བཤིག་པའི་ཆེད་དུ། འཁོར་འདས་ཀྱི་ཆོས་ཐ་དད་དུ་སྣང་བ་ཐམས་ཅད་བཟང་ངན་དང་བདེན་རྫུན་གྱི་དབྱེ་བ་མི་འབྱེད་པར། ཐམས་ཅད་མི་བདེན་རྫུན་རིས་ཀྱི་རང་བཞིན་དུ་རྟོགས་ནས། གནས་སྐབས་ཀྱིི་གྲགས་སྙན་བདེ་ཐོབ་སོགས་ལ་ཞེན་པ་ཟད་ཅིང་། གྱོང་དང་ཕམ་ཁ་མི་སྙན་པ་སོགས་ལ་དོགས་པ་ཟད། བྱས་པའི་ཆོས་ཀུན་སྒྱུ་མར་ཤར། འཁོར་བ་སྤངས་མ་དགོས་པར་རང་སར་དག །མྱང་འདས་བསྒྲུབས་མ་དགོས་པར་རིག་ངོར་ཆུབ། མཐར་དོགས་སའི་ཆོས་གཅིག་ཀྱང་མེད་ལ། རེ་བ་ཐམས་ཅད་སྐྱེ་མེད་ཀྱི་ཀློང་དུ་ཡལ་ནས། གསོན་ཚེ་གུ་ཡངས་བློ་བདེར་གནས་ཤིང་། འཆི་ཚེ་བར་དོ་མེད་པར་གྲོལ་བའམ། སྐྱེ་བ་ཕྱི་མར་ཡང་ངན་སོང་དུ་ནམ་ཡང་འགྲོ་མི་དགོས་པར། ཆོས་ལྡན་རྣལ་འབྱོར་པ་སོགས་ཀྱི་ལུས་བླངས་ནས། ལམ་ཟབ་མོར་ཞུགས་ཏེ། ས་དང་ལམ་གྱི་གོ་འཕང་གོང་ནས་གོང་དུ་བགྲོད་པར་ངེས་པ་དེ་ཡིན། གལ་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པ་མཐར་ཕྱིན་ནུས་ན། དེ་ཚེ་འཇིགས་པ་ཡོངས་སུ་སྤངས་པའི་རྣལ་འབྱོར་པ་ལ་སེམས་འདས་ཀ་དག་ཆེན་པོའི་ལྟ་བའི་གདེང་འཁྲུངས་ནས། སྨྲ་བསམ་བརྗོད་པ་ལས་འདས་པའི་དབྱིངས། སྤྲོས་མཐའ་ཀུན་ལས་གྲོལ་བའི་ཆོས་ཉིད་ནམ་མཁའི་ངོ་བོ་ལྟ་བུ་སྟེ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་འབའ་ཞིག་ཏུ་བཞུགས་པའི་བདེན་པ་མངོན་དུ་གྱུར་ཟིན་པ་སྟེ། འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ལས། ཆོས་ཀྱི་རང་བཞིན་དག་ལ་གཞལ་བྱས་ན། །འབྲས་བུ་ཀུན་མེད་འབྲས་བུ་ཐོབ་པའང་མེད། །ཅེས་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། སྒྲིབ་མེད་རྣམ་དག་བྱང་ཆུབ་གདལ་བའི་ཀློང་། །སྒྲིབ་རྒྱུ་མི་དམིགས་སྒྲིབ་བྱེད་མ་འགགས་ཤིང་། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །འཛིན་པ་མེད་པས་སེམས་ཅན་མིང་ཡང་མེད། །ཞེས་སོགས་ཀྱི་བསྟན་བྱ་ཟབ་ཞི་སྤྲོས་པ་དང་བྲལ་བའི་དོན་རྨད་དུ་བྱུང་བ། མདོ་སྔགས་ཐམས་ཅད་ཀྱི་དགོངས་དོན་མཐར་ཐུག་པར་མངོན་སུམ་དུ་སླེབས་ཚར་བ་ཤེས་པར་མཛོད། ཚིག་འདི་ཚོ་ནི་དེ་ལས་གཏིང་ཟབ་པ་ཞིག་ཤེས་བྱ་ལ་མི་སྲིད་པའི་ལྟ་བ་མཐོན་པོའི་གཏམ་ཡིན་པས། ཤིན་ཏུ་རྟོགས་དཀའ་ཞིང་། རྟག་ཆད་ཕྲ་རགས་གང་དུའང་མི་གནས་པ། ཁས་ལེན་ཀུན་བྲལ་གྱི་དོན་རླབས་པོ་ཆེ་ཡིིན་པས། མ་རྟོགས་ལོག་རྟོག་ཕྱོགས་རྟོགས་ཀྱི་གཟེབ་ཏུ་ཚུད་སླ་བའི་སྐལ་མེད་རྣམས་ཀྱི་རྣ་བར་བསྒྲག་མི་རུང་བ་ལགས་ཀྱང་། དོན་འདི་མ་བརྗོད་ཚེ་ལོགས་སུ་གཅོད་ཀྱི་གདམས་པ་ཟབ་མོ་ཞིག་འདི་རེད་ཅེས་བསྟན་ཚུལ་མེད། དེང་སང་དུས་ཀྱི་མཐའ་མ་འདིར་རྟག་ཆད་ཀྱི་ལྟ་བའི་བདུད་དཔུང་དྲག་ཏུ་འཁྲུག་པའི་སྐབས་འདིར། སྐྱེ་བོ་ཕལ་མོ་ཆེ་ཞིག་གིས་འཇིག་རྟེན་རྒྱང་འཕེན་པའི་ལྟ་གྲུབ་ལྟ་བུའི་རིག་པ་གསར་པ་ཉི་ཚེ་བ་སྣ་ཚོགས་ཀྱི་རྗེས་སུ་འབྲངས་ནས། ལས་རྒྱུ་འབྲས་སོགས་ཤིན་ཏུ་ལྐོག་གྱུར་གྱི་དོན་མཐའ་དག་གཏན་མེད་དུ་འདོད་ནས་ཆད་ལྟའི་གཡང་སར་ལྟུང་། ཆོས་པར་ཁས་འཆེ་བ་དག་ནི་རྟོག་གེའི་བློའི་དྲྭ་རྒྱར་ཚུད་ནས། རྒྱུ་འབྲས་ལས་འདས་པའི་ཐེག་པའི་ལྟ་གྲུབ་ལ་ཁ་ནས་དད་ཁུལ་བྱེད་ཀྱང་དོན་དུ་བློ་ལ་མ་ཤོང་ནས། རྣལ་འབྱོར་པ་རྟོགས་ལྡན་འགའ་རེས་ལྟ་བ་ཟབ་མོ་ཐད་ཀར་དུ་ཚིག་རྗེན་ཐོལ་བྱུང་དུ་གསུངས་པ་ལ་ཆད་ལྟ་བ་དང་ཟོག་པོ་སོགས་མིང་ངན་པ་འདོོགས་བཞིན་པའི་ངང་ཚུལ་འདི་ལ་གཞིགས་ན། ཕྱག་རྫོགས་དབུ་མའི་ལྟ་བ་ལ་ཡིད་དཔྱོད་ཀྱི་གོ་བ་ཉི་ཚེ་མ་ཞིག་སྐྱེས་ཚེ་ཁ་ནས་འུད་སྒྲོག་བྱེད་པ་ལས། ཆོས་ཉིད་རྣལ་མ་གཟིགས་པའི་སར་གཤེགས་ཀྱི་གྲུབ་ཐོབ་ནི་ཉིན་མོའི་སྐར་མ་བཞིན་ཤིན་ཏུ་ཉུང་བར་སྣང་། དེས་མ་ཚད་བོད་ཀྱི་ལོ་རྒྱུས་ནང་དུ་སྔོན་ཆད་ཁ་ཅིག་གིས་ལྟ་བ་མཐོན་པོ་དག་བློར་མ་ཤོང་ནས། བོད་དུ་དར་བའི་མདོ་ལུགས་ཀྱི་ཕྱག་ཆེན་རྟག་ལྟ་དང་། རྒྱུ་འབྲས་ལས་འདས་པའི་ཆོས་རྫོགས་པ་ཆེན་པོ་ཆད་ལྟར་བཤད་པ་སོགས་སྐུར་འདེབས་སྣ་ཚོགས་བཏང་། མང་པོ་ཞིག་གིས་དབུ་མ་དང་ཕྱག་རྫོགས་ཀྱི་ལྟ་བ་ལ་དགའ་ཁུལ་དང་དད་ཁུལ་བྱེད་འདུག་པ་དེ། དེ་དག་གི་ལྟ་བ་དངོས་གང་ཡིན་པ་ཧ་མ་གོ་ནས། མིང་སྙན་པོ་དང་ཚིག་རླིངས་པོ་ལ་དང་བ་སྐྱེས་པ་ཙམ་ལས། དོན་ཇི་བཞིན་ལྟ་ཞོག །དོན་སྤྱི་ཕྱོགས་ཙམ་ཡང་མ་རྟོགས་པའི་རྟགས་ཡིན་གྱི། དོན་སྤྱི་ཕྱོགས་ཙམ་ཧ་གོ་ཚེ་དེ་དག་ལ་བཅོས་མ་མ་ཡིན་པའི་དད་པ་སྐྱེ་བའམ། ཡང་ན། དེ་དག་ལ་འཇིགས་ཤིང་ཐེ་ཚོམ་སྐྱེ་བར་འགྱུར་བ་ཡོད་དེ། སྔོན་ཐེག་དམན་གྱི་སྡེ་སྣོད་འཛིན་པ་མང་པོས་སྟོང་པ་ཉིད་ཀྱི་ཆོས་ཐོས་པས། ཐུགས་ལ་འཇིགས་སྐྲག་སྐྱེས་ནས། སྡེ་སྣོད་གསུམ་པོ་གང་གི་ནང་དུ་མ་འདུས་པས། རྒྱལ་བའི་བཀའ་མ་ཡིན་པར་སྒྲུབ་པའི་རྒོལ་གཏམ་སྤེལ་བ་ལྟ་བུས་མཚོན། དེས་ན་དེ་དག་ལ་དོན་སྤྱི་ཕྱོགས་ཙམ་རྟོགས་ནས་རྒོལ་བ་དང་། ཁ་ཡམ་ཙམ་གྱི་དད་པ་གཉིས་པོ་གང་སྡུག་དང་གང་བཟང་ཐག་གཅོད་དཀའ། འོན་ཀྱང་། ཐེག་ཆེན་གྱི་ལྟ་བ་ཐེག་དམན་གྱི་འཁྲུལ་གཞི་ཞེས་པ་ལྟར། སྟོང་པ་ཉིད་ཀྱི་དོན་ཇི་བཞིན་དུ་མ་རྟོགས་པ་མ་ཟད་ལོག་པར་རྟོགས་ནས་། ཐ་སྙད་དུ་ལས་རྒྱུ་འབྲས་ཀྱི་རྣམ་གཞག་འདོར་བ་ནི་ཉེས་པ་ཆེན་པོའི་སྒོ་འབྱེད་པ་ཡིན་པས། ཤིན་ཏུ་འཛེམ་དགོས་པའི་གནས་ཡིན་ཏེ། དཔལ་མགོན་ཀླུས། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིགས་སྔགས་ལོག་པར་སྒྲུབ་པ་བཞིན། །ཞེས་དང་། རྒྱལ་དབང་པདྨ་ཀཱ་རས། ཨ་ཏིའི་བསྟན་པ་ཉམས་རྟགས་སུ། ཁ་ལྟ་སྟོང་སྐད་རྦད་ཁམ་ཆེ། །དགེ་མེད་སྡིག་མེད་ཡིིན་ཞེས་གླེང་། ཁྲིམས་སྤངས་ཐ་མལ་སྤྱོད་པ་སྐྱོང་། །ཚོགས་འཁོར་ཡིན་ཞེས་སྲོག་ཆགས་གསོད། །སྒོམ་སྒྲུབ་དོར་ནས་སྲང་མདོར་འཁྱམ། །ཞེས་གསུངས། སྔོན་མི་སྐྱ་ཞིག་བླ་མ་རྟོགས་ལྡན་ཞིག་གིས་ཆོས་གསུངས་སར་སླེབས། བླ་མས་ཉིན་གང་བོར་སྟོང་པ་ཉིད་ཀྱི་ལྟ་བ་གསུངས་ནས། བདག་ཟེར་བ་མེད། གཞན་ཟེར་བ་མེད་སོགས་ལྟ་བ་མཐོན་པོའི་གདམས་ངག་ཁོ་ན་གསུངས། མི་དེ་ཕྱིར་རང་ཁྱིམ་ལ་ལོག་ནས། ལུག་གཅིག་གི་རྐེ་གཅོད་བཞིན་དུ། ལུག་ཟེར་རྒྱུའི་གསོད་རྒྱུ་ཞིག་མེད། །ང་ཟེར་བའི་གསོད་མཁན་ཞིག་མེད་ཅེས་ལབ་པའི་ལོ་རྒྱུས་བྱུང་བ་ལྟར་དུ་འགྱུར་ཉེན་ཆེ། སྔོན་གྱི་ཕྱག་སྲོལ་ཚད་ལྡན་རྣམས་སུ། ཕྱིའི་དུར་ཁྲོད་སོགས་སུ་འགྲིམས་ནས་གཉན་ས་གཅོད་པའི་དུས་དང་། དུས་ཆེན་དང་ཚོགས་མང་འདུས་ས། སྐབས་སྐབས་སུ་ནད་པ་དང་སྨྱོན་པར་བྱིན་རླབས་གནང་ཚེ་སོགས་མ་གཏོགས། རྒྱུན་ཁྱེར་དུ་བྲོ་བརྡུང་དང་ཕུར་གདབ་མི་འདོན་པར་མཆིས་ཀྱང་། གཅོད་གཞུང་དུ་སྐབས་འདིའི་ཚིག་ཧ་ཅང་སྙན་ལ། དོན་ཟབ་པས་རྒྱུན་ཁྱེར་དང་སྦྲགས་ནས་འདོན་ན་དགེ་མཚན་ཆེ་བ་མ་ཟད། ཇི་སྐད་དུ། འདྲེ་མང་པོ་བྱ་བ་འདུ་ཤེས་ཡིན། །འདྲེ་ངར་མ་བྱ་བ་ངར་འཛིན་ཡིན། །འདྲེ་རྒོད་པོ་བྱ་བ་རྣམ་རྟོག་ཡིན། །འདྲེ་དེ་དག་ཆོད་ན་གཅོད་པ་ ཟེར། །ཞེས་པ་ལྟར། འདྲེ་ནི་ཕྱི་རོལ་ན་མེད་པར་ནང་སེམས་ཀྱི་ཉོན་མོངས་པ་རྣམས་ཡིན་པས། དེ་ཚོ་རང་རྒྱུད་ལ་ཇི་སྲིད་གནས་པའི་བར་དུ་འདུལ་མི་དགོས་པའི་དུས་དང་ཡུལ་ཞིག་ག་ལ་ཡོད། ཆུ་མིག་དང་ཤིང་གཅིག་དང་རི་བོ་སོགས་ལྷ་འདྲེ་གཅོད་སའི་གཉན་ས་གཞུང་ནས་བསྟན་ཀྱང་། དེ་དག་ལས་ཀྱང་གྲོང་ཡུལ་དང་། དགོན་སྡེ། བླ་མའི་དྲུང་། རང་གི་བྲང་ཁང་སོགས་གཉན་སར་ལྷག་པ་ཡིན་ཏེ། དང་པོ་གྲོང་ཡུལ་ལ་ཆོས་བརྒྱད་དང་། འཁོན་འཛིན་གྱི་འདྲེ་མང་། རང་རེ་ཚང་མ་ཚོང་དང་ཁེ་སྤོགས་ཀྱི་དོན་དུ་ཉིན་མོར་བྲེལ་ཞིང་རེ་དོགས་ཀྱི་ཡོ་ལང་ཀློང་དུ་དབང་མེད་པར་དུས་འདའ། མཚན་མོར་རྨི་ལམ་ལའང་འཇིག་རྟེན་ཟིང་ཟིང་གི་ཆེད་དུ་བྱ་སྤྱོད་འདྲ་མིན་གྱིས་གང་། རང་ཕྱོགས་ཀྱི་གྲོགས་གཉེན་ཉེ་ལ་འདོད་ཆགས་ཆུ་ལྟར་གཡོ། གཞན་དགྲ་ཕྱོགས་ལ་ཞེ་སྡང་མེ་ལྟར་དུ་འབར། རྒྱུ་འབྱོར་བ་མེད་སྙམ་པའི་སྡུག་བསྔལ་གྱི་ཁུར་བོས་མནན། ནོར་བསགས་པའི་དཀའ་བ་གྲངས་མེད་པའི་ཁར། བསགས་པ་སྲུང་བའི་ཆེད་དུ་སེམས་ཁྲལ་དང་སེར་སྣས་བཅིངས། དེ་དག་གཉིས་འགྱུར་རམ་གསུམ་འགྱུར་དུ་སྤེལ་བར་བརྩོན་ནས་འདོད་རྔམ་དུག་གིས་སྨྱོས། ངག་འཁྱལ་སྣ་ཚོགས་ཆུ་རྙོག་གི་རྒྱུན་ལྟར་བཞུར་བའི་རྗེས་སུ་འབྲངས་ནས། སེམས་ནང་དུ་དོན་མེད་ཀྱི་རྣམ་རྟོག་ཆུའི་ལྦུ་བ་གྲངས་མེད་པ་བརྡོལ་ཞིང་། གཞན་ལ་དངོས་ཤུགས་གང་རུང་གིས་ཚིག་ངན་དམའ་འབེབ་བྱེད། རང་གི་དཔལ་དང་འབྱོར་བ་གཞན་ལ་ངོམ། གཞན་གྱི་སྟོབས་དང་སྙན་གྲགས་མཐོང་ཚེ་འགྲན་བསྡུར་བྱེད། གཞན་གྱི་གཟུགས་མཛེས་པ་སོགས་ཡོན་ཏན་ལ་བཟོད་མི་ཐུབ་པའི་ཕྲག་དོག་སྐྱེ། རང་ལ་དེ་དག་མི་ལྡན་སྙམ་ནས་སྡུག་སེམས་ཀྱིས་ནང་ནས་གཙེས། མཐོ་བ་ལ་ངོ་བསྟོད་དང་མགུ་ཐབས་ལ་བརྩོན། དམའ་བ་རྣམས་ལ་རྒྱུ་མཚན་མེད་པར་ཞེ་སྡང་། བྱམས་དང་སྙིང་རྗེ་སྐྱེ་བའི་གོ་སྐབས་ཉུང་། རེ་དོགས་བདུད་ཀྱིས་དུས་རྣམས་ཀུན་ཏུ་དབང་སྒྱུར། འཕགས་པའི་གང་ཟག་མ་གཏོགས། སོ་སོའི་སྐྱེ་བོ་ཅི་འདྲ་བཟང་བའམ། ཕྱི་ཚུལ་དུ་ཆོས་པ་ལེགས་པོ་ཡིན་ཀྱང་། གྲོང་ཡུལ་དུ་བསྡད་ཚེ། ཆོས་བརྒྱད་མགོ་སྙོམས་མི་ནུས་པ་མ་ཟད། ཐ་མལ་པ་བཞིན་དུ་ནང་ཉོན་མོངས་དུག་ལྔ་མཚོ་རླབས་ལྟར་འཕྱུར་འོང་། མི་མང་པོ་དང་འདུ་འཛི་མང་སར་རྟོགས་པའི་གདེང་བྲལ་བའི་ལས་དང་པོ་རྣམས་ཀྱི་རྒྱུད་ལ་ཉོན་མོངས་ཀྱི་རྦ་རླབས་རྒྱུན་མ་ཆད་པར་འཕྱུར་ནས། ཞི་གནས་ཙམ་ཡང་སྐྱེ་དཀའ་བ་ཡོད་པས། སྔོན་གྱི་དམ་པ་རྣམས་ཀྱིས་དབེན་པའི་རི་ཁྲོད་ཀྱི་ཡོན་ཏན་ལ་ལན་མང་བསྔགས་ཤིང་། རང་རེ་རྣམས་དེ་བསྟེན་པར་བསྐུལ། འོན་ཀྱང་གཅོད་ཡུལ་ཉམས་སུ་ལེན་མཁན་ཚད་ལྡན་རྣམས་ལ། གྲོང་དང་མི་མང་པོ་འདུ་ས་གཉན་ས་མཆོག་ཏུ་སོང་སྟེ། ཉོན་མོངས་དུག་ལྔའི་འདྲེ་གདོན་གྱིས་ཉིན་མཚན་ཀུན་ཏུ་ཀུ་ཅོ་འདོན་ཅིང་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ཡོད་པས། དེ་ཚོ་རྒྱང་རིང་ནས་འབོད་མ་དགོས་པར་རང་གི་གམ་ན་མཐོང་སླ་བ་ཡོད། གཉིས་པ་དགོན་སྡེ་ལ་ཚུལ་འཆོས་དང་། འགྲན་སེམས། ཆེ་འདོད་ཀྱི་འདྲེ་མང་། སྤྱིར་དགོན་སྡེ་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་རྣམས་ཀྱིས་ཚོང་དང་ཁྱིམ་ཐབ་འཛིན་པ་སོགས་འཇིག་རྟེན་གྱི་ལས་ཀ་ཕལ་མོ་ཆེ་སྤངས་ནས།བསླབ་པ་གསུམ་དང་ཐོས་བསམ་སྒོམ་གསུམ་ལ་གཙོ་བོར་གཞོལ་ཞིང་། དྲན་ཤེས་ཀྱི་རྒྱུན་བསྐྱངས་ནས། རང་རྒྱུད་ཀྱི་ཉོན་མོངས་པ་འདུལ་བའི་གནས་སུ་གོ་དགོས་ཀྱང་། གང་ཟག་མང་ཆེ་ཤོས་ནི་སོ་སྐྱེས་ཀྱི་ས་ལས་ད་དུང་མ་འདས་པས། ཕྱི་ཚུལ་དུ་རབ་བྱུང་གི་རྟགས་བཞེས་བཞིན་དུ། ནང་སེམས་རྒྱུད་ནི་མི་སྐྱ་ཕལ་བ་ལས་ཆེར་མ་འཕགས་པས། དགོན་སྡེ་རྣམས་ལ་ཆོས་བརྒྱད་ཀྱི་འདྲེ་གདོན་གྲོང་ཡུལ་ལས་མི་ཉུང་བ་ཡོད། རང་གི་སེམས་མ་དུལ་ཞིང་ཉོན་མོངས་རང་མཚན་པར་བག་མེད་དུ་སྤྱོད་བཞིན་དུ། བཀུར་སྟི་དང་། ལོངས་སྤྱོད། སྙན་གྲགས་སྒྲུབ་པའི་ཆེད་དུ་ཕྱིའི་སྤྱོད་པ་ལེགས་པོ་གནས་བརྟན་ཆེན་པོ་རྣམས་དང་མཚུངས་པ་ལ། དོན་དུ་ཁྱིམ་ཆུང་ངུ་སྤངས་ནས་ཁྱིམ་ཆེན་དུ་ཞུགས་པ་ལྟར་འབྱུང་། ཆོས་པ་དང་གྲྭ་པ་ནང་ཕན་ཚུལ་བར་ལ། གཞུང་སུ་མཁས་དང་། ཐོབ་གོ་ས་སུ་ཆེ། སྒྲུབ་པ་ལ་སུ་བརྩོན་འགྲུས་ཆེ་བར་འགྲན་སེམས་སྐྱེས་ནས། ཕྲག་དོག་དང་གནོད་སེམས་ཀྱི་འདྲེས་རང་རྒྱུད་གཟིར་བ་མང་། སྔོན་གཏམ་རྒྱུད་ཞིག་གི་ནང་དུ། དགེ་བཤེས་གཉིས་ཀྱིས་ཚོགས་མང་གྲལ་དུ་རྩོད་པ་མཛད་ཚེ། དགེ་བཤེས་གཞན་དེ་ཕམ། ཁོ་སེམས་ཤིན་ཏུ་སྐྱོ་ནས། མི་རིང་བར་ཤི །ཕྱིས་སུ་ཉིན་ཞིག་ལ། དགོན་སྡེ་དེ་གར་དགེ་འདུན་པ་རྣམས་ལྷན་དུ་རྩོད་པར་ཕེབས་པ་ན། གློ་བུར་དུ་སྦྲུལ་ཞིག་སླེབས་ནས་ཡར་སྟན་ཐོག་ཏུ་བསྡད།བླ་མ་མངོན་ཤེས་ཅན་ཞིག་གིས་དེ་ནི་སྔོན་གྱི་དགེ་བཤེས་དེ་རྩོད་པར་ཕམ་ཚེ། ཁོང་ཁྲོ་དང་ཞེ་སྡང་གིས་རྒྱུད་བསྲེགས་ནས་མཐར་ཤི་རྗེས་སུ། སྦྲུལ་དེའི་སྐྱེ་བ་བླངས་པར་མཐོང་བར་གྲགས་པ་ལྟ་བུ། དེ་བཞིན་དུ། བླ་ཆེན་དང་། སྤྲུལ་སྐུའི་མིང་འཛིན་མཁན་རྣམས་ལ་ཆེ་འདོད་དང་ང་རྒྱལ་གྱི་བདུད་ཆེ། རང་ཉིད་ལ་གཞན་གྱིས་བཏགས་པའི་ཆོ་ལོ་དང་མིང་ཐོབ་ཐང་ལ་བདེན་པར་བཟུང་ནས། རང་རྒྱུད་ལ་སྟོང་ཉིད་གྱི་ལྟ་བ་དང་། བྱམས་སྙིང་རྗེའི་དྲི་ཙམ་མི་བྲོ་བར། ང་ནི་གཞན་དང་མི་འདྲ་བར་དམ་པའི་སྐྱེས་བུ་ཡིན་སྙམ་ནས་ང་རྒྱལ་གྱིས་དྲེགས་མཁན་མང་། དེང་སང་དུས་ཀྱི་སྙིགས་མ་འདིར། མི་ཚང་མ་ནོར་དང་ལོངས་སྤྱོད་སྙན་གྲགས་རྣམས་ལ་སེམས་འཆོར་བཞིན་ཡོད་སྟབས། ཡང་སྲིད་སོགས་བླ་མིང་ཆེན་པོ་བཟུང་ནས། འཁོར་སློབ་མ་ནམ་མཁའི་སྐར་ཚོགས་འདྲ་བའི་བསྐོར་ཀྱང་། ནང་ཉོན་མོངས་པའི་རྐྱལ་བ་ཁྲི་ཐོག་ཏུ་འགྱིང་བ་ལ་མ་འདས་པ་མི་ཉུང་བ་ཡོད་སྙམ། མི་མང་པོས་བཀུར་ཀྱང་ཧ་ལས་རྒྱུ་མེད་དེ། སྐྱེ་བོ་ཕལ་མོ་ཆེ་ལ་ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱི་རྩལ་དང་བྲལ་ཞིང་། རི་བོང་ཅལ་འདྲོགས་ཀྱི་དཔེ་ལྟར། ཟེར་ལོ་ཐོས་ལོ་སོགས་གྲགས་པ་ཙམ་དང་གཞན་རྗེས་ཁོ་ནར་འབྲང་བཞིན་ཡོད། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། རང་ལ་ལུང་དང་རྟོགས་པ་ཡི། །བསྟོད་འོས་ཡོན་ཏན་མི་ཆེ་ཡང་། །ཡོན་བདག་ལ་སོགས་གླེན་དད་ཅན། །མང་པོས་དུས་གསུམ་སངས་རྒྱས་ཟེར། །ལ་ལས་གྲུབ་ཐོབ་ཡིན་ནོ་ཟེར། །རང་ཉིད་ནམ་འཆི་མི་ཤེས་ཀྱང་། །གཞན་གྱིས་མངོན་ཤེས་ཡོད་ཟེར་བསྟོད། །གོས་དུམ་སྐྲ་སེན་ཆབ་གསིལ་ཡང་། །དད་ཅན་མང་པོས་འཁྱེར་དང་བཏུང་། །སྡེ་དཔོན་ཤོག་དཔོན་ཡུལ་དཔོན་དང་། །སྐུ་སྐྱེ་དགེ་བཤེས་དབོན་རིགས་སོགས། །ཐོབ་ཐང་ཆེ་ཞིང་ང་རྒྱལ་ཅན། །མང་པོས་ཕྱག་འཚལ་ཆོས་དབང་ཞུ། །རྒྱུས་མེད་ཕྱོགས་ཕྱོགས་སྡེ་རྣམས་ཀྱང་། །གཞན་ཟེར་ཅལ་སྒྲོག་རྗེས་འཇུག་གིས། །དེ་བ་བཟང་པོ་རེད་ཅེས་གླེང་། །ཞེས་དྲང་པོའི་གཏམ་མཛད། དེས་ན་རྗེས་འཇུག་རྣམས་གཏི་མུག་གི་འདྲེ་དང་། བླ་མ་ཁོ་རང་ང་རྒྱལ་གྱི་འདྲེའི་མངའ་འོག་ཏུ་ཆུད་ནས། ལོང་བས་ལོང་བར་ལམ་བསྟན་བཞིན་དུ་འདུག་པ་དེང་དུས་བསྟན་པའི་གནས་བབས་སུ་འཁུམས། གསུམ་པའི་བླ་མའི་དྲུང་ལ་འདྲིས་ཆེ་བས་ལོག་ལྟ་སྐུར་འདེབས་ཀྱི་འདྲེ་མང་། དང་པོར་བླ་མ་ཉིད་སངས་རྒྱས་འཕགས་པར་འདུག་པར་འདུ་ཤེས་པའི་དད་པ་ཤུགས་དྲག་པོ་སྐྱེ་སླའང་། རིམ་གྱིས་བླ་མ་དང་འགྲོགས་ཚེ། བླ་མའི་མཛད་སྤྱོད་ལ་ལོག་ལྟ་སྐྱེ་བའམ། ཡང་ན་བླ་མ་དེ་ཐ་མལ་པར་མཐོང་ནས་དད་པ་དང་གུས་སེམས་ཡལ། བླ་མ་དེས་ཆོས་དང་མི་མཐུན་པའི་མཛད་སྤྱོད་མ་གནང་ཡང་། དེའི་གསུང་ཚུལ་དང་མཛད་སྟངས་འགའ་རེ་བློར་མ་ཤོང་ནས།དད་ལོག་དང་ངན་སྨྲས་བྱེད། མཐར་བླ་སློབ་ཀྱི་འབྲེལ་བ་ཆད་པའམ་དུག་ཅན་དུ་གྱུར། སྔོན་དགེ་སློང་ལེགས་པའི་སྐར་མ་ཞེས་བྱ་བཅོམ་ལྡན་འདས་ཀྱི་ཉེ་གནས་ལོ་མང་བྱས་ཤིང་། སྡེ་སྣོད་བཅུ་གཉིས་ལ་མཁས་པ་བྱུང་། མཐར་སངས་རྒྱས་ཕལ་པ་རུ་མཐོང་ནས་ངོ་ལོག་བྱས་པར་གྲགས། སངས་རྒྱས་ལྟ་བུའི་འཕགས་པའི་གང་ཟག་ཆེན་པོ་ལ་གོམས་འདྲིས་བྱུང་དྲགས་ནས་ལོག་ལྟ་བྱེད་མཁན་བྱུང་ན། གཞན་དགེ་བའི་བཤེས་གཉེན་དང་བླ་མ་ཚོ་ལ་ལོག་ལྟ་བྱེད་མཁན་འབྱུང་བ་སྨྲོས་ཅི་དགོས། མི་མང་པོ་ཞིག་གིས་བླ་མ་ཟེར་བ་དེ་མི་ཞིག་མ་ཡིན་པར་ལྷ་ཡུལ་ནས་ཕེབས་པའི་ལྷ་འདྲ་བ་དང་། ཞིང་ཁམས་གཞན་ནས་བྱོན་པའི་སངས་རྒྱས་འདྲ་བ། འཁྱག་རྒྱུ་དང་ལྟོགས་རྒྱུ་མེད་མཁན། སེམས་སྐྱོ་རྒྱུ་དང་སྡུག་རྒྱུ་མེད་མཁན། མེ་ཤོར་ན་མི་འབྲོ་མཁན། སྟག་མཆོང་ན་མི་འཇིགས་མཁན། ཟས་བཟང་ངན་གྱི་དབྱེ་བ་འབྱེད་མི་ཤེས་མཁན་ཞིག་ཏུ་འདོད་པ་ནི། དང་པོ་ཉིད་ནས་བླ་མ་བསྟེན་སྟངས་མ་ཤེས་པས་ལན། ལར་བོད་ཀྱི་ཁ་དཔེར། བླ་མ་ཟེར་ཡང་མི། གསེར་སྐུ་ཟེར་ཡང་རག །ཅེས་ལབ་པ་ལྟར། བླ་མ་ཅི་འདྲ་བཟང་ཡང་། མིའི་ཤ་ཚུགས་སུ་གྲུབ་ནས་བཟུང་སྟེ། འཇིག་རྟེན་གྱི་མི་སྤྱི་དང་མཐུན་པར་ན་རྒྱུ་དང་ཚ་རྒྱུ་ལོས་ཡོད། དེ་ནི་ངན་རྟགས་གང་ཡང་མ་ཡིན། གོ་ཐོས་ལ། ནུབ་ཕྱོགས་པ་གཅིག་གིས་བོད་ཀྱི་བླ་མ་ཞིག་བསྟེན་ནས། དད་པ་དང་དག་སྣང་སྐྱེས། བླ་མ་སངས་རྒྱས་དངོས་མཐོང་གི་ཉམས་ཤར། ཉིན་ཞིག་བླ་མ་མཇལ་དུ་ཡོང་བར། ཉེ་གནས་ཀྱིས། དེ་རིང་བླ་མ་ཆམ་ནད་ཚབས་ཆེན་ཕོག་འདུག་པས་མཇལ་ཁ་གནང་མི་ནུས་ཞེས་ལབ་པས། མི་དེའི་སེམས་ལ། བླ་མ་དེ་འཕགས་པའི་སྐྱེས་བུ་གྲུབ་རྟགས་དང་རྫུ་འཕྲུལ་ཅན་ཞིག་ཡིན་ཚེ་ཆམ་ནད་འབྱུང་མི་འོང་ཡང་། ད་ལྟ་ཁོང་ལ་དེ་བྱུང་འདུག་པས། འཕགས་པའི་སྐྱེས་བུ་ཞིག་ཡིན་ནམ་སྙམ་པའི་ཐེ་ཚོམ་ཤར་ཏེ། སེམས་ཕམ་པའི་ལོ་རྒྱུས་ཡོད། ཡང་དག་པའི་བླ་མའི་མཚན་ཉིད་ནི། མདོ་སྔགས་ཀྱི་གཞུང་ལ་མཁས་ཤིང་། ཉམས་རྟོགས་ཀྱིས་ཐུགས་རྒྱུད་ཕྱུག །གདུལ་བྱ་ཐར་ལམ་སྟོན་མཁས་པ་ཞིག་ལ་གོ་དགོས་ཀྱི། ལྷ་ཡུལ་ནས་ད་ལྟ་རང་དུ་མར་ས་ཐོག་ཏུ་རྫུ་འཕྲུལ་གྱིས་ཕེབས་པའི་ལྷ་འོད་མདངས་ལུས་ལ་བཀྲ་བ་ལྟ་བུ་ཞིག་ཡིན་ག་ལ་དགོས། དང་པོ་བླ་མ་མཚན་ཉིད་དང་ལྡན་པ་རྙེད་དཀའ། བར་དུ་མདོ་རྒྱུད་ཀྱི་གཞུང་བཞིན་དུ་བསྟེན་ཚུལ་ཤེས་དཀའ། ཐ་མར་འབྲེལ་བ་དགེ་བ་ཅན་གྱི་འཕྲོ་སྐྱོང་དཀའ། ལོག་ལྟའི་འདྲེ་བོ་ཆེ་དབང་བཙན་ཞིང་མཐུ་མྱུར་བས། གཟབ་གཟབ་མ་བྱེད་ཚེ་རྐྱེན་ཅུང་ཙམ་ལ་བསྟེན་ནས་དེའི་དབང་དུ་ཤོར་སླ། བཞི་པ་རང་གི་བྲང་ཁང་སོགས་ལ་ལེ་ལོ་དང་སྐྱིད་གཡེང་འདྲེ་རྒོད་པས་གཉན་ས་ཆེས་བཙན་པ་ཡིན། དེ་དག་ཏུ་གནས་ཚེ། ལོག་ལྟ་དང་། ཐེ་ཚོམ་སོགས་ཀྱི་དབང་དུ་མ་གྱུར་ཀྱང་། འདོད་ཡོན་སྣ་ཚོགས་པ་ཟས་ཞིམ་པོ་དང་། གོས་འཇམ་པོ། ལྟད་མོ་སོགས་ལ་སེམས་གཡེངས་ནས་ནམ་འཆི་ཆ་མེད་བརྗེད། ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་ལྟ་ཞོག །ཆོས་ལ་བློ་ཁ་ཙམ་ཡང་མི་ཕྱོགས་པར་བསྡད། རྐྱེན་ངན་ཐོག་ཏུ་བབས་ཚེ། རེ་ཞིག་བདུན་ཕྲག་དང་ཟླ་བ་ཁ་ཤས་ཀྱི་རིང་ལ་ཆོས་སྒྲུབ་ཁུལ་བྱེད། རིམ་གྱིས་རྐྱེན་དེ་ཞི་ཚེ། སླར་འཇིག་རྟེན་གྱི་བདེ་བར་སེམས་གཡེངས། མི་ཚེའི་སྙིང་པོ་བརྗེད། སྔོན་ཆད་ཆོས་སྒྲ་རྣ་བས་ཐོས་མ་མྱོང་བ་བཞིན་དུ་བསྡད། དེང་གི་སྟོབས་འབྱོར་ཕུན་སུམ་ཚོགས་པའི་རྒྱལ་ཁབ་དུ་མར་ཆོས་སྒྲུབ་མཁན་ཇེ་ཉུང་དུ་འགྲོ་བའི་རྒྱུ་གཅིག་ནི། མི་མང་པོས་གནས་སྐབས་ཀྱི་འདོད་ཡོན་ལོངས་སྤྱོད་ལ་སྐྱབས་སུ་སོང་བས། གཞན་བྱ་བ་གལ་ཆེན་རྣམས་བརྗེད་པས་ལན་པ་འདྲ། སྔོན་ཆད་རྒྱལ་པོ་དང་ཕྱུག་ཆེན་རེ་མ་གཏོགས་མི་རྣམས་ཀྱིས་འཚོ་བ་སླ་བོར་རོལ་ཡོད་ཀྱང་། དུས་རབས་འདིར་མི་མང་པོས་འབྱོར་བ་མི་དམན་པ་ཐོབ་པས། ཟས་དང་གོས་ཀྱི་དཀའ་བ་མེད་ཅིང་། རང་ཁྱིམ་དུ། ཤ་ཆང་ཤིང་ཏོག་ཟས་རིགས་ཕུན་སུམ་ཚོགས་པ་དང་།  གློག་བརྙན་སོགས་ཡ་མཚན་པའི་ལྟད་མོ་སྣ་ཚོགས་ལ་རོལ་ནས། འཇིག་རྟེན་གྱི་འདོད་ཡོན་གྲངས་མང་བ་སྤྱོད། ཕྱི་ལུས་ལ་དཀའ་སྡུག་ཆེན་པོ་མེད་པར། གནས་སྐབས་སུ་ལྷ་ཡུལ་དུ་སྐྱེས་པ་དང་འདྲ་བར། མ་བརྟག་ཉམས་དགའ་བའི་འཚོ་བ་ལ་རོལ་བཞིན་དུ་དུས་ཚོད་གྲངས་མེད་པ་ཆུད་ཟོས་གཏོང་སླ། མར་ཉལ་སའི་ནང་དུ་བདེ་བར་ཉལ་ནས་ལག་འཁྱེར་ཁ་པར་སོགས་ལ་མིག་བསྒྲད། བྲོ་གླུ་ངག་འཁྱལ་སོགས་ལ་བལྟས་ནས་དུས་ཡུན་རིང་པོ་གར་སོང་མི་ཤེས། ལྷག་ཏུ་རང་ལ་བཟའ་ཟླ་ཞིག་ཡོད་ཚེ། དེ་དང་མཉམ་དུ་བདེ་ལྷོད་ངང་བསྡད་ཅིང་། ཀུ་རེ་སོགས་དོན་མེད་ཀྱི་གཏམ་སྨྲས་ནས་ཉིན་དང་ཟླ་བ་མང་པོ་མྱུར་དུ་རྫོགས་འགྲོ། ཅི་བྱས་ཡོད་ཟེར་ན། དོན་སྙིང་ལྡན་པའི་བྱ་བ་ཅི་ཡང་བསྟན་རྒྱུ་མེད། ཅི་བསམས་སོང་ཟེར་ན། སེམས་ནང་ནས་འདི་རྙེད་སོང་ཟེར་དོན་ཟབ་མོ་གཅིག་ཀྱང་བརྗོད་རྒྱུ་མེད། མཐར་ཡེངས་མ་ལམ་གྱི་ངང་དུ་དལ་འབྱོར་གྱི་མི་ཚེ་ཟད་ནས། རིན་པོ་ཆེའི་གླིང་ནས་ཕྱིར་ལག་སྟོང་དུ་ལོག་པ་བཞིན་དུ་འཆི་བདག་གི་གྲོང་དུ་དབང་མེད་བསྐྱོད་པའི་དུས་ཤིག་འོང་། སྔོན་ཀོང་ཡུལ་གྱི་སྔགས་པ་རྟོགས་ལྡན་ཐུགས་དྲང་པོ་ཡོད་མཁན་ཞིག་ལ། ཁྱེད་རང་གཉན་སར་ཕེབས་ཨེ་མྱོང་དྲིས་པས། གཉན་སར་འགྲོ་དགོས་དོན་ཅི་ཡོད། ང་ཆང་ས་བརྒྱབ་ཡོད་མཁན་ཡིན་པས། ངའི་བུད་མེད་ལས་ལྷག་པའི་གཉན་ས་ཤིག་མི་འདུག་གསུངས་པ་ཤིན་ཏུ་མད་པར་སྣང་། འཇིག་རྟེན་ཁྱིམ་པར་མཚོན་ན། དང་པོ་ཕོ་མོ་གཉིས་ཀྱི་བར་ལ་བརྩེ་བ་ཆགས། ཕན་ཚུན་ལ་ཡིད་དབང་ཤོར་ནས་ལུས་དང་གྲིབ་མ་བཞིན་དུ་འགྲོག་སྙིང་འདོད། མཚན་མོར་རྨི་ལམ་ཚུན་ཆད་དུ་མཛའ་གྲོགས་དེའི་རྗེས་འདེད། ཉིན་མོར་ངོ་བལྟས་ཐེངས་རེ་འཛུམ་གྱིས་གང་། ཁྱོད་ཀྱིས་འདི་ཟོ་དང་ཁྱོད་ཀྱིས་དེ་འཐུང་ཞེས་ཡ་རབས་ཀྱི་ཚིག་སྔགས་བཞིན་དུ་བཟླ། དེའི་ཅི་བྱེད་ཐམས་ཅད་མཛེས་པར་སྣང་། ད་ནི་འདི་དང་མི་ཚེ་གང་བོར་འགྲོག་ན་དེ་ལས་སྐལ་པ་བཟང་པོ་མེད་ཅིང་། སྐྱིད་ཀྱི་འགོ་ཚུགས་འོང་སྙམ་ནས། མི་དེ་དང་ཆང་ས་བརྒྱབ། གཉེན་ཉེ་གྲོགས་པོ་གྲངས་མང་བ་དམག་དཔུང་ལྟ་བུ་སླེབས། བླ་མ་དང་གྲྭ་པ་ན་བཟའ་རྫིག་པོ་བཞེས་མཁན་འགའ་བྱོན་ནས། ཁྲུས་དང་ཕྱྭ་འབོད་གནང་། དེ་ནས་ཟླ་བ་གཅིག་ཙམ་འགོར་བ་ན། དོན་མེད་པར་རྩོད་རྙོག་སྣ་ཚོགས་ཀྱི་གཞི་བཙུགས། སེམས་ལ་སྔར་མེད་པའི་སྡུག་བསྔལ་སོགས་རྣམ་རྟོག་གི་འདྲེ་མང་པོ་འབྱུང་བཞིན་ཡོད་པས། བཟའ་ཟླ་དང་དགའ་གྲོགས་མང་པོ་ཞིག་ནི་ལས་སྨོན་བཟང་པོའི་སྒོ་ནས་མཉམ་དུ་འདུས་པ་མ་ཡིན་པར། ཚེ་སྔོན་མའི་ལས་ཀྱི་ལན་ཆགས་མ་ཟད་པའི་དབང་གིས། སླར་སྐྱེ་བ་འདིར་མཉམ་དུ་འཛོམས་པ་ཡིན་ཏེ། འཕགས་པ་ཀ་ཏྱཱ་ནས། ཕ་ཤ་ཟ་ཞིང་མ་ལ་རྡེག །ལས་ངན་དགྲ་བོ་པང་ན་བཟུང་། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་འཁོར་བའི་རང་བཞིན་མཁྱེན་པས་གཟིགས་ནས་གསུངས་པ་བཞིན་ལགས། ཡང་བླ་མ་དང་གྲྭ་པ་ཚོ་ཡང་ཕར་བལྟས་ཚེ་ཕྱི་བདེ་ཞིང་ནང་ཞི་བར་བཞུགས་པ་འདྲ་ཡང་། ང་ཆེ་སྙམ་པའི་ང་རྒྱལ་གྱི་འདྲེ་དང་། གྲགས་འདོད་ཀྱི་འདྲེ་དང་། གྲུབ་མཐའ་ཆགས་སྡང་གི་འདྲེ་སོགས་ཀྱི་དབང་དུ་གྱུར་སྲིད་པས། གནས་གང་དུ་བཅའ། ས་གང་དུ་འགྲོ་ཡང་ཉོན་མོངས་དུག་ལྔའི་འདྲེ་གདོན་རྣམས་ཀྱིས་རྗེས་བསྙེག་འོང་ན། ཐམས་ཅད་གཉན་སར་མ་འགྱུར་བ་མེད་པ་མཁྱེན་པར་མཛོད་ཅིག །ཁྱད་པར་དུ་གྲུབ་མཐའ་ཆགས་སྡང་ལ་གཟབ་གཟབ་གནང་དགོས་པར་འདུག་པར་སྟེ། རང་གཅིག་པུ་མ་ཟད། རང་དང་ཆོས་བརྒྱུད་གཅིག་པའི་ཆོས་གྲོགས་ཟེར་བ་མང་པོ་མཉམ་དུ་འདུས་ནས། རང་ལུགས་བཟང་ཚུལ་དང་། གཞན་ལུགས་ངན་ཚུལ་མང་པོ་སྔགས་བཞིན་དུ་སྨྲས་ནས། ཚང་མས་དེ་རྣམ་དཀར་གྱི་ལས་ཤིག་ཡིན་སྙམ་འདུག་ཀྱང་། ཞིབ་ཏུ་མ་དཔྱད་ན། བདག་འཛིན་ཆགས་སྡང་གི་འཁོར་ལོ་བསྐོར་བ་ཙམ་ལས་དགེ་བའི་ཆ་ཅི་ཡང་མེད་པ་འདྲ། ཀུན་སློང་བཟང་པོའི་སྒོ་ནས་རང་གཞན་གྱི་རྒྱུད་ལ་ཤེས་རབ་བསྐྱེད་པའི་ཆེད་དུ་གཞན་ལུགས་དགག་པ་དང་། རང་ལུགས་བཞག་ན་ཆོས་དང་མཐུན་ཞིང་། སྔོན་གྱི་དམ་པ་གོང་མ་རྣམས་ཀྱི་མཛད་ཚུལ་དང་མི་འགལ་བ་མ་གཏོགས། ཆགས་སྡང་གི་སྒོ་ནས་དེ་དག་བརྩམས་ན་ཕན་ཡོན་ལས་ཉེས་དམིགས་ཆེ་བས། ཀུན་མཁྱེན་ཆེན་པོས། བླ་མ་བཀའ་བརྒྱུད་གྲུབ་མཐའ་ལ་སོགས་པ། །ཕྱོགས་རིས་ཁ་འཛིན་ཞབས་ཏོག་ཡིན་སྙམ་ཡང་། །རང་བསྟོད་གཞན་སྨད་ཆགས་སྡང་དག་གི་རྒྱུ། །ཐམས་ཅད་བསྐྱུར་བ་ཁོ་བོས་སྙིང་གཏམ་ཡིན། །ཞེས་དང་། རྗེ་ཞབས་དཀར་པས། ཐར་འདོད་ཐར་པའི་ལམ་ལ་འགོད་པའི་ཕྱིར། །ལོག་རྟོག་ལུང་དང་རིགས་པས་སེལ་བ་ནི། །བསྟན་ལ་ཕན་པའི་དགག་སྒྲུབ་ཡིན་མོད་ ཀྱི། །རང་གཞན་གྲུབ་མཐའ་ཆགས་སྡང་ལ་བརྟེན་ནས། །སྐྱེས་བུ་དམ་པ་རྣམས་དང་དེ་ཡི་ལུགས། །སྨད་པའི་དགག་སྒྲུབ་འདི་རྣམས་དམྱལ་བའི་རྒྱུ། །ཞེས་རིན་ཐང་བྲལ་བའི་བསླབ་བྱ་གསུངས་སོ། །དྲུག་པ་ཕུང་པོ་གཟན་སྐྱུར་གྱིི་གདམས་པ་ལ། སྔོན་འགྲོའི་རིམ་པ། དངོས་གཞི་ལུས་སྦྱིན་ལ་འཇུག་པ། རྗེས་བསྔོ་བ་གསུམ་དུ་དབྱེ་བ་ལས། དང་པོ་སྔོན་འགྲོའི་རིམ་པ་ལ། སྐྱབས་འགྲོ། སེམས་བསྐྱེད། མཎྜལ། བླ་མའི་རྣལ་འབྱོར་རོ། །སྐྱབས་འགྲོ་ལའང། ཚོགས་ཞིང་གསལ་བ། སྐྱབས་དངོས་སུ་འགྲོ་བ་གཉིས་ཡོད་པ་ལས། དང་པོ་ཚོགས་ཞིང་གསལ་བ་ནི།