དཀར་ཆག
དཔེ་དེབ

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དོན་འགྲེལ་རིག་འཛིན་དགྱེས་པའི་བདུད་རྩི་བཞུགས།

གངས་ཅན་སྟོད་སྨད་བར་གསུམ་དང་།།
འཛམ་གླིང་ཤར་ནུབ་ལ་བཞུགས་པའི།།
གཅོད་པ་ཕོ་མོ་ཐམས་ཅད་ལ།།
སྙིང་གཏམ་ཅུང་ཞིག་འདི་ན་འབུལ།།
ཡུམ་ཆེན་རྒྱལ་བའི་དགོངས་པའི་དོན།།
བཅོམ་ལྡན་འདས་ཀྱིས་བསྟན་པའི་ལམ།།
བྲམ་ཟེ་ཨཱརྱ་དེ་ཝ་དང་།།
དམ་པ་སངས་རྒྱས་ལས་བརྒྱུད་ཅིང་།།
ཨ་མ་ལབ་ཀྱི་སྒྲོན་མ་ཡིས།།
བྱིན་གྱིས་བརླབས་པའི་གཅོད་ཡུལ་འདི།།
མདོ་སྔགས་ཆོས་ཀྱི་སྙིང་པོ་ཡིན།།
བདག་འཛིན་རྩ་བ་འདི་ཡིས་གཅོད།།
ཆོས་བརྒྱད་མགོ་སྙོམས་བྱེད་ལ་བཟང་།།
བདུད་བཞི་འཇོམས་པའི་གཤེད་མ་ཡིན།།
སྔོན་ཚེ་ཆོས་འདི་ཉམས་བླངས་ནས།།
ཚེ་གཅིག་ཆོས་སྐུར་གྲོལ་བ་མང་།།
དེང་སང་གཅོད་པ་མང་པོ་གདའ།།
རབ་བྱུང་སྔགས་པ་རྣལ་འབྱོར་པ།།
དགེ་བསྙེན་ཁྱིམ་པ་ཕོ་མོ་ཡིས། །
ཌཱ་རུ་ནམ་མཁའ་ལ་འཁྲོལ་ཚེ།།
ཉམས་རྟོགས་མཐོན་པོ་ཡོད་ཡོད་འདྲ།།
མི་རྐང་གླིང་བུ་འབུད་པའི་ཚེ།།
ལྷ་འདྲེ་འདུལ་ལ་མཁས་པ་འདྲ།།
གཅོད་ཡིག་དབྱངས་སུ་གྱེར་བའི་ཚེ།།
གྲུབ་མཐའ་ཁོངས་སུ་ཆུད་པ་འདྲ།།
འོན་ཀྱང་རྐྱེན་ངན་འཕྲད་པའི་ཚེ།།
ཞེ་སྡང་ཁོང་ཁྲོ་ཆེ་ལ་ལྟོས།།
ནོར་དང་འདོད་ཡོན་འཕྲད་པའི་ཚེ།།
འདོད་ཆགས་ཞེན་འཛིན་སྔར་ལས་མཁྲེགས།།
ལྟ་བ་མ་རྟོགས་སྐྱོན་དུ་ཟད།།
གནས་ལུགས་སྟོང་ཉིད་མ་ཤེས་ན།།
དཀར་འགྱེད་དམར་འགྱེད་སོགས་སྒོམ་པ།།
འཁོར་འདས་ཤན་འབྱེད་དུ་རློམས་ཀྱང་།།
དམིགས་པ་རང་མཚན་པ་རུ་ཟད།།
དངོས་འཛིན་སྲབ་པར་ཕན་མི་འོང་།།
གཅོད་ཀྱི་དོན་པོ་བརླག་ཉེན་ཆེ།།
དེས་ན་རྒྱལ་བའི་གསུང་རབ་དང་།།
ལྷག་ཏུ་བླ་མའི་གདམས་ངག་ལ།།
ཐོས་བསམ་གནང་ནས་ཉམས་ལེན་མཛོད།།
ལྟ་བ་ཀློང་དུ་མ་གྱུར་ཀྱང་།།
གོ་བ་རྣལ་མ་ཅིས་ཀྱང་དགོས།།
ཨེ་མ་འཁོར་འདས་ཞེས་བྱ་བ།།
བཟང་དང་ངན་པར་འཛིན་པའི་གནས།།
བཙལ་ཚེ་རོ་གཅིག་ཉིད་དུ་ལུས།།
ཡག་སྡུག་མཐོ་དམན་སྣ་ཚོགས་པ།།
ད་ལྟ་བདེན་བདེན་འདྲ་བའི་ཆོས།།
མ་དཔྱད་ཚེ་ན་གྲུབ་མོད་ཀྱང་།།
བརྟག་ཚེ་རྨི་ལམ་བཞིན་དུ་རྫུན།།
སྙན་གྲགས་ཟེར་བ་བྲག་ཆ་ཡིན།།
ལོངས་སྤྱོད་ཐམས་ཅད་སྨིག་རྒྱུ་འདྲ།།
མཛེས་དང་མི་མཛེས་འཛིན་པ་དེ།།
སྒྱུ་མར་བཟང་ངན་དབྱེ་བ་འདྲ།།
དེ་ཀུན་བདེན་པར་གྲུབ་འདུག་སྟེ།།
མངོན་སུམ་མིག་གིས་མཐོང་སྙམ་ན།།
དེ་ཡང་སྣང་བ་ཉིད་ལ་འཁྲུལ།།
སྐྱེ་བ་པོ་དང་འཆི་བ་པོ།།
སུ་ཡིན་ཡང་ཡང་དཔྱད་པའི་མཐར།།
བདག་མེད་བྲོ་བ་མྱོང་བ་མཚར།།
ཀུན་རྫོབ་ཕུང་ཁམས་སྐྱེ་མཆེད་སྟོང་།།
བདག་དང་གཞན་ཞེས་བྱ་བ་སྟོང་།།
སྟོང་པའི་ངང་ལ་ཆོས་ཀུན་ཟད།།
སེམས་འདི་བདེན་པར་གྲུབ་སྙམ་ན།།
ད་ལྟའི་སེམས་ལ་ཚུར་བལྟས་ཚེ།།
