དཀར་ཆག
དཔེ་དེབ

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དོན་འགྲེལ་རིག་འཛིན་དགྱེས་པའི་བདུད་རྩི་བཞུགས།

ཕཊཿ
རང་སྣང་འོད་གསལ་བདེ་བ་ཆེན་པོའི་དབྱིངསཿ
འབད་རྩོལ་སྤྲོས་པ་བྲལ་བའི་ནམ་མཁའ་ལཿ
རྩ་བའི་བླ་མ་དྲུག་པ་རྡོ་རྗེ་འཆངཿ
དགོངས་བརྡ་སྙན་བརྒྱུད་བླ་མ་ཡི་དམ་ལྷཿ
མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྲིན་ལྟར་གཏིབསཿ
མ་འགགས་འཇའ་ཚོན་ཐིག་ལེའི་ཀློང་དུ་གསལཿ

ཞེས་མ་དག་པའི་ཞེན་སྣང་ཕྲ་རགས་ཀྱི་ཡོལ་བ་དང་བྲལ་བའི་རང་སྣང་རྣམ་པར་དག་ངོར། འདུས་བྱས་ཀུན་རྫོབ་ཀྱི་རྒྱུ་རྐྱེན་གྱིས་གསར་དུ་མ་བཟོས་པར་རང་བྱུང་རང་ཤར་དུ་གྲུབ་པ། གློ་བུར་གྱིི་སྒྲིབ་ཚོགས་མཐའ་དག་དབྱིངས་སུ་ཟད་པས་འཁོར་བ་རྩད་ནས་ཞིག་ཅིང་། འབད་རྩོལ་ཀྱི་སྤྲོས་པ་ཐམས་ཅད་ཀྱིས་མ་གོས་པའི་དོན་གྱི་འོག་མིན། གཉུག་མ་ཡེ་ཤེས་ཀྱི་རིག་གདངས་འོད་གསལ་བདེ་བ་ཆེན་པོའི་ཞིང་ཁམས། དེ་མཚོན་བྱེད་རང་ཉིད་ཐ་མལ་དུ་གནས་པའི་མདུན་གྱི་ནམ་མཁའ་རུ། ནང་དབྱིངས་ཕྲ་བའི་ཡེ་ཤེས་ཀྱི་རྩེད་འཇོ་མ་འགག་པར་སྣང་བ་ལྷུན་གྲུབ་འཇའ་ཚོན་འོད་ལྔའི་ཐིག་ལེ་ཉམས་དགའ་བ་འཁྱིལ་བའི་དབུས་སུ། ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་དཔལ་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་ནམ་མཁའ་ལྟར་མཐིང་བས་འཁོར་འདས་ཡོངས་ཁྱབ་ཆོས་ཀྱི་དབྱིངས་རྒྱ་ཡན་པ་མཚོན་པ། ཕྱག་གཉིས་ཀྱིས་ཐབས་རྡོ་རྗེ་དང་ཤེས་རབ་དྲིལ་བུ་ཐུགས་ཀར་འཛིན་པས་ཐབས་ཤེས་ཟུང་འཇུག་གི་ཕྱག་རྒྱ་མཚོན་པ། ཞབས་གཉིས་དཀྱིལ་དྲུང་དུ་བཞུགས་པས་འཁོར་འདས་མཉམ་པར་བརྡལ་བ། རིན་པོ་ཆེའི་པྲོག་ཞུ་མནབས་པས་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་དུ་མཚོན་པ། སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་མ་ལུས་པ་རྫོགས་པའི་བརྡར་དར་དང་རྒྱན་ཆ་བསྣམས་པ། རིགས་བརྒྱ་རིགས་ལྔ་གསང་ཆེན་རིགས་གཅིག་འདུས་པའི་བདག་ཉིིད་དུ་བཞུགས་པ་ལ། སྟེང་གི་ཆ་ལ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པའི་བླ་མ། ཤོག་སེེར་ཚིག་གི་བརྒྱུད་པ། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། བཀའ་བབས་དོན་གྱི་བརྒྱུད་པའི་བླ་མ་རྣམས་དང་། བར་གྱི་ཆ་ལ། སྔགས་རྒྱུད་སྡེ་བཞི་དྲུག་དང་འབྲེལ་བའི་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་དཔུང་ཚོགས་སྤྲིན་བཞིན་དུ་བཞུགས་པར་བསྐྱེད། ཁྱད་པར་རྩ་བ་དང་བརྒྱུད་པའི་བླ་མ་གསལ་བ་གལ་ཆེ་བས། མང་པོ་བསྐྱེད་མི་ནུས་ཀྱང་། བསྟན་པའི་བདག་པོ་རྒྱལ་བ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནས་བཟུང་སྟེ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མ་ཅིག་ལབ་ཀྱི་སྒྲོལ་མ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པ་རྣམས་གསལ་བ་གལ་ཆེ། སྤྲོ་ན་དེ་མན་ཆད་ནས་རང་རང་སོ་སོའི་ཐུན་མོང་མ་ཡིན་པའི་བརྒྱུད་པའི་བླ་མ་རྣམས་གསལ་ན་ལེགས། སྔ་འགྱུར་རྙིང་མ་གཅིག་པུའི་ནང་རོལ་དུ། གངས་ཅན་གྲུབ་པའི་དབང་ཕྱུག་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་གཙོས་འཇིགས་མེད་རྣམ་བཞི། མི་ལ་གཉིས་པ་ཞབས་དཀར་ཚོགས་དྲུག་རང་གྲོལ། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོ། རྒྱལ་སྲས་གཞན་ཕན་མཐའ་ཡས། རྫོགས་སྤྲུལ་མི་འགྱུར་ནམ་མཁའི་རྡོ་རྗེ། དགེ་རྩེ་པཎ་ཌི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ཞེ་ཆེན་རབ་འབྱམས་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ། མཁན་ཆེན་ངག་གི་དབང་པོ། གྲུབ་དབང་པདྨ་ནོར་བུ་སོགས་ཀློང་ཆེན་སྙིང་ཐིག་གི་བརྒྱུད་པ་འཛིན་མཁན་ཤིན་ཏུ་མང་པོ་བྱུང་བ་མ་ཟད། བར་སྐབས་ཤིག་ལ་རྙིང་མ་པ་མང་ཆེ་ཤོས་ཀྱིས་ཀློང་ཆེན་སྙིང་ཐིག་གི་སྒོ་ནས་སྔོན་འགྲོ་འབུམ་ལྔ་བསགས་པ་དང་། རྫོགས་ཆེན་གྱི་གདམས་པ་ཞུས་ཡོད་པས། རང་རང་སོ་སོའི་ཆོས་བརྒྱུད་དང་བསྟུན་པའི་ཀློང་ཆེན་སྙིང་ཐིག་གི་བླ་བརྒྱུད་རྣམས་དང་། གཞན་ཡང་ཞལ་མཇལ། གསུང་ཐོས། ལུང་གནང་། དབང་བསྐུར་བའི་བླ་མ་རང་ལ་དད་པ་ཡོད་པ་རྣམས་བསྒོམ་པར་བྱ། དེ་ནས་བདག་དྲིན་གྱིས་བསྐྱངས་པའི་མ་དང་། ལྟོ་གོས་བསྒྲུབས་པའི་ཕ། ཤ་ཁྲག་གིས་འབྲེལ་བའི་གཉེན་ཉེ། བསམ་པ་དཀར་བའི་མཛའ་གྲོགས། ཕན་པ་སྟེར་བའི་སྦྱིན་བདག །གནོད་པ་བཟོ་བའི་དགྲ་བོ། བར་ཆད་གཏོང་བའི་འདྲེ་བགེགས། ཡུལ་རིགས་དྲུག་གི་གནས་དང་བར་དོར་རྒྱུ་བའི་གཟུགས་ཅན་དང་གཟུགས་མེད་ཀྱི་འགྲོ་བ་མ་ལུས་པ་རྣམས་ཀྱིས་ལག་ཐལ་མོ་སྦྱར། པུས་མོ་ས་ལ་བཙུགས། མིག་གཉིས་སུ་མཆི་མ་འཁྲུགས། ཡིད་ལ་དད་པ་དང་དུང་བའི་རྦ་རླབས་དྲག་ཏུ་འཕྱོ་བཞིན་དུ་སྐྱབས་སུ་འགྲོ་བར་སྙམ། གཉིས་པ་སྐྱབས་དངོས་སུ་འགྲོ་བ་ནི།

ཕཊཿ
རང་བྱུང་གི་རིག་པ་བཅོས་མེད་འདིཿ
སྐྱབས་ཡུལ་གྱི་ངོ་བོར་མ་རིག་པསཿ
སྡུག་བསྔལ་གྱིི་རྒྱ་མཚོར་བྱིངས་པ་རྣམསཿ
སྐུ་གསུམ་གྱི་དགོངས་པས་བསྐྱབ་ཏུ་གསོལཿ

ཞེས་པ་སྟེ། དེ་ཡང་གདོད་མ་ཡེ་སངས་རྒྱས་པ་ཆོས་སྐུ་འོད་གསལ་གྱི་སྙིང་པོ། གཞོམ་གཞིག་སྐྱེ་འཆི་ལས་འདས་པའི་གནས་ལུགས་སེམས་ཀྱི་རྡོ་རྗེ། ངོ་བོ་ཀ་ནས་དག་པས་སྔ་ཕྱིར་འགྱུར་བ་མེད་པ། དེ་རྟོགས་པ་ཙམ་གྱིས་སྐད་ཅིག་གིས་གྲོལ་ནུས་ལ། དེ་མ་རྟོགས་ན་མངོན་སངས་རྒྱས་པའི་ལམ་མེད་པ། ཀུན་རྫོབ་ལས་དང་ཉོན་མོངས་པས་མ་བསྐྱེད་ལ། ཚོགས་དགེ་བ་བསགས་པའི་འབྲས་བུ་ཡང་མ་ཡིན། སྡིག་པས་གནོད་དུ་མེད་ཅིང་དགེ་བས་ཕན་མི་བཏུབ་པ། མདོ་སྔགས་གྲུབ་མཐའི་ཡང་ཞུན་གཅིག་པུ། དོན་གཅིག་ལ་མིང་གི་རྣམ་གྲངས་སུ་བདེ་གཤེགས་སྙིང་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། གཞིར་གནས་ཀྱི་ཡེ་ཤེས། རང་བཞིན་གཞིའི་རྒྱུད། མཁའ་ཁྱབ་མཁའ་ཡི་རྡོ་རྗེ། རྣམ་ཀུན་མཆོག་ལྡན་གྱི་ཕྱག་རྒྱ་ཆེན་པོར་འབོད་པ། མདོ་ལྟར་ན་དོན་དམ་བྱང་ཆུབ་ཀྱི་སེམས། རྒྱུད་ལྟར་ན་རྡོ་རྗེ་ཐེག་པའི་དགོངས་པ་མཐར་ཐུག་དབང་བཞི་པའི་དོན་གྱིི་ཡེ་ཤེས། སེམས་འདས་ཨ་ཏི་ཡོ་ག་ལྟར་ན་ཟང་ཐལ་སྐུ་གསུམ་གྱིི་རིག་པ་དེ་ཉིད་རང་ཆས་སུ་ཡོད་པ་སྟེ། ཤེར་ཕྱིན་གྱི་མདོ་ལས། སེམས་ལ་སེམས་མ་མཆིས་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་དང་། གསང་སྙིང་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་བཙལ་དུ་མེད། །བཙལ་ཡང་རྒྱལ་བས་མ་རྙེད་དོ། །ཅེས་སོགས་ཀྱིས་དེ་ལྟར་དུ་གསལ་བར་བསྟན་པ་དང་། རང་བྱུང་གི་རིག་པ་བཅོས་མེད་ཉིད་གཟོད་མ་ནས་ལུས་ངག་གི་དགེ་བ་རྡུལ་ཙམ་བསྒྲུབ་མ་དགོས་པར། མེའི་རང་བཞིན་ཚ་བ་དང་ཆུའི་རང་བཞིན་རློན་པར་གནས་པ་ལྟར་དུ། སེམས་ཀྱི་ཆོས་ཉིད་འོད་གསལ་བའི་རང་བཞིན་དུ་རང་ཅག་གི་རྒྱུད་ལ་ལྷན་སྐྱེས་ཀྱི་ཚུལ་དུ་གནས་ཡོད་ཀྱང་། ཀརྨ་གླིང་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། རང་སེམས་མཐའ་བྲལ་ཆོས་སྐུར་མ་རྟོགས་པར༔ གཏི་མུག་རྨོངས་པས་འཁོར་བར་འཁྱམས་པ་ཡི༔ སྡུག་བསྔལ་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་ཆོས་སྐུ་ཐོབ་པར་ཤོག༔ ཅེས་གསུངས་པ་ལྟར། སེམས་རང་གི་གཤིས་ལུགས་རང་གིས་མ་མཐོང་བའི་ཐོག་མའི་མ་རིག་པ་དེའི་ཁོལ་བོར་ལུས་ནས། སངས་རྒྱས་ཀྱི་ཡེ་ཤེས་རང་ལ་ད་ལྟར་ཡོད་པ་མ་རྟོགས་པ་དང་། དེའི་དབང་གིས་སངས་རྒྱས་གཞན་དུ་འཚོལ་བ་ལག་ན་ཡིད་བཞིན་ནོར་བུ་ཡོད་བཞིན་དུ་གཞན་དུ་ནོར་བཙལ་བའི་དཔེ་ལྟར་དུ་གྱུར་ནས། ཉོན་མོངས་པས་བསྐྱེད་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ཡུན་རིང་དུ་འཕྱན་པའི་བདག་དང་བདག་ལྟའི་འགྲོ་བ་སྙིང་རྗེ་བའི་ཡུལ་དུ་གྱུར་པ་དག་གིས་ད་ནས་བཟུང་སྟེ། དབྱིངས་ཡེ་ཟུང་འཇུག་ཆོས་སྐུའི་དགོངས་པ། ཡེ་ཤེས་ལྔ་ལྡན་ལོངས་སྐུའི་དགོངས་པ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུའི་དགོངས་པ་སྟེ། སྐུ་གསུམ་གྱི་དགོངས་པ་དབྱེར་མ་མཆིས་པའི་ངང་དུ་བཞུགས་པ། ཡེ་གནས་གདོད་མའི་མགོན་པོ་རང་བྱུང་གི་རིག་པ་འདི་ལ་སྐྱབས་སུ་འཆིའོ་ཞེས་སྙམ། དེ་འདྲའི་ཀ་དག་འོད་གསལ་གྱིི་རིག་པ་དེ་ཡང་ཐག་རིང་པོ་དང་དུས་གཞན་དུ་གནས་པ་མ་ཡིན་པར། ད་ལྟ་རང་དུ་བཞུགས་པའི་བཞི་ཆ་གསུམ་བྲལ་གྱི་རིག་པ་ཟང་ཐལ་ལེ་བ་འདི་ཡིིན་པས། འཇམ་མགོན་མི་ཕམ་པས། ཡེ་ནས་གནས་པའི་རྩོལ་བས་བསྒྲུབ་པ་དང་། །དབང་བོའི་ཁྱད་པར་སོགས་ལ་མི་ལྟོས་ཀྱང་། །སླ་བས་ཡིད་མ་ཆེས་པའི་སེམས་ཀྱི་གསང་། །བླ་མའི་མན་ངག་སྟོབས་ཀྱིས་མཐོང་གྱུར་ཅིག །ཅེས་གསུངས། རྙིང་མ་པ་རྣམས་ཀྱིས། ད་ལྟའི་ཤེས་རིག་མ་འགགས་ས་ལེ་བ༔ ཀུན་བཟང་གདོད་མའི་མགོན་པོ་དེ་ཀ་འོ༔ ཅིར་ཡང་མ་གྲུབ་སྟོང་དབྱིངས་ཀུན་བཟང་མོ༔ དེ་ཉིད་རྟོགས་ན་སྐད་ཅིག་རྫོགས་འཚང་རྒྱ༔ ཞེས་རྒྱུན་དུ་འདོན་བཞིན་པ་འདི་ལ་བསམ་བློ་ཡག་པོ་རེ་ཐོངས་དང་། འདི་ལས་ཟབ་པའི་དོན་ཞིག་མདོ་སྔགས་གང་གི་ནང་དུ་མི་ལོ་བརྒྱར་བཙལ་ཀྱང་རྙེད་རྒྱུ་མེད་དེ། ད་ལྟའི་ཐ་མལ་གྱི་ཤེས་པ་མ་བཅོས་པར་བཞག་ཚེ། དུས་གསུམ་གྱི་རྟོག་པས་མ་བསླད་ཅིང་། ངོ་བོ་སྟོང་ལ། རང་བཞིན་གསལ་བ། རང་བྱུང་གི་རིག་པ་ཟང་ཐལ་ལེ་བ་ཞིག་མྱུར་དུ་ཤར་རྒྱུ་ཡོད་པ་འདི་གང་ཡིན་ཧ་གོ་ཚེ། སེམས་ཀྱི་ཆོས་ཉིད་སྐུ་གསུམ་གྱི་རིག་པར་སོང་བས། འདི་ལས་ལོགས་སུ་རང་བྱུང་གི་རིག་པ་བཅོས་མེད་ཞེས་བྱ་བ་མེད། འདི་ལས་ལོགས་སུ་གྲུབ་ན། ནང་བསྒོམ་ན་ནང་སངས་རྒྱས། ནུབ་བསྒོམ་ན་ནུབ་སངས་རྒྱས་ཞེས་རྫོགས་པ་ཆེན་པོའི་ཆོས་ལ་བསྟོད་ར་གཏོང་རྒྱུ་ཡོད་པ་དེ་ཇི་ལྟར་འགྲེལ་དགོས་སམ། རྒྱ་གར་ཕ་དམ་པས། སངས་རྒྱས་ཟེར་བའི་སྒྲ་བོ་ཆེ་གཡེར་པོ་རྩིས་པོ་ཆེ་དེ་ཡང་ཡེ་གདོད་མ་ནས་ང་དང་བདག་མེད། ཕྱོགས་དང་རིས་མེད། གཟུང་བ་དང་འཛིན་པ་མེད། བཟུང་བས་མ་ཟིན། བཏང་བས་མ་ཐོང་། བཞག་པས་མ་ཞོག །བཤིག་པས་མ་གཞིག །ཕྲལ་བས་མ་ཕྲོལ་དེ་ཁྱེད་རང་གི་གན་ན་འདུག་པའི་ཤེས་པ་ཁྱུག་གེ་བ་འདི་རང་ཡིན་ནོ། །ཞེས་ཆོས་སྐུའི་རིག་པ་དེ་དུས་དང་ཡུལ་གཞན་དུ་བཙལ་མི་དགོས་པར། སྤུ་མ་བརྗེས། མདོག་མ་བསྒྱུར། སྒོམ་གྱིས་མ་བཅོས། སྔགས་ཀྱིས་མ་བརླབས། དགག་སྒྲུབ་ཀྱི་རྩོལ་བས་མ་བཅིངས་ཤིང་། རང་སར་གནས་པའི་ད་ལྟའི་ཤེས་རིག་མ་བཅོས་པ་འདི་ལས་མེད་པར་གསུངས་པས། མཐར་འཕགས་བོད་ཀྱི་རིག་འཛིན་རྣམས་ཀྱི་དགོངས་བཞེད་འགལ་བ་མེད་པར་གནད་གཅིག་ལ་བབས་པ་ཨེ་མ་ཧོ། སྤྱིར་སྐྱབས་འགྲོ་ལ་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ཉིད་བཅས་ལས་འདི་ནི་བཞི་པ་སྟེ། སྐྱབས་འགྲོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཆོས་ཉིད་དོན་དམ་པའི་སྐྱབས་འགྲོར་སོང་བ་མ་ཟད། ད་ལྟའི་རང་རིག་འདི་ལས་ཐོབ་བྱ་ཡན་གར་བ་མེད་པའི་དོན་ཤིན་ཏུ་ཟབ་པ་ལ་ཐེ་ཚོམ་སྤངས་ནས། དེ་རང་རྒྱུད་ལ་མངོན་དུ་གྱུར་པའི་སླད་དུ། དུས་གསུམ་རྒྱལ་བ་རྣམས་ཀྱི་ཐུགས་བརྒྱུད་ལ་བཞུགས་པའི་སྐུ་གསུམ་གྱིི་ཡེ་ཤེས་ལ་སྐྱབས་སུ་སོང་ཚེ། རྒྱུ་སྐྱབས་དང་འབྲས་སྐྱབས་གཉིས་ཀ་ཚང་སྟེ། སེམས་ཉིད་ངལ་གསོའི་འགྲེལ་བར་གསང་སྔགས་པའི་ཐུན་མོང་མ་ཡིན་པའི་སྐྱབས་འགྲོའི་མཚན་ཉིད་གསུངས་སྐབས་སུ། དེའང་དཀྱིལ་འཁོར་སོ་སོའི་དཀོན་མཆོག་གསུམ་དང༌། བསྟན་པ་སྤྱིའི་དཀོན་མཆོག་གསུམ་གཉིས་ཀ་རྒྱུའི་སྐྱབས་ཡུལ་དུ་འདོད་ལ། དེ་ལ་སྐྱབས་སུ་འགྲོ་བ་ནི་རྒྱུའི་སྐྱབས་འགྲོའོ། །རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དཀོན་མཆོག་གསུམ་ཡེ་ནས་གནས་པ་ནི་འབྲས་བུའི་སྐྱབས་ཡུལ་ཏེ། དེ་ལ་བླང་དོར་དང་བཅོས་བསླད་མེད་པར་རྩེ་གཅིག་ཏུ་འཇོག་པ་ནི་འབྲས་བུའི་སྐྱབས་འགྲོའོ། །ཞེས་གསུངས་པ་མཐུན། དོན་དམ་པར་སྐྱབས་སུ་འགྲོ་བ་པོ་དང་། སྐྱབས་སུ་འགྲོ་བའི་ཡུལ། སྐྱབས་སུ་འགྲོ་བ་དག་ཐ་དད་དུ་མེད་པར་དམིགས་གཏད་ཀུན་བྲལ་སྤྲོས་བྲལ་ཟང་ཐལ་ཆེན་པོའི་དགོངས་པར་གཞོལ་བར་བྱ་སྟེ། མདོ་ལས། རབ་འབྱོར་གང་ལ་སངས་རྒྱས་ཀྱང་མི་དམིགས། ཆོས་དང་དགེ་འདུན་ཡང་མི་སེམས་ན། འདི་ནི་ཡང་དག་པའི་སྐྱབས་འགྲོའོ། །ཞེས་གསུངས། སྤྱིར་ཆོས་དང་འཕགས་པའི་དགེ་འདུན་ནི་གནས་སྐབས་ཀྱི་སྐྱབས་ཙམ་ལས་མ་འདས་ཤིང་། མཐར་ཐུག་གི་སྐྱབས་ནི་སངས་རྒྱས་དང་། དེའང་ཆོས་སྐུ་འདུས་མ་བྱས་པ་ཁོ་ནར་སོང་བས། རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་མཐོང་ལ་ཞུགས་པ་སྟེ། །སྐྱེས་བུ་དེ་ནི་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་འདུས་མ་བྱས། །ཞེས་དང་། བརྒྱད་སྟོང་པ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུར་བལྟ་བར་བྱའོ། །གཟུགས་ཀྱི་སྐུར་བལྟ་བར་མི་བྱའོ། །ཞེས་གསུངས་པ་དང་། དེ་བཞིན་དུ་ངོ་བོ་ཀ་ནས་དག་པའི་ཡེ་ཤེས་དེ་ངོ་བོ་སྐུར་བཞུགས་ཀྱང་། སྐུ་གསུམ་འཆར་གཞི་ཙམ་ལས། ཞལ་ཕྱག་ཏུ་གྲུབ་པ་མེད་ཅིང་། གལ་ཏེ་དེ་ལ་རྣམ་པ་གཟུགས་ཅན་དུ་མཆིས་ན། རང་ཤར་ལས། ཆོས་སྐུ་རྣམ་དག་ཆེན་པོ་ལ། །དངོས་པོ་བཟུང་དུ་མེད་པའི་ཕྱིར། །མཚན་མ་ཅན་དུ་རྟག་པ་མེད། །གལ་ཏེ་མཚན་མ་ཡོད་ནའང་། །ཆོས་སྐུ་བཟུང་དུ་ཡོད་པར་འགྱུར། །ཞེས་ཆོས་སྐུ་འདུས་བྱས་མཚན་མ་ཅན་དུ་ཐལ་བ་འཕངས་པ་དང་། འོད་ལྔའི་རང་བཞིན་སོགས་ཁ་དོག་ཅན་དུ་འདོད་ན། དེ་ཉིད་ལས། མཚན་མ་ཅན་དུ་རྟོག་པས་ན། །ཆོས་སྐུ་གཟུགས་སྐུར་ཡོད་པར་འགྱུར། །ཞེས་ཆོས་སྐུ་དང་གཟུགས་སྐུ་གཉིས་གཅིག་ཏུ་འདྲེས་པའི་ཐལ་བ་འཕངས་པ་ལྟར་ཡིིན། སྐྱབས་སུ་འགྲོ་སྐབས་སུ་གནས་སྐབས་དང་མཐར་ཐུག་གི་སྐྱབས་གནས་གཉིས་ཡོད་པ་ལས། མཐར་ཐུག་གི་སྐྱབས་ནི་སྐུ་གསུམ་དབྱེར་མེད་རང་བྱུང་ཆོས་སྐུའི་རིག་པ་འདི་ཁོ་ན་ཡིན་པས། ཀུན་རྫོབ་ཙམ་དུ་རང་ཉིད་སྐྱབས་སུ་འགྲོ་བ་པོའི་འདུ་ཤེས་ཤིག་འཛིན་དགོས་པ་བདེན་ཀྱང་། དོན་དུ་རང་གི་སེམས་ཉིད་འོད་གསལ་བར་སྐྱབས་སུ་འགྲོ་ཚེ། སྐྱབས་སུ་འགྲོ་བ་པོ་དང་སྐྱབས་སུ་འགྲོ་བའི་ཡུལ་གཉིས་དངོས་པོ་རང་རྒྱུད་པ་ཐ་དད་དུ་མ་གྲུབ་པས། དོན་འདི་ཐེག་པ་དམན་པར་ཞུགས་པའམ། དབང་པོ་ཐ་མལ་པ་རྣམས་ཀྱིས་ཤིན་ཏུ་རྟོགས་དཀའ་བའི་གནས་ཡིན། ཐེག་ཆེན་སྤྱི་ལ་གྲགས་པའི་བདེ་གཤེགས་སྙིང་པོ་དེའང་མཐར་གཏུགས་ན། རང་བྱུང་གི་རིག་པ་འདི་ལས་ལོགས་སུ་འགྲོ་ས་མེད། མདོ་སྔགས་ཀྱི་གཞུང་གཞན་དུ། བདེ་གཤེགས་སྙིང་པོའི་སྐོར་གྱི་བཤད་པ་རྒྱ་ཆེ་བ་བཞུགས་པ་དང་། དེ་ངོ་སྤྲོད་ཀྱི་ཐབས་དུ་མ་མཆིས་ཀྱང་། དེ་ཉིད་ཐད་ཀར་གདན་ཐོག་གཅིག་ལ་གཞན་དུ་བཙལ་མི་དགོས་པར། ཉི་མ་འོད་ཟེར་འཕྲོ་བཞིན་དུ་ཤར་ཚེ་ལག་མཐིལ་གྱི་དངོས་པོ་ས་ལེར་མཐོང་བ་ལྟར་དུ། དེ་རང་ངོར་སེམས་ཀྱི་ཆོས་ཉིད་དུ་གསལ་ཞིང་ཡོངས་སུ་རྫོགས་པར་ངོ་སྤྲོད་ཐུབ་པ་ལ། ཨ་ཏི་ཡོ་གའི་ལུགས་མ་གཏོགས་མེད་ཅེས་སྨྲས་ན་སྟོང་གཏམ་དུ་མི་འགྲོ། ལུགས་གཞན་དུ་ངོ་སྤྲོད་བྱེད་ཚེ། ཞོགས་པའི་སྐྱ་རེངས་ཙམ་ཤར་ནས་ལག་མཐིལ་གྱི་དངོས་པོ་མཐོང་བ་ལྟ་བུར་སོང་བས། རྫོགས་པ་ཆེན་པོའི་ཆོས་འདི་འཇིག་རྟེན་ན་འགྲན་ཟླ་མེད་པའི་གདམས་ངག་ཏུ་འཁུམས། བདེ་གཤེགས་སྙིང་པོ་ནི་ཐོག་མ་མེད་པ་ནས་རང་ཅག་དང་མཉམ་དུ་འགྲོགས་པའི་སེམས་ཀྱི་རང་བཞིན་འོད་གསལ་བ་འདི་ཡིན་པས། སྲིད་དང་ཞི་བར་གནས་པའི་འགྲོ་བ་ཐམས་ཅད་ལ། མཆོག་དམན་བཟང་ངན་དང་། རིགས་དང་སོ་འཕགས་ཀྱི་དབྱེ་བ་མེད་པར་མཉམ་པར་བརྡལ་ཡོད་ལ། ཁྱབ་ཚུལ་ཡང་སེམས་ཅན་རེ་རེ་ལ་དེ་རེ་རེ་དུམ་བུར་བགོས་པ་བཞིན་དུ་ཕྱོགས་སུ་ལྷུང་བའམ། མུ་སྟེགས་པས་འདོད་པའི་བདག་ཤེས་རིག་གི་སྐྱེས་བུ་འགྲོ་བ་ཐམས་ཅད་ལ་ཁྱབ་པ་ལྟ་བུ་གང་རུང་དུ་མ་གྲུབ། མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཞེས་དམིགས་ཀྱིས་དངོས་པོ་གཞན་ལས་འགྲོ་བ་བཀར་བའི་དོན་ནི། སེམས་མེད་པའི་དངོས་པོ་ཀ་བ་དང་བུམ་པ་ལ་དེས་མ་ཁྱབ་པས་དོན་ཡིན་པ་མ་ཟད། གལ་ཏེ་ཀ་བ་དང་བུམ་པ་ལ་དེས་ཁྱབ་ན། ཀ་བུམ་སེམས་ལྡན་དུ་འགྱུར་ནས། ཀ་བུམ་ལ་སོགས་པའི་བེམ་དངོས་ཐམས་ཅད་རང་གིས་བསགས་པའི་ལས་ཀྱིིས་གྲུབ་པར་ཐལ་བ་དང་། མ་འོངས་པར་བེམ་དངོས་དེ་དག་ལམ་ལ་ཞུགས་ཤིང་ཚོགས་བསགས་ནས། ཀ་བ་དང་བུམ་པ་འཚང་རྒྱ་བའི་དུས་སྐབས་ཡོད་པའམ། སེམས་བསྐྱེད་སྐབས་སུ་ཀ་བུམ་ལ་དམིགས་དགོས་པར་ཐལ་བ་དང་། དགེ་ཚོགས་བསགས་པ་བེམ་དངོས་ལ་ཕན་ཕྱིར་དུ་བསྔོ་དགོས་པར་ཐལ་བར་འགྱུར། གངས་ཅན་གྱི་གྲུབ་མཐའ་སྨྲ་བ་དག་གི་ནང་ཁུལ་ལ། བདེ་བར་གཤེགས་པའི་སྙིང་པོ་གཏན་ལ་འབེབ་ཚུལ་མི་འདྲ་བ་བྱུང་ཡང་། རྟག་ཆད་གང་རུང་གི་ཕྱོགས་སུ་ལྷུང་བ་མེད་པས། དེ་དག་གི་བཞེད་དགོངས་ཐམས་ཅད་ཆུ་བོ་མཐའ་དག་རྒྱ་མཚོའི་ཀློང་དུ་གཞོལ་བ་བཞིན་དུ། དོན་དུ་འགལ་བ་མེད་ཅིང་ཡིད་ཆེས་པའི་གནས་སུ་འཁུམས། རྫོགས་ཆེན་པ་རྣམས་ལ། ཡ་ཀི་རྒྱལ་བ་ཀུན་ཏུ་བཟང་པོ་མན་ཆད། མ་ཀི་སྲིན་བུ་པདྨ་ཡན་ཆད་ཀྱི་རྒྱུད་ལ་བདེ་བར་གཤེགས་པའི་སྙིང་པོས་ཁྱབ་ཅེས་ཚིག་དོན་གཉིས་ཀ་བརྗིད་པ་མང་བོ་གསུང་རྒྱུ་ཡོད། ཡང་བདེ་གཤེགས་སྙིང་པོས་ཀ་བུམ་ལ་ཁྱབ་པར་དམ་མི་བཅའ་ཡང་། ཡེ་གཞིའི་འོད་གསལ་གྱི་རིག་པའི་ཆ་ཕར་གཡུགས་ནས། བདེ་གཤེགས་སྙིང་པོ་དེ་སེམས་བདེན་པར་མ་གྲུབ་པའི་མེད་དགག་ཙམ་གྱི་སྟོང་པ་ཉིད་དུ་འདོད་ན། སྟོང་ཉིད་ཀྱིས་ཁྱབ་ཚད་ལ་དེས་ཁྱབ་པར་འགྱུར་བས། མི་འདོད་བཞིན་དུ་ཀ་བུམ་ལ་དེས་ཁྱབ་པའི་ཁས་ལེན་བཞེས་དགོས་པར་འགྱུར་བ་དང་། ཀ་བའི་སྟེང་གི་སྟོང་ཉིད་ཟེར་བ་ལས་ཁྱད་ཆོས་གཞན་ཅི་ཡང་མ་གྲུབ་པས། བདེ་བར་གཤེགས་པའི་སྙིང་པོ་སྟོན་པའི་མདོ་རྣམས་དང་། རྗེ་བཙུན་བྱམས་པས་རྒྱུད་བླ་མ་བསྩལ་བ་རྣམས་ལ་དགོས་པ་ཆེན་པོ་མེད་པར་འགྱུར་བའི་སྐྱོན་འབྱུང་། སྔགས་ཀྱི་སྐབས་སུ་མཁས་པ་མང་པོས་བདེ་བར་གཤེགས་པ་དང་རྒྱུ་རྒྱུད་གཉིས་དོན་གཅིག་ཏུ་འདོད་ཅིང་། སྐྱེས་བུ་དམ་པ་འགའ་རེས་སྟོང་ཉིད་མེད་དགག་ཉིད་དེ་རྒྱུ་རྒྱུད་དུ་བཞེད་པར་གྲགས་ཀྱང་། གོང་བཞིན་དུ་དེའང་འཐད་མི་ནུས་ཏེ། རྒྱུད་ལ་རྒྱུ་ལམ་འབྲས་གསུམ་དུ་དབྱེ་ཚེ། རྒྱུ་རྒྱུད་དང་། ལམ་ཐབས་ཀྱི་རྒྱུད། འབྲས་བུའི་རྒྱུད་བཅས་ཡོད་པ་ལས། དང་པོ་ལ་རྒྱུན་དང་ཉེར་ལེན་གཉིས་ཀའི་དོན་ཚང་བས། མེད་དགག་ཙམ་གྱི་སྟོང་ཉིད་ལ་རྒྱུན་དང་ཉེར་ལེན་གྱི་ཐ་སྙད་འདོག་མི་འོས། དེ་རྒྱུན་ཡིན་དེ། སྤྱིར་རྒྱུད་ཀྱི་དོན་ནི་རྒྱུན་ཆགས་ཡིན་ལ། རྒྱུ་རྒྱུད་ལ་བཞག་ཚེ། སེམས་ཅན་གྱིས་ས་ནས་སངས་རྒྱས་ཀྱི་བར་དུ་རྒྱུན་ཆགས་སུ་འཇུག་པ་ལ་གོ །དེ་ལ་ཉེར་ལེན་གྱི་ཐ་སྙད་འཇུག་ཚུལ་ནི། རྒྱུ་རྒྱུད་ཉེར་ལེན་དང་། ལམ་གྱི་རྒྱུད་ལྷན་ཅིག་བྱེད་རྐྱེན་གཉིས་མཉམ་དུ་འཚོགས་པ་ལས་འབྲས་བུའི་རྒྱུད་འབྱུང་བས་སྟེ། འདུས་པ་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུ་དེའང་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང་། །མི་འཕྲོག་པ་ཡི་རབ་དབྱེ་བས། །རང་བཞིན་རྣམ་པ་རྒྱུ་ཡིན་དེ། །གཞི་ནི་ཐབས་ཤེས་བྱ་བ་ཡིན། །དེ་བཞིན་མི་འཕྲོག་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས། ཡང་འགའ་རེས་རྒྱུ་རྒྱུད་ནི་ཐབས་ཀྱི་སྦྱང་གཞིར་བཞག་ནས། དེ་ལ་ཆོས་ཅན་ཀུན་རྫོབ་ཀྱི་ཆ་དང་། ཆོས་ཉིད་དོན་དམ་ཆ་གཉིས་ཀྱི་དབྱེ་བ་མཛད་ཅིང་། དང་པོ་ལ་མ་དག་པའི་སྣོད་བཅུད་དེ་བསྐྱེད་རིམ་གྱི་སྦྱང་གཞི་དང་། གཉིས་པར་ཁྱབ་བྱེད་དོན་དམ་པའི་སྐུ་རྣམ་བཅུ་དབང་ལྡན་དང་། དྲི་མ་དང་བཅས་པའི་སེམས་དེ་བཞིན་ཉིད་མི་རྟག་པའི་རང་བཞིན་ཅན་ཞིག་བཞག་པར། གཞན་གྱིས་དེ་སྦྱང་གཞི་སྦྱང་བྱར་ཐལ་བ་སོགས་ཀྱི་དགག་པ་གནང་། དེ་དང་མཚུངས་པར། ཡང་འགའ་རེས་གནས་སྐབས་ཀྱི་སྦྱང་གཞི་དང་མཐར་ཐུག་གི་སྦྱང་གཞི་གཉིས་བཞག་ཅིང་། མཐར་ཐུག་གི་སྦྱང་གཞིར་དྲི་བཅས་དེ་བཞིན་ཉིད་དང་། གནས་སྐབས་ཀྱི་སྦྱང་གཞིར་སྐྱེ་བ་ཀུན་རྫོབ་པའི་བདེན་པ་དང་། འཆི་བ་དོན་དམ་པའི་བདེན་པ་བཞག་པ་དང་། ཡང་འགའ་རེས་སྦྱང་གཞི་ཉིད་བདེ་གཤེགས་སྙིང་པོར་གཏན་ལ་ཕབ་ནས། དེ་ཉིད་རང་སྟོང་མིན་པར་བཞེད་པ་སོགས་མང་དུ་མཆིས། གོང་དུ་བཞེད་ཚུལ་མི་འདྲ་བ་བསྟན་པ་རྣམས་ནི། སོ་སོའི་སྐྱེ་བོའི་ས་ལས་རབ་ཏུ་འཕགས་ཤིང་། ལུང་རྟོགས་ཆོས་ཀྱི་རྒྱ་མཚོ་བདག་གིར་མཛད་པའི་མཁས་གྲུབ་ཆེན་པོ། གངས་ཅན་ཤིང་རྟའི་སྲོལ་འབྱེད་དག་གི་དགོངས་པ་ཡིན་པས། རང་ལུགས་འཛིན་སྐབས་སུ། ཆགས་སྡང་གི་ཀུན་སློང་དང་མ་འདྲེས་པའི་སྒོ་ནས་འཐད་དང་མི་འཐད་ཀྱི་གཏམ་གླེང་པ་ཡ་རབས་ཀྱི་ལུགས་ཡིན་ཀྱང་། མཐའ་གཅིག་ཏུ་རང་གི་བརྒྱུད་པའི་བླ་མ་རྣམས་ཀྱི་བཞེད་ལུགས་ཁོ་ན་དག་པ་ཡིན་གྱི། གཞན་རྣམས་མ་དག་པའམ་ནོར་འཁྲུལ་ཅན་དུ་བརྩི་བ་ནི་སེའུ་བཅུ་པའི་བརྟུལ་ཞུགས་སུ་ཟད་དེ། དམ་པ་དེ་དག་གི་བཞེད་ཚུལ་དང་ལྟ་དགོངས་ཐམས་ཅད་གློ་བུར་རང་མལ་དུ་རྙེད་པ་མ་ཡིན་པར། རྒྱལ་བའི་བཀའ་ཚད་མ། བླ་མའི་ལུང་ཚད་མ། རང་གི་རིགས་པ་ཚད་མ་རྣམས་ཀྱི་སྒོ་ནས་ཡང་དང་དུ་དཔྱད་པའི་འབྲས་བུའམ། ཡང་ན། འཕགས་པ་རྣམས་ཀྱིས་བདེན་པ་མཐོང་བས་རྟོགས་པ་ལ་དབང་འབྱོར་ཞིང་། ཟག་མེད་མཁྱེན་རབ་ཀྱི་བང་མཛོད་བརྡོལ་བ་ལས་འཁྲུངས་པ་ལགས་པ་མ་ཟད། དེ་དག་གི་བཞེད་པ་རེ་རེའི་ཕུགས་བཅོལ་ས་རྒྱལ་བ་རྡོ་རྗེ་འཆང་ངམ་ཆོས་སྐུ་ཀུན་ཏུ་བཟང་པོ། བདག་ཅག་གི་འདྲེན་པ་ཤཱཀྱའི་དབང་པོ་དང་། འཕགས་ཡུལ་གྱིི་སྐྱེས་ཆེན་རྣམས་ཡིན་པས། དོན་དུ་དད་པ་དག་སྣང་གི་སྒོ་ནས་དེ་དག་གི་དགོངས་པར་གོམས་འདྲིས་བཞག་ནས། རང་རྒྱུད་ལ་ཐོས་བསམ་སྒོམ་པའི་ཤེས་རབ་བསྐྱེད་པའི་གྲོགས་སུ་སྒྱུར་བར་བྱ་འོས། རང་གཞུང་གི་ཚིག་ཇི་བཞིན་དུ། རང་བྱུང་གི་རིག་པ་བཅོས་མེད་འདི་ནི་སེམས་ཀྱི་ཆོས་ཉིད་འགྱུར་བ་མེད་པའི་ངོ་བོར་དུས་གསུམ་དུ་བཞུགས་པས། འདི་ཉིད་སྐྱབས་ཡུལ་ཐམས་ཅད་ཀྱི་མཆོག་དང་། འདི་ཉིད་ལ་སྐྱབས་སུ་སོང་བས་དོན་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་གསུངས། དེའི་ཚུལ་ཡང་རྫོགས་པ་ཆེན་པོ་ལྟར་ན་སེམས་ཀྱི་ཆོས་ཉིད་ལ་ཡེ་ནས་འཁྲུལ་བ་མི་མངའ་བས། དག་ཐོབ་ཀྱི་ཐ་སྙད་མི་འཇུག་སྟེ། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་བ་ཡང་ཅི། །དེ་ཕྱིར་འཁྲུལ་བ་གདོད་ནས་དག །ཅེས་གསུངས་པ་ལྟར། ཐོག་མའི་གནས་ལུགས་འདུས་མ་བྱས་པའི་དབྱིངས་ནི་འཁྲུལ་མ་མྱོང་བས་གྲོལ་རྒྱུ་མེད་ལ། གྲོལ་འཁྲུལ་གཉིས་པོ་གཞི་ཀ་དག་སྟེང་དུ་མི་འཇོག་པར། རྩལ་ལམ་ཡང་ན་སེམས་ཀྱི་སྤྲོས་པའི་སྟེེང་ནས་འཇོག་དགོས་པ་བཞིན་དུ། སེམས་ཀྱི་ཆོས་ཉིད་ནི་གྲོལ་འཁྲུལ་གཉིས་ཀྱི་མཚན་མ་ལས་འདས་པས་ཆོས་སྐུའི་སངས་རྒྱས་དང་། ངོ་བོའི་རང་གཤིས་ལ་གློ་བུར་གྱི་དྲི་མ་མ་བཞུགས་པས། ཉོན་མོངས་མ་སྤངས་པར་ཟད་པས་དོན་གྱི་འགོག་བདེན་དུ་གྱུར་བའི་ཆོས་དང་། ཆགས་ཐོགས་དམན་སྒྲིབ་ཀྱིས་ཡེ་ནས་གོས་མ་མྱོང་བས་གྲོལ་བ་མེད་བཞིན་དུ་དོན་གྱི་གྲོལ་བའི་ཡོན་ཏན་རྫོགས་པའི་དགེ་འདུན་དུ་བཞུགས་པའོ། །གཉིས་པ་སེམས་བསྐྱེད་ནི། ཐེག་ཆེན་སྤྱི་ལུགས་ལ། ཉན་ཐོས་སོགས་ཐེག་པ་དམན་པའི་ལམ་གྱི་གང་ཟག་དག་གིས་རང་དོན་གཅིག་པུར་ཐར་པ་ཐོབ་ཕྱིར་དུ་ལམ་དོན་དུ་གཉེར་པ་ལྟར་མ་ཡིན་པར། ཉེ་རིང་གི་འཛིན་པ་མེད་པར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་དང་། གཙོ་བོར་གཏན་གྱི་བདེ་བ་ལ་འགོད་པའི་ཆེད་དུ་ལམ་ལ་ཞུགས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བར་དམ་བཅའ་བ་སེམས་བསྐྱེད་ཀྱི་ངོ་བོ་ཡིན་པས། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས། དེ་ཤིན་ཏུ་གལ་ཆེ་བའི་ཚུལ་གང་ཡིན་ཞེ་ན། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་གསུངས་པ་ལྟར། སྟོང་ཉིད་རྟོགས་པའི་ལྟ་བ་ལ་མི་ལྟོས་པར། སེམས་བསྐྱེད་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལྡན་དང་མི་ལྡན་པའི་སྒོ་ནས་ཐེག་པ་ཆེ་ཆུང་གི་དབྱེ་བ་འཇོག་དགོས་པས་ན། མདོ་སྔགས་ཟུང་གིས་བསྡུས་པའི་ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་རྨང་རྡོ་གཅིག་པུ་ནི་སེམས་བསྐྱེད་དུ་འཁུམས་པས། ཡོད་ན་དེས་ཆོག་དང་། མེད་ན་དེས་ཕུང་གི་དཔེ་ལྟར་གྱུར། སེམས་བསྐྱེད་པའི་ཚུལ་ཡང་ཐེག་ཆེན་ཐུན་མོང་ལྟར་ན། ཨིནྡྲ་བྷུ་ཏིས། ཕ་དང་མ་རུ་མ་གྱུར་པའི། །སེམས་ཅན་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་བཞིན་དུ། ཁམས་གསུམ་གྱི་འཁོར་བ་ན་སྔོན་ཕ་མར་མ་གྱུར་པའི་འགྲོ་བ་གཅིག་ཀྱང་མེད་པས། ད་ལྟ་ཚེ་འདིའི་ཕ་མ་རང་ལ་བཀའ་དྲིན་ཆེ་ཞིང་། རང་ཡང་དེ་དག་ལ་བྱམས་བརྩེ་ལྷག་བསམ་མ་བཅོས་པ་ཡོད་པ་ལྟར། འགྲོ་བ་འདི་དག་ཕ་མ་དངོས་ཡིན་སྙམ་པའི་འདུ་ཤེས་བཟུང་སྟེ། བྱམས་དང་སྙིང་རྗེའི་སྒོ་ནས་དེ་དག་གཏན་བདེ་བླ་ན་མེད་པའི་གོ་འཕང་ལ་འགོད་པར་བྱའོ་སྙམ་པའི་ཀུན་སློང་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ། གལ་ཏེ་སྐྱེ་བོ་འགའ་ཞིག་གིས་ཕར་ལ་གནོད་མ་བསྐྱལ་ཀྱང་། ཚུར་ལ་མ་རུང་བའི་ཀུན་སློང་བཅངས་པའམ། གནོད་འཚེ་བསྐྲུན་པ་དག་ལ་བྱམས་དང་སྙིང་རྗེ་བསྐྱེད་དཀའ་ཚེ། དེ་ལ་ཕར་གནོད་སེམས་མི་འཛིན་པར། སྔོན་ང་རང་གིས་བསགས་པའི་ལས་ཀྱི་འབྲས་བུ་ཐོག་ཏུ་སྨིན་པའམ། ཡང་ན་འདི་དག་ལ་བསྟེན་ནས་བཟོད་པ་སོགས་སློབ་པ་དང་། བདེ་སྡུག་རོ་སྙོམས་ཀྱི་ལྟ་དགོངས་ཉམས་སུ་ལེན་པའི་སྐལ་བ་བཟང་པོ་ཐོབ་སྲིད་པས། དེ་དག་ནི་མཐུན་པའི་རྐྱེན་བཟོ་བའི་སྦྱིན་བདག་དང་། དམ་པའི་ཆོས་སློབ་པའི་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་བཟུང་ན་གཉེན་པོ་ཡང་དག་པར་འགྲོ་སྟེ། རིག་འཛིན་འཇིགས་མེད་གླིང་པས། དགྲས་ལོག་བསྒྲུབ་བྱས་ཀྱང་ཐུགས་དམ་གྱི་བོགས་འདོན། །གཏམ་མ་ཉེས་ཁ་ཡོགས་དགེ་སྦྱོར་གྱི་ལྕགས་འདེབས། །འདི་ཆགས་ཞེན་འཇིག་པའི་བླ་མ་རུ་འདུག་པས། ཁོའི་དྲིན་ལན་འཁོར་མཐའ་མེད་པ་རུ་གཟིགས་མཛོད། །ཅེས་གསུངས། གལ་ཏེ་འགའ་ཞིག་གིས་འཇིག་རྟེན་པའི་ངོར་ཆོས་སྒྲུབ་ཁུལ་བྱེད་ཅིང་། ཕྱི་རུ་སྤྱོད་པ་གཙང་ཞིང་ཚུལ་ཁྲིམས་ལྡན་པ་དང་། བདེ་གསལ་མི་རྟོག་པའི་ཉམས་འདྲ་འདྲ་བོ་དང་། ལྷ་དང་མཁའ་འགྲོའི་ཞལ་གཟིགས་སོང་སྙམ་པ་དང་། ང་རང་རྟོགས་པ་མཐོན་པོའི་སར་སླེབས་ཡོད་སྙམ་པ་དག་ཀྱང་། འགྲོ་བ་གཞན་ལ་བརྩེ་བས་དམིགས་པའི་བྱང་ཆུབ་ཀྱི་སེམས་དང་མི་ལྡན་ཚེ། ལམ་དེས་ས་གར་ཡང་མི་ཆོད་དེ། སྒྲོལ་བའི་མགོན་པོས། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །དྲིན་ཅན་གྱི་ཕ་མར་མ་གྱུར་མེད། །རང་ཉིད་བདེ་སྐྱིད་འདོད་འདོད་ནས། །ཕ་མ་སྐྱུར་བའི་མི་ངན་ པོ། །སྤྱོད་པ་དུལ་ཞིང་སེམས་ཞི་ཡང་། །མི་ཕལ་བ་བས་ཀྱང་ཁྲེལ་བོར་བས། །སེམས་ཅན་བདེ་འདོད་ཀྱི་བྱམས་པ་དང་། །སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ་སྒོམས། །ཞེས་གསུངས། དེས་ན་བྱང་ཆུབ་ཀྱི་སེམས་དང་མི་ལྡན་ཚེ། མདོ་སྔགས་གང་རུང་གི་ལམ་མམ། ཡ་གི་རྫོགས་པ་ཆེན་པོ་ཉམས་སུ་བླངས་ཏེ། མགོ་འཕང་མཐོན་པོར་བཏེགས་བཞིན་དུ། བདག་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་ཕྱོགས་སུ་འགྲོ་བཞིན་ཡོད་སྙམ་ཀྱང་། དོན་དུ་ཉན་ཐོས་ཀྱི་ལམ་འདྲ་བ་ཙམ་ལས་འཕགས་པར་མ་གྱུར་པས། དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་བསྐྱེད་པར་བྱ། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་དང་། རང་ཅག་གི་རྩ་བརྒྱུད་ཀྱི་བླ་མ་རིག་པ་འཛིན་པ་དག་གིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། མཐར་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་ལས་མཆོག་གི་དངོས་གྲུབ་མངོན་དུ་གྱུར་བར་མཛད་པ་བཞིན་དུ། བདག་ཀྱང་དེ་དག་གི་རྗེས་སུ་འབྲངས་ནས། མཐའ་ཡས་པའི་འགྲོ་བ་རྣམས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པའི་ཆེད་དུ་ལམ་ཟབ་མོར་འཇུག་པར་བྱའོ་སྙམ་པ་ནི། གསང་བ་སྔགས་སྤྱིའི་