འདི་ཞེས་མཛུབ་མོ་གཏོད་སས་སྟོང་།།
དང་པོར་བྱུང་བའི་ཁུངས་དང་བྲལ།།
བར་དུ་སྡོད་པའི་གནས་མ་རྙེད།།
ཐ་མར་འགྲོ་སའི་ཡུལ་མ་མཆིས།།
དབྱིབས་སོགས་མཚན་མ་ཡོངས་སུ་དབེན།།
མཐའ་དབུས་མེད་པའི་ནམ་མཁའ་འདྲ།།
གཞི་མེད་རྩ་བ་བྲལ་བ་ཉིད།།
ཡོད་པ་མ་ཡིན་རྙེད་དུ་མེད།།
མེད་པ་མ་ཡིན་ཀུན་གྱི་གཞི།།
སེམས་ཀྱི་ཆོས་ཉིད་སྟོང་པའོ།།
སྟོང་པ་འོད་གསལ་གཉུག་མའི་སེམས།།
ཆོས་སྐུ་བྱ་བ་དེ་ལས་མེད།།
མ་རྟོགས་བསྐལ་བརྒྱར་བཙལ་ན་ཡང་།།
རང་གི་མགོ་བོ་བཙལ་དཔེ་བཞིན།།
རྙེད་པའི་དུས་ཤིག་ག་ལ་ཡོད།།
རྟོགས་ན་རང་གི་ནང་ན་ཡོད།།
རྟོགས་ལྡན་བླ་མའི་གདམས་ངག་གཙོ།།
སྣང་ཞིང་སྲིད་པའི་དངོས་པོ་སྟེ།།
འདས་དང་མ་འོངས་ད་ལྟ་བ།།
ལུས་དང་སེམས་དང་ཁོར་ཡུག་དང་།།
ཡུལ་དང་ཡུལ་ཅན་གཟུང་འཛིན་རྣམས།།
བདེན་མེད་རྟོགས་པའི་རྣལ་འབྱོར་པ།།
མི་ཡི་ནང་ནས་སྐྱིད་ཤོས་ཡིན།།
ཚེ་འདིར་རེ་དོགས་མེད་པས་སྐྱིད།།
གུ་ཡངས་བློ་བདེ་ཉམས་དགའ་འོ།།
ཕྱི་མ་བར་དོ་འཇིགས་མི་དགོས།།
འོད་གསལ་ཆོས་སྐུའི་བཙན་སར་འགྲོ།།
འཁོར་བ་དྲི་ཟའི་གྲོང་ཁྱེར་འདིར།།
བདེ་སྡུག་སྣང་བ་སྒྱུ་མ་བཞིན།།
སྒྱུ་མ་མཁན་དེ་སེམས་ཡིན་པས།།
སེམས་ཀྱི་གསང་བ་ཤེས་པའི་མཐུས།།
རེ་དོགས་ཐམས་ཅད་དབྱིངས་སུ་དག།
དུས་ཀུན་རྩོལ་མེད་རིག་པའི་ངང་།།
བྱར་མེད་དོན་ལ་རོལ་བཞིན་དུ།།
གནས་ན་འདི་ལས་མཆོག་ཅིག་མེད།།
དེང་གི་གཅོད་པ་ཕོ་མོ་འགས།།
གོ་བ་ཅི་ཡང་མེད་བཞིན་དུ།།
གཅོད་འདོན་ལོ་བརྒྱ་བྱས་པ་བས།།
ལྟ་བར་ཐུན་གཅིག་གནས་པ་བཟང་།།
གནད་འདི་ཐུགས་ལ་འཛིན་རོགས་ཞུ།།
གཅོད་ལ་དགའ་མཁན་མང་པོ་ཡིས།།
གང་ས་གང་དུ་ཁྱབ་པ་མཐོང་།།
བཟང་ལྟས་ངན་ལྟས་གང་ཡིན་པར།།
བདག་གིས་ཁ་ཚོན་གཅོད་མ་ནུས།།
དེ་ཚོས་དོན་མ་གོ་བཞིན་དུ།།
གཅོད་ཆོག་སྙན་པའི་དབྱངས་མང་པོར།།
དགའ་བས་རྗེས་སུ་འབྲངས་ཙམ་ཞེས།།
ཟུར་ཟའི་གཏམ་ཡང་གོ་རྒྱུ་འདུག།
ཨེ་བདེན་རིམ་གྱིས་བལྟ་འོང་ངོ་།།

ཞེས་རང་ཅག་གི་ཉམས་ལེན་ལ་ཕན་པའི་རེ་བ་དང་བཅས་འབུལ་ལོ། །གསུམ་པ་འབྱུང་ལུས་ཀྱིས་འཁོར་འདས་ཤན་འབྱེད་ཚུལ་ནི། སྤྱིར་ལུས་སྦྱིན་གྱི་སྐབས་སུ། མ་དག་པའི་རང་ལུས་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་མི་གཙང་བའི་རྫས་སོ་དྲུག་ལས་གྲུབ་པ་འདི་ཉིད། སྔགས་དང་དམིགས་པས་ངོ་བོ་བསྒྱུར་ནས་མཆོད་སྦྱིན་བྱེད་པ་དང་། གཞན་དུ་རང་ལུས་ཕུང་ཁམས་སྐྱེ་མཆེད་ཀྱི་བདག་ཉིད་ཅན་འདི་ངོ་བོ་དག་པ་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་ནས། ལྷར་གསལ་བཏབས་ཤིང་། ཡེ་ཤེས་པ་བསྟིམས་ཞུགས་བྱས་ནས་མཆོད་སྦྱིན་དུ་གཏོང་ལུགས་སོགས་མཆིས་ཀྱང་འགལ་བ་མེད་པར་གསུངས། ལུས་ཕུང་མཆོད་སྦྱིན་