སེམས་བསྐྱེད་ཡིན། སྐབས་འདིར་བདག་ཉིད་བརྙེས་པའི་ལེ་ལོ་སོགས་བར་ཆད་ནེམ་ནུར་གྱི་བློ་རྣམས་གཉེན་པོས་མགོ་གནོན་པར་བྱས་ནས། སྤྲོ་བའི་ཡིད་དང་མ་བྲལ་བར། ད་ནི་འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྒྱལ་ཞིང་། སྲིད་ཞིར་མི་གནས་པའི་མྱང་འདས་ཆེན་པོར་བགྲོད་པའི་སླད་དུ། ཤིན་ཏུ་རྙེད་དཀའ་བ་དམ་ཆོས་ཐམས་ཅད་ཀྱི་ཡང་སྙིང་གཅིག་པུ་ཟབ་མོ་བདུད་གཅོད་ཀྱི་ལམ་ལ་འཇུག་ནས། སྟན་ཐོག་འདིར་རམ། མི་རིང་བར་དོན་དམ་ཐིག་ལེ་ཉག་གཅིག་གི་དགོངས་པ་མངོན་དུ་བྱའོ་ཞེས་དམ་བཅའ། ཁྱད་པར་དུ་འཇིགས་བྲལ་བརྟུལ་ཞུགས་སྤྱོད་པའི་ལམ་འདིར་མི་འདོད་པའི་ཉེར་འཚེ་དང་དཀའ་ཚེགས་སྣ་ཚོགས་པ་འབྱུང་ཡང་། རང་གཞན་འགྲོ་བ་ཚང་མ་འཁོར་བའི་སྡུག་བསྔལ་གྱི་བཙོན་རྭ་ལས་གྲོལ་བའི་ཆེད་དུ། ལྟ་བའི་བཙན་སར་གཞི་བཟུང་ཞིང་། སྤྱོད་པའི་ཐོག་བརྫི་བའི་སྒོ་ནས་རྐྱེན་བཟང་པོར་རེ་བ་དང་། ངན་པར་དོགས་པ་ཐམས་ཅད་མཆིལ་མ་བཞིན་དུ་དོར་ནས། བདག་ནི་ཅི་དང་གང་ལ་མི་འཇིགས་པར་ལམ་མཆོག་ཏུ་གྱུར་པ་འདི་ཉིད་ཉམས་སུ་ལེན་པར་བགྱི་སྙམ་པའི་དཔའ་སྙིང་འཛིན་དགོས་ཀྱི། ལམ་འདིར་ཞུགས་པ་ན། མྱུར་བར་སྟོང་པ་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པར་འགྱུར་བའི་བྱིན་རླབས་ཀྱིས། གང་ཟག་ཕལ་པ་དང་མི་འདྲ་བར། གློ་བུར་དུ་ལུས་དང་སེམས་ལ་མི་འདོད་པའི་བར་ཆད་གང་ནས་འོང་བ་མི་ཤེས་པ་མང་པོ་འཆར་བར་འགྱུར་ཏེ། སྔོན་གྱི་སྐྱེ་བའི་རབས་གྲངས་ལས་འདས་པ་དང་། ཚེ་འདིར་བསགས་ཟིན་པའི་འཁོར་བ་ངན་སོང་དུ་འཕེན་བྱེད་ཀྱི་ལས་བག་ལ་ཡུན་རིང་ཉལ་བ་རྣམས་ཡར་བསླངས་ནས། དེ་དག་ཐབས་དང་ཤེས་རབ་ཀྱི་སྟོབས་ཆེན་པོས་སྦྱོང་བར་འགྱུར་བས་ཡིན་ཅིང་། དེ་ལྟར་དུ། རྡོ་རྗེ་གཅོད་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིིན་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་མནར་ཞིང་རབ་ཏུ་མནར་བར་འགྱུར་ཏེ། དེ་མ་འོངས་པ་ན་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ཚེ་འདིར་སྨིན་པའོ། །ཞེས་མདོ་ལས་གསལ་བར་བསྟན། དཔེ་ཐོག་ཏུ་བྲིས་ཟིན་པ་མ་མཐོང་ཀྱང་། ངག་རྒྱུན་ཞིག་ལ་སྔོན་ཆད་མི་རྒན་ནོར་ལུག་མང་པོ་བསད་པའི་ཤན་པ་ཞིག་ཀཿཐོག་པའི་བླ་མ་ཞིག་གི་དྲུང་དུ་སླེབས། ཕལ་ཆེར་བླ་མ་དེ་མཁན་པོ་ངག་ཆུང་ཡིན་པ་འདྲ། མི་དེས་སྔར་བྱས་ལས་ལ་འགྱོད་པ་དྲག་པོ་སྐྱེས་ནས། བླ་མར་ཕྱག་ཕུལ་ནས། ངས་མི་ཚེ་འདིའི་ནང་ལ་སེམས་ཅན་མང་པོ་བསད་ནས་སྡིག་པ་ཆེན་པོ་བསགས། ང་ནི་ལོ་རྒས་ནས་འཆི་གྲབས་ཡོད་པས་ཆོས་སྒྲུབ་ལོང་མེད་ན། ཕྱི་མར་ངན་སོང་མི་འགྲོ་བར་ཁྱེད་ཀྱིས་དམ་བཅའ་གནང་རོགས་ཞེས་ནན་གྱིས་ཞུས་ཚེ། བླ་མས། ངས་ཁས་ལེན་དེ་འདྲ་བྱེད་མི་ཐུབ། འོན་ཀྱང་ཁྱོད་ལ་འགྱོད་སེམས་རྣལ་མ་འདུག་པས། དེ་རིང་མཚན་མོར་དགོན་པའི་འདུ་ཁང་དུ་ཉོལ། སང་ཞོགས་ང་ཡོད་སར་སླེབས་ཤོག་གསུངས། དེ་ནས་ཁོ་མཚན་མོོར་འདུ་ཁང་དུ་ཉལ། གཉིད་ཁུགས་པ་ན། དམྱལ་བ་ལྟ་བུའི་ཡུལ་ཁམས་སུ་སྐྱེས་ནས། ལུས་སེམས་གཉིས་ཀར་སྡུག་བསྔལ་དཔག་ཏུ་མེད་པ་མྱངས། མཐར་མི་ཡུལ་དུ་སྤྱང་ཁུ་ཞིག་གི་སྐྱེ་བ་བླངས་ནས་དཔལ་སྤྲུལ་རྡོ་འབུམ་གྱི་རྩར་ཡར་རྒྱུགས་མར་རྒྱུགས་བྱས་ཚེ། དུས་རིང་པོ་རྫོགས་པས། རྡོ་འབུམ་ཡང་རྡོ་ལེབ་ཁ་ཤས་ལས་ལྷག་མེད་པ་རྨིས། སྐབས་དེར་གཉིད་སད་པ་ན། ཉི་མའང་ཤར་ཟིན་འདུག་པས། མྱུར་དུ་བླ་མའི་དྲུང་དུ་ཕྱིན། རྨི་ལམ་ཇི་བཞིན་དུ་ཡར་ཞུས་ཚེ། བླ་མའི་ཞལ་ནས། ད་ཁྱོད་ཀྱི་སྡིག་པ་མང་ཆེ་བ་དག་ཟིན་པས། དེ་རིང་ཕན་ཆད་ཆོས་ཁོ་ནར་བརྩོན་པ་བྱོས་དང་། ཕྱི་མར་འཇིགས་མི་དགོས་པ་འདྲ་ཞེས་གསུངས། དེས་ན་ཆོས་དང་བླ་མ་བྱིན་རླབས་ཅན་དང་འཕྲད་ན། སྔོན་བསགས་ཀྱི་ལས་མི་དགེ་བ་བག་ལ་ཉལ་བ་རྣམས་གློ་བུར་དུ་དུས་གཅིག་ལ་སྨིན་ནས་སྦྱོང་བར་འགྱུར་བའི་རྟེན་འབྲེལ་འབྱུང་བ་ཡིན་ནོ། །གཅོད་གཞུང་གི་སྐབས་འདིར།