དུ་བསྒྱུར་ནས་འཁོར་འདས་ཤན་འབྱེད་ཀྱི་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བ་ལ། གཞུང་འདིར་བསྟན་གྱི་ལུས་སྦྱིན་ནི་བྱིན་རླབས་ཀྱི་ཚན་ཁ་མྱུར་ཚུལ་ཅུང་ཙམ་གླེང་ན། ལས་ཀྱིས་གྲུབ་པའི་ད་ལྟའི་རྣམ་སྨིན་གྱི་འབྱུང་ལུས་འདི་འཁོར་བར་སྐྱེ་བའི་རྟེན་ཡིན་ཞིང་། མ་འཆི་བར་དུ་འདི་ལ་བརྟེན་ནས་ན་ཚ་བཀྲེས་སྐོམ་སོགས་བདེ་སྡུག་གི་སྣང་བ་འབྱུང་། ཟུག་གཟེར་དྲག་པོ་བྱུང་ཚེ་འདི་མེད་ན་དགའ་སྙམ་པའམ། ལུས་ལ་དཀའ་བ་མེད་པར་ཟས་ཞིམ་པོ། ཇ་མངར་མོ་ལྟ་བུའི་འདོད་ཡོན་ལ་རོལ་སྐབས་སུ་འདི་ལ་དགའ་ཞེན་སྐྱེ་འོས་པ་ཡོད། རྗེ་མི་ལས། རོ་ཞེས་བྱ་མཐོང་ན་འཇིགས་པ་དེ། །དུས་ད་ལྟ་ལུས་ཀྱི་རྩ་ན་གདའ། །ཞེས་གསུངས་པ་ལྟར། འཆི་བའི་ཚེ་ན་ཕར་དུར་ཁྲོད་དུ་སྦ་བའམ། མེར་བསྲེག་ཅིང་ཆུར་གཡུག་པ། རོ་ཞེས་མི་སྡུག་པར་བརྩི་བ་འདི། འོན་ཀྱང་བསམ་པ་དང་ཐབས་རྒྱ་ཆེ་བའི་སྒོ་ནས་མཆོད་སྦྱིན་དུ་བཏང་བའི་ཐབས་ཀྱིས། སྤུ་གྲི་ཤོག་བུར་བཏབས་པ་ལྟར་བདག་གཅེས་འཛིན་གྱི་བློ་དེ་ཐད་ཀར་བཅད་ནས། བདག་མེད་རྟོགས་པའི་ཤེས་རབ་རང་རྒྱུད་ལ་བཙན་ཐབས་ཀྱིས་བསྐྱེད། བདུད་བཞི་དབྱིངས་སུ་གཅོད་པའི་ཕྱིར་ན། ད་ལྟ་ཉིད་དུ་རིག་དང་མ་རིག་པ་གཉིས་ལས་སྔ་མའི་ཕྱོགས་དང་། འཁོར་བ་དང་མྱང་འདས་གཉིས་ལས་མྱང་འདས་ཀྱི་ཕྱོགས་སུ་བགྲོད་པར་བྱེད་པ་ཡིན། སྤྱིར་གཅོད་ཡུལ་འདིའི་ལུགས་སུ། གང་ལའང་མི་འཇིགས། སུ་ལའང་ཇི་མི་སྙམ་པའི་སྟོང་ཉིད་ལྟ་བའི་དཔའ་གདེང་གི་གོ་ཆ་དང་མ་བྲལ་བར། བསམ་བཞིན་དུ་ལྷ་འདྲེ་མཐུ་སྟོབས་ལྡན་པ། མི་བསྲུན་པ། བཀྲ་མི་ཤིས་པ། ལྟས་ངན་པ། གདུག་རྩུབ་དྲག་པ་རྣམས་ཚུར་བསྡུས་ནས། རང་རྒྱུད་ལ་རེ་དོགས་སོགས་ཀྱི་བློ་བཙན་གྱིས་སློང་ཇི་ཐུབ་བྱས་མཐར། རྣམ་རྟོག་གང་བྱུང་ཡང་། ཕར་དེ་དག་གི་རྗེས་སུ་མི་འབྲང་བར། ཚུར་རིག་ཐོག་ཏུ་བཙན་ས་བཟུང་ནས། ཆོས་སྐུའི་དགོངས་པ་མངོན་དུ་འགྱུར་བ་ལ། རྣམ་རྟོག་མར་མ་མནན་པར་རྣམ་རྟོག་ལ་བརྟེན་ནས་མི་རིང་བར་དེ་ལས་གྲོལ་བར་བྱེད་པས། འཁོར་འདས་ཤན་འབྱེད་ཀྱི་ཐབས་ཟབ་མོར་སོང་སྟེ། མུ་ཏིག་ཕྲེང་བ་ལས། རྡོ་ཡིས་རྡོ་ཉིད་གཅོག་པ་དང་། །ལྕགས་ཀྱིས་ལྕགས་ཉིད་གཅོད་པ་བཞིན། །རང་གི་གཉེན་པོ་རང་ཉིད་ཆེ། །རིགས་མི་མཐུན་པས་འཇོམས་པ་མིན། །ཞེས་གསུངས་པ་དང་མཐུན། གསང་སྔགས་དང་གཅོད་གཞུང་ལྟར་དུ་བཙན་ཐབས་ཀྱིས་ཉོན་མོངས་པས་ཉོན་མོངས་པ་གྲོལ་བའི་ཚུལ་དངོས་སུ་མ་བསྟན་ཀྱང་། འཁོར་བའི་ཆོས་དག་འཁོར་བའི་གཉེན་པོར་སྤྱོད་འོས་པའི་ཚུལ་ནི་མདོ་ལམ་དུའང་ཡོད་དེ། མདོ་ལས། འཇིགས་ཚོགས་ལ་ལྟ་བ་སངས་རྒྱས་ཀྱི་གདུང་ཡིན་ནོ། །ཞེས་སོགས་ཀྱི་དགོངས་པ་དེ་ལྟར་དུ་བཀྲལ་རུང་བར་སྙམ་མོ། །བཞི་པ་ཞར་བྱུང་ལྷོངས་ཚར་གྱི་སྐོར་ནི། གཉན་སར་འགྲིམ་སྐབས་སོགས་སུ་ཆོ་འཕྲུལ་བྱུང་ཚེ། དེ་ངན་རྟགས་མ་ཡིན་པར་བཟང་རྟགས་ཡིན་ཏེ། ས་མཐོན་པོར་གཤེགས་པའི་རྣལ་འབྱོར་པ་རྣམས་ཀྱིས་གཉན་སར་འགྲིམས་ནས་ཆོ་འཕྲུལ་སོགས་ལམ་དུ་འཁྱེར་མི་དགོས་ཀྱང་། སྤྱིར་ཉམས་ལེན་པ་ཚོར་ཆོ་འཕྲུལ་བྱུང་ཚེ། གདམས་ངག་གནད་ལ་ཕོག་པའི་རྟགས་ཡིན་པས། ཉམས་ཀྱིས་མ་བསླད་པའི་ལྟ་བ་རྗེན་པའི་ངང་དུ་འཇོག་དགོས་པས། རྩ་བར། དེ་ཚེ་ཆོ་འཕྲུལ་ཅི་བྱུང་ཡངཿ ཉམས་དང་བྲལ་བའི་ལྟ་བས་གཅུནཿ ཞེས་གསུངས། སྤྱིར་ཉམས་ནི་རྟག་པ་མ་ཡིན་ཞིང་བློ་འཁེལ་མི་འོས་པ་ནམ་མཁའི་སྤྲིན་དང་འདྲ་བ་བསླུ་བའི་རང་བཞིན་ཅན་ཡིན་པས། སྐབས་སྐབས་སུ་ཉམས་བཟང་པོ་བྱུང་ཚེ། ཡི་དམ་ལྷའི་ཞལ་གཟིགས་པ་དང་། མཁའ་འགྲོའི་ལུང་བསྟན་སླེབས་པའི་ཉམས་སམ། ཕྱི་རོལ་གྱི་རྒྱུ་རྐྱེན་དམིགས་བསལ་བ་ལ་མ་ལྟོས་པར་གློ་བུར་དགའ་སྣང་ཚད་མེད་སྐྱེས་ནས། ཡིད་ཀྱི་སྡུག་བསྔལ་ཐམས་ཅད་ཞི་སོང་སྙམ་པ་དང་། ལྟ་བའི་སྲོག་དང་མི་ལྡན་ཀྱང་། ངས་སྟོང་པ་ཉིད་དང་ཀ་དག་གི་རིག་པ་མངོན་སུམ་དུ་རྟོགས་སོང་སྙམ་པ་དང་། བྱམས་སྙིང་རྗེ་རྣལ་མའི་བཅུད་དང་བྲལ་བཞིན་དུ། བདག་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བཞིན་འདུག་པས་ད་ཕན་ཆད་ཆགས་སྡང་གི་རྟོག་པ་ང་ལ་འབྱུང་མི་སྲིད་སྙམ་པ་འོང་བའམ། ཡང་ཐེ་ཚོམ་དང་སྐྱོ་སེམས། འཇིགས་སྐྲག་མི་བཟོད་པ། འདྲེ་བདུད་དངོས་སུ་མདུན་དུ་སླེབས་པ་ལྟ་བུའི་ཉམས་བྱུང་ཚེ། དེ་དག་གི་དབང་དུ་མ་གྱུར་བར། ཆོས་ཉིད་སྟོང་པ་ཉིད་ཀྱི་ལྟ་བ་མ་ནོར་བ་ལ་གཞི་བཅོལ་ཏེ་བཙན་ས་བཟུང་། ཉམས་ཀྱི་ཟློས་གར་ལ་སེམས་སྐད་ཅིག་ཙམ་ཡང་མི་གཡེང་བར་རྒྱལ་བོ་ཆེན་པོ་ཁྲི་ལས་མི་གཡོ་བ་བཞིན་དུ་བསྡད་དགོས་ཀྱི། གཅོད་ཡུལ་གཅིག་པུ་ཙམ་མ་ཡིན་པར་ཕྱག་རྫོགས་གང་གི་སྐབས་སུའང་། ཉམས་བཟང་ངན་གང་རུང་ལ་ཞེན་ན། རྟོགས་པ་སྒྲིབ་ཞིང་བར་ཆད་དུ་འགྱུར་ནས། ལམ་གྱི་གོལ་སར་ལྷུང་བ་འབྱུང་བས། དེ་དག་ལ་མི་ཞེན་པར་རིག་ཐོག་ཏུ་བསྡད་པ་ཤིན་ཏུ་གལ་ཆེ། ཀུན་མཁྱེན་ཆེན་པོས། ཉམས་དང་རྟོགས་པའི་ལ་ཤན་མ་ཕྱེད་པས། །གོམས་པའི་ཉམས་ལ་རྟོགས་པར་འཛིན་པ་འཁྲུལ། །ཞེས་གསུངས་པ་ལྟར། ཉམས་རྟོགས་ཀྱི་ལ་ཤན་མ་ནོར་བར་འབྱེད་ཤེས་པར་བྱས་ནས། བདེ་གསལ་མི་རྟོག་སོགས་ཀྱི་ཉམས་ཤར་ཚེ། དེ་དག་ལ་མ་ཞེན་པར་ཀ་དག་སྤྲོལ་བྲལ་གྱི་དགོངས་ཀློང་ཡངས་པར་ངལ་གསོས་ཏེ། ཉམས་ཅི་ཤར་ཀྱང་། དགག་བྱ་དང་བསྒྲུབ་བྱར་མི་འཛིན་པར་རང་གར་བཞག་ཚེ། རྟོགས་པ་ཉིད་ནི་རང་ངོས་ནས་གྲོལ་ཚར་བས་སླད་དུ་གྲོལ་བ་མི་དགོས་ཀྱང་། ལྟ་བར་མ་གཡོ་བར་གནས་པའི་སྟོབས་ཀྱིས་ཉམས་ཐམས་ཅད་རང་གྲོལ་དུ་འགྲོ །གཅོད་གཞུང་དུ་བསྟན་པའི་ཆོ་འཕྲུལ་དང་ལྷོངས་ཚད་རྣམས་དོན་དུ་ཉམས་ལས་གཞན་གང་ཡང་མིན་པས། ཉམས་ལ་ཞེན་པ་གཅོད་ཤེས་ཚེ། ཚད་ཚད་སོགས་འབྱུང་ཞིང་མཐར་ཕྱིན་པར་འགྱུར་བས་གཅོད་ཡུལ་ལམ་དུ་ལོངས་སླ། གལ་ཏེ་རྣལ་འབྱོར་བ་དབྱིངས་ཆུང་དྲགས་ནས་ལྷོང་འཚུབས་འཆུན་པར་དཀའ་བའམ། ལྷ་འདྲེ་དབྱིངས་ཆེ་བས་མ་ལྷོངས་ཚེ། ཀེང་རུས་དཀར་པོའི་དམིགས་པ་བྱ་བ་ནི། ཕཊཿཅེས་རང་ཉིད་སྐད་ཅིག་གིས་ཀེང་རུས་དཀར་པོར་བསྐྱེད་པས་མེ་འབར་བ་ཤིན་ཏུ་རྒྱ་ཆེ་ཞིང་། རེག་ཚད་ཐལ་བ་ཙམ་ཡང་ལྷག་མི་ནུས་པ་ཞིག་འཕྲོས་ནས། སྟོང་གསུམ་གྱི་འཇིག་རྟེན་སྤྱི་དང་། ཁྱད་པར་དུ་ལྷ་འདྲེའི་གནས་རྟེན་ཐམས་ཅད་ལྷག་མ་མ་ལུས་པར་བསྲེགས་རྗེས། ཀེང་རུས་དེ་ཉིད་མེ་དང་བཅས་འོད་དུ་ཡལ་ཞིང་། མི་དམིགས་པར་གྱུར་ནས་སྟོང་པ་དེའི་ངང་ལ་མཉམ་པར་བཞག །ཡང་ཚར་ཚད་དུས་སུ་མ་བྱུང་བའི་དུས་དང་། གནོད་བྱེད་ཀྱི་གདོན་འདྲེ་མ་རུངས་པ་དག་ཨར་གཏོད་བྱེད་ཚེ། རང་ཉིད་ཀྱི་རིག་པ་དེ་ཉིད་སྐད་ཅིག་གིས་ཚངས་པའི་བུ་ག་ལས་ཡར་ཐོན་ཏེ། མ་ཅིག་ཁྲོས་མ་ནག་མོའི་སྐུར་བཞེངས་ཤིང་། ཕྱག་གཡས་ཀྱིས་གྲི་གུག་མར་གཏད་པ་ན། ལུས་ཀྱི་པགས་པ་བཤུས་པ་སྟོང་གསུམ་གྱི་ཁོར་ཡུག་ཁེངས་པའི་གཡང་གཞི་གྱུར། དེའི་སྟེང་དུ་ཤ་རུས་གཅལ་དུ་བཀྲམ་པར། འདྲེ་གདོན་གྱི་ཚོགས་དག་ཤིན་ཏུ་སྲེད་ནས། ཐམས་ཅད་འཚང་ཀ་བརྒྱབ་བཞིན་བརྒྱུགས་ནས། ཧབ་ཐོབ་ཀྱིས་ཤ་ཟ་ཞིང་། ཁྲག་ལ་རོལ་བའི་སྐབས་སུ། རང་ཉིད་ཁྲོས་མར་གསལ་བ་དེས་གློ་བུར་དུ་དེ་རྣམས་གཡང་གཞིའི་ནང་དུ་དྲིལ་ནས། སྦྲུལ་དང་རྒྱུ་མའི་ཞགས་པས་བསྡམས་པས་འབྲོ་བའི་གོ་སྐབས་ཕྲ་མོའང་མེད་པར་བྱས། ཡར་ཀླད་ལ་བསྐོར་ཞིང་མར་ས་ལ་བརྡབས་ཚེ། དེ་དག་ཤ་མྱག་རུས་མྱག་ཏུ་སོང་བ་དང་མཉམ་དུ། རང་ལས་སྤྲུལ་བའི་གཅན་གཟན་མང་པོ་ཕར་མཆོངས་ནས་ལྷག་མ་མེད་པར་བཞེས་པར་སྒོམ། དེ་ནས་རང་གི་རིག་པ་དང་དབྱིངས་གཉིས་པོ་དབྱེར་མེད་དུ་བསྲེས་ཏེ། དེའི་ངང་ལ་མཉམ་པར་བཞག་ནས། གསང་བའི་དབྱིངས་རྟོག་ཚོགས་མཐའ་དག་ཡོངས་སུ་ཞི་བའི་ཀློང་དུ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་རྩོལ་མེད་དུ་རང་ཤུགས་ཀྱིས་འཆར་དུ་བཅུག །མཉམ་པར་བཞག་ས་དེའང་བཅོས་མ་དང་རྩོལ་བའི་རང་བཞིན་ཅན་གྱི་བསམ་གཏན་དག་དང་མི་མཚུངས་པར། སྔར་སྨྲས་པའི་མ་བཅོས་སེམས་ཀྱི་ངོ་བོ་འོད་གསལ་བ་བཞི་ཆ་གསུམ་བྲལ་གྱི་རིག་པ་ཞེས་རྫོགས་ཆེན་པ་རྣམས་ཀྱིས་ཞལ་ནས་གསུངས་པ་དེར་གོ །སྐབས་དེར་ཚར་ཚད་ངེས་པར་དུ་འབྱུང་ཞིང་། འདྲེ་གདོན་གདུག་པའི་དཔུང་ཚོགས་ཐམས་ཅད་ཚར་ཆོད་པར་འགྱུར་ཏེ། དེ་དག་ཕྱི་རོལ་ཏུ་གྲུབ་ན་དམིགས་པ་དེ་འདྲས་འཇོམས་མི་ནུས་ཀྱང་། རང་གི་སེམས་ཀྱི་སྤྲོས་པ་ཡིན་པས། སེམས་ཉིད་མི་རྟོག་པའི་ཏིང་ངེ་འཛིན་ལ་བཞག་པས་དེ་དག་རང་ཤུགས་ཀྱིས་ཞི་འགྲོ་བ་ཡིན། སྔོན་རྗེ་བཙུན་མི་ལ་རས་པའི་ཉམས་སྣང་ལ་བྲག་སྲིན་མོས། འདྲེ་སེམས་ཀྱི་རྩ་བར་མ་ཤེས་ན། །འདྲེ་ང་བས་མི་ཚད་གཞན་ཡང་ཡོད། ཁྱོད་སོང་ཞིག་བྱས་པས་ང་མི་འགྲོ། ཞེས་སྨྲས་པ་དང་། རྗེ་བཙུན་གྱི་ཞལ་ནས། འདྲེ་འདྲེ་རུ་བཟུང་ན་གནོད་པ་ཡིན། །འདྲེ་སེམས་སུ་ཤེས་ན་གྲོལ་བ་ཡིན། །འདྲེ་སྟོང་པར་རྟོགས་ན་ཆོད་པ་ཡིན། །ཞེས་གསུངས་པ་ལྟར། འདྲེ་དེ་དག་རང་སྣང་དུ་རྟོགས་ན། ཐམས་ཅད་རིག་པའི་རོལ་བར་འཆར་བར་འགྱུར་བས། དེ་ལས་གཞན་དུ་འདུལ་ཐབས་ནུས་པ་ཅན་ཞིག་མི་དགོས་ལ། དགོས་ཀྱང་རྙེད་དུ་མེད། མདོར་ན་ཐུན་དང་ཐུན་མཚམས་སོགས་དུས་ཀུན་དུ། བདག་དང་བདག་གི་འབྱུང་འདུས་གདོས་བཅས་ཀྱི་ལུས་འདི་ལ་གཅེས་པར་འཛིན་པའི་བློ་ཕར་སྤངས་ཏེ་ལྟ་བའི་གདེངས་དང་མི་འབྲལ་བ་བྱ། གཞན་ཡང་ལྷོངས་ཚར་གྱི་རྣམ་གཞག་མ་ནོར་བ་གཞུང་ཚད་མ་དག་ལས་ངེས་པར་བྱ་དགོས་ཤིང་། འདིར་མདོ་ཙམ་བཀོད་ན། ལྷོངས་ཚད་བརྟག་ཐབས་གསུམ་དུ་དབྱེ་བ་ལས། དང་པོ་ཕྱི་ལྷ་འདྲེ་ལྷོངས་པའི་རྟགས་ལ། ས་གཡོ། རི་འུར། ལྷ་འདྲེའི་གཟུགས་དངོས་འདྲ་བ་མཐོང་བའམ། ལྷ་འདྲེའི་དམག་གིས་མཐའ་ནས་བསྐོར་ཅིང་རྒོལ་གྲབས་བྱེད་པ། ཡང་ན་ལུས་མེད་པའི་ལག་པ་རྐྱོང་བ་དང་། གཟུགས་མི་སྡུག་པ་སྣ་ཚོགས་ཤར། སྒྲ་མི་སྙན་པ་གྲགས། འཇིགས་སུ་རུང་བའི་སྣང་བ་འདྲ་མིན་ངེས་མེད་དུ་འབྱུང་། གཉིས་པ་བར་ན་ཚ་ལྷོངས་རྟགས་ལ། རྒྱུ་རྐྱེན་འདི་ཞེས་རྡོག་རྡོག་གཅིག་མེད་ཀྱང་། སྙིང་རླུང་། ཀླད་གཟེར། རྒྱུ་མ་གཟེར་བ་སོགས་ན་ཚ་དྲག་པོ་གློ་བུར་དུ་འབྱུང་། གསུམ་པ་ནང་རྣམ་རྟོག་ལྷོངས་རྟགས་ལ། སྡུག་སྣང་། སྐྱོ་སེམས། དགེ་སྦྱོར་བྱེད་མི་འདོད་པ། འགྲོ་སྙིང་འདོད་པ། ཚིག་པ་ཟ་བ། བླ་མ་དང་ཆོས་ལ་ལོག་ལྟ། འདོད་ཡོན་ལ་ཞེ་དྲག་ཏུ་འཆོར་ཞིང་ཆོས་བརྒྱད་ཀྱི་རྟོག་པ་མགོ་གནོན་མི་ནུས་པ་ལྟ་བུ་སོགས་འབྱུང་བར་གསུངས། དེ་བཞིན་དུ་ཚར་ཚད་ལའང་རྣམ་གྲངས་མི་འདྲ་བ་ཡོད་ཀྱང་། ཉུང་ཟད་དུ་བཀོད་ན། དུས་དང་རྟགས་དང་མཐར་ཐུག་ཚར་ཚད་གསུམ། དང་པོ་ནི། གཉན་སར་བར་མ་ཆད་དུ་ཉམས་ལེན་བྱས་ན། ཞག་གསུམ་མམ་བདུན་ནམ་བཅུ་ཙམ་ཚུན་ལ་ཡོང་བ་དང་། རྣལ་འབྱོར་པ་རབ་ལ་ཞག་གཅིག་གི་ཡུན་ལ་འབྱུང་། གཉིས་པ་ནི། དངོས་ཉམས་གང་རུང་དང་། ཡང་ན་རྨི་ལམ་དུ་མང་པོས་རང་ལ་བཀུར་བ་ལྷ་འདྲེ་དབང་དུ་འདུས་པའི་རྟགས། གཞན་དག་རང་གི་མངའ་འོག་ཏུ་བཙུད་ཅིང་ཁྲིམས་ལ་དབང་བསྒྱུར་བ་ལྷ་འདྲེ་ཟིལ་གྱིས་གནོན་པའི་ཚར་ཚད། དེ་དག་གིས་བྲན་གྱིས་རྒྱལ་པོའི་བཀའ་བརྩི་བ་བཞིན་དུ། གང་བཅོལ་བའི་ལས་རྣམས་སྒྲུབ་པ་བྲན་འབངས་སུ་ཁོལ་བའི་ཚར་ཚད། ཐོག་མར་ཆོ་འཕྲུལ་སྣ་ཚོགས་བྱུང་བ་རྣམས་རིམ་གྱིས་ཞི་ནས། ལུས་བདེ། སེམས་སྐྱིད། རིག་པ་དྭངས། རྣམ་རྟོག་རྣམས་འཇམ་ཐིང་ངེར་གནས། བདག་ལྷ་འདྲེ་ཆོ་འཕྲུལ་རྣམས་རོ་གཅིག་ཏུ་ཤར། རྣམ་དཀར་དགེ་བའི་ལས་སྒྲུབ་པ་ལ་སྤྲོ་སེམས་ངང་གིས་སྐྱེ་བ་ནི་ལམ་དུ་ལོངས་པའི་ཚད་དོ། །གསུམ་པ་ནི། རྨི་ལམ་དུ་སྡིག་པ་འདག་པའི་རྟགས་སུ་ཁྲུས་བྱེད་པ་དང་། ནམ་མཁའ་གཡའ་དག་པ་འཆར་བ། དངོས་སུ་སྔར་མེད་པའི་ཉམས་རྟོགས་བཟང་པོ་རྒྱུད་ལ་སྐྱེ་བ། མངོན་ཤེས་དང་རྫུ་འཕྲུལ་མཐས་ཡས་པ་འཆར། ཕྲིན་ལས་བཞི་ཐོགས་མེད་དུ་སྒྲུབ་པ་སོགས་ནི་མཐར་ཐུག་མཆོག་གི་ཚར་ཚད་དོ། །ཚར་ཚད་འདྲ་བའི་ལྷོངས་ཚད་ནི། མེ་ཏོག་དམར་པོའི་ཐང་ལ་འགྲོ་བ་དང་། གོས་དམར་པོ་གསར་པ་གྱོན་པ། ཤ་ཁྲག་ཟ་བའི་སྣང་བ་ལྟ་བུ། ལྷོངས་ཚད་འདྲ་བའི་ཚར་ཚད་ནི། དུད་འགྲོ་རྭ་ཅན་གྱིས་བརྡུངས་པ་དང་། རྣག་ཁྲག་འབབས་པ། རང་གི་ཡན་ལག་གཏུབ་པའི་ཉམས་སྣང་འབྱུང་བ་སོགས་ཡིན། གཉིས་ཀ་འདྲ་བའི་འདྲེས་མ་ནི། ཐུན་གཅིག་ལ་ཚད་ཚད་ཀྱི་རྟགས་ཤར་ལ། ཐུན་རྗེས་མར་དེ་ལས་གཞན་དུ་འགྱུར་བ་ལྟ་བུ། འདྲེས་མ་འདྲ་བའི་བག་ཆགས་ནི། དེ་དང་འདྲ་བར་ངེས་པ་མེད་པའི་རྨི་ལམ་ཟ་ཟི་བ་སྣ་ཚོགས་ཤར་བ་ལྟ་བུའོ། །ཞོར་དུ་གཉན་སར་རྐང་རྗེན་དུ་མི་འགྲོ་བ། མཚན་མོར་མེ་མི་གཏོང་བ། གཤང་གཅི་ཕྱོགས་གཅིག་ཏུ་འདོར་བ། གཉན་ས་གཅིག་ཏུ་ཡང་ཡང་མི་འགྲོ་བ། ཚར་ཚད་བྱུང་ནས་དེར་མི་སྡོད་པ། ཚར་ཚད་མ་བྱུང་བར་དུ་གནས་མི་སྤོ་བ་རྣམས་ཀྱི་དམ་ཚིག་རྣམས་ཤེས་ན་ལེགས་ཀྱང་། དེ་དག་སྤྱིར་མཁོ་བ་ཙམ་ལས་མཐའ་གཅིག་ཏུ་སྲུང་དགོས་པའི་ངེས་པ་མེད། གཉན་སར་འགྲིམ་སྐབས་རང་རྒྱུད་ལ་རྟོགས་པ་རྣལ་མ་མེད་སྲིད་ཀྱང་། བླ་མ་བཟང་པོའི་བྱིན་རླབས་ཀྱི་རྒྱབ་རྩ་མེད་ན། ལྷ་འདྲེའི་ཆོ་འཕྲུལ་འབྱུང་ཚེ། སྐབས་སྐབས་སུ་ལམ་གྱི་གོལ་སར་ལྷུང་ནས། བར་ཆད་དང་། ཉེར་འཚེ་དྲག་པོ་འབྱུང་སྲིད་དེ། སྔོན་མགོ་ལོག་ཨ་སྐྱོང་འབུམ་གྱི་མངའ་ཁོངས་ཀྱི་སྨར་པད་ནག་སྡེ་བའི་ནང་དུ། སྦྲ་ནག་བླ་མ་ཞེས་རྟོགས་པ་མཆོག་ལྡན་གྱི་རྣལ་འབྱོར་པ་རྒྱུན་དུ་གཅོད་ཉམས་ལེན་མཛད་ཅིང་གཅོད་ཁྲིད་གནང་མཁན་ཞིག་བཞུགས། ཕྱོགས་མཚམས་ཀུན་ནས་ཁོང་གི་མདུན་སར་གཅོད་ཞུ་མཁན་མང་པོ་སླེབས་པས་གཅོད་སྒར་ཚུགས། ཐེངས་གཅིག་ལ། ཁོང་གི་སློབ་མ་གཅིག་སྨར་ཆུའི་འགྲམ་དུ་གཉན་སར་ཕྱིན། མཚན་མོ་སླེབས་སྐབས་སུ། མངོན་སུམ་འདྲ་བའི་མཐོང་སྣང་ལ། ཁོའི་བུ་སྤུན་གཅིག་གིས་རྟ་ཞིག་ཁྲིད་ནས་མདུན་དུ་སླེབས་ནས། འུ་ཚང་གི་ཨ་ཕ་འཆི་གྲབས་འདུག་པས་ཁྱོད་རང་ད་ལྟ་ཉིད་དུ་རང་ཁྱིམ་ལ་ལོག་རོགས་ཞེས་ཟེར། ཁོས་ཀྱང་བདེན་པར་བཟུང་སྟེ། ཡོབ་ཆེན་ནང་ལ་རྐང་པ་ཡ་གཅིག་བཞག་ནས་སྒ་ཐོག་ཏུ་མཆོང་གྲབས་ཡོད་པ་ན། གློ་བུར་དུ་བླ་མས་ཁོའི་མིང་འབོད་པ་ཐོས་པས་ཕྱིར་བལྟས་བྱས་ཚེ། སྐད་ཅིག་ཉིད་ལ། རྟ་དང་བུ་སྤུན་ཚང་མ་རྨི་ལམ་ཡལ་བ་བཞིན་དུ་ཅང་མེད་སོང་། ཁོས་ཕར་བལྟ་ཚུར་བལྟ་བྱས་པ་ན། ཁོ་རང་གི་རྐང་པ་ཡ་གཅིག་དེ་སྨར་ཆུ་ཞེས་ཆུ་ཀླུང་དྲག་པོའི་ནང་དུ་བཞག་པ་མཐོང་བར་གྲགས་པ་ལྟ་བུ་ཡིན། མདོར་ན་འདི་དག་གི་སྐོར་ལ་གཞུང་ཐ་དད་དུ་འགྲེལ་ཚུལ་མི་འདྲ་བཞུགས་པས། རང་གི་བརྒྱུད་པའི་བླ་མ་རྣམས་ཀྱི་བཞེད་སྲོལ་དང་བསྟུན་ན་ལེགས། གཅོད་པ་མཚན་ལྡན་གྱིས་ལྷོང་ཚད་དང་ཚར་ཚད་གཉིས་ཞག་གཅིག་གིས་རྫོགས་པའམ། ཞག་གསུམ་མམ་བདུན་སོགས་ཀྱིས་རྫོགས་སྲིད་ཀྱང་། གཞན་ལ་ལྷོང་ཚད་སོགས་འབྱུང་དཀའ་ཞིང་། གལ་ཏེ་འབྱུང་ཡང་ཡུན་ཤིན་ཏུ་རིང་པོ་འགོར་ནས་རྫོགས་པའང་ཡོད། ལྷོངས་དང་། ཚར་ཚད་སོགས་མ་ཤར་ཡང་མི་དགའ་བའམ་ཡིད་ཕམ་པར་མི་བྱེད། གལ་ཏེ་བྱུང་ན་དགའ་ཞིང་རྗེས་སུ་འབྲང་བར་མི་བྱེད། ཐམས་ཅད་མཉམ་པ་ཉིད་དུ་རོ་གཅིག་པར་ལ་བཟླ་བ་ཤིན་ཏུ་གལ་ཆེ། གང་ཟག་ཡིན་ཚད་གཉན་ས་འགྲིམ་མི་ནུས་ཤིང་། འགྲིམས་ཀྱང་དངོས་གྲུབ་ཅི་ཡང་མི་འབྱུང་བས། གཉན་ས་འགྲིམ་མཁན་གྱི་གང་ཟག་ལ་ཆེ་བ་རྣམ་བཞི་སོགས་ཚང་དགོས་པར་གྲགས་ཀྱང་། ཆོས་ཉིད་ཀྱི་ལྟ་བར་གོམས་ཤིང་། སྙིང་རྗེ་ཆེ་བའི་ཁྱད་ཆོས་གཉིས་ངེས་པར་དུ་ཚང་དགོས་ཀྱི། ཌཱ་དྲིལ་དཀྲོལ་བ་དང་འདོན་དབྱངས་ལ་གོམས་པ་ཙམ་གྱིས་མི་ཆོག་སྟེ། སྔོན་གཅོད་པ་ཞིག་དུད་ཁྲོད་དུ་ཕྱིན་ནས་གཅོད་སྙན་མོ་ཞིག་གྱེར་སྐབས་སུ། མི་པྲ་ཆལ་ཞིག་གིས་ཉམས་སད་ཆེད་དུ། མཚན་མོ་ཞིག་ལ་ཁོའི་ཅོག་པུའི་རྩར་ཕྱིན་ནས་ལྐོག་ཏུ་བལྟས་ཚེ། གཅོད་པ་དེས་ཌཱ་དྲིལ་དཀྲོལ་ཞིང་། སྐད་གདངས་མཐོན་པོས་གཅོད་འདོན་པ་མཐོང་། དེ་ནས་ཁོས་འདྲེ་ཡིན་ཁུལ་གྱིས་སྐད་སྒྲ་མི་སྙན་པ་བསྒྲགས། གློ་བུར་དུ་གཅོད་པ་དེ་ཁ་རོག་ཏུ་བསྡད་ནས་མིག་གིས་ཕར་བལྟ་ཚུར་བལྟ་བྱས། མི་དེས་མུ་མཐུད་དུ་སྐད་སྒྲ་སྣ་ཚོགས་བཏོན། དེ་ནས་གཅོད་པ་དེས་དྲིལ་བུ་མར་བཞག །ཅུང་ཙམ་འགོར་བ་ན་ཌཱ་རུ་ཕར་གཡུགས། ཡང་དུས་ཡུན་ཅུང་ཙམ་ནས་ཡར་ལངས་ཏེ། ཕྱི་རོལ་དུ་མགྱོག་པོར་བྲོས་ནས་མར་གྲོང་པའི་ནང་ལ་རྒྱུགས་པའི་ལོ་རྒྱུས་ཡོད། འོ་ན། མཁས་པ་ཙམ་གྱིས་ཆོག་གམ་ཞེ་ན། དེ་གཅིག་པུས་མི་ཆོག་སྟེ། སྤྱིར་ཐོས་བསམ་རེ་བྱས་ཡོད་པར་གྲགས་ཀྱང་། རང་གི་རྒྱུད་ལ་གཞུང་དོན་མ་འབྱོར་ན་ཕན་འབྲས་ཆེན་པོ་མེད་པ་འབྱུང་སྲིད་དེ། ལོ་མང་པོར་རྩོད་གྲྭ་དང་། བཤད་གྲྭ་སོགས་སུ་འགྲིམས་ནས། ཡས་མས་ཀྱི་ལུང་མང་པོ་བློར་བཟུང་། ཚིག་འཕྲུལ་གྱི་རིགས་པ་ཉི་ཚེ་བའི་གཏེར་ལ་དབང་འབྱོར་ཡང་གསུང་རབ་ཀྱི་གནད་མ་ཤེས་པ་མང་བ་དང་། རིག་པ་དཔེ་ཐོག་ཏུ་ལུས་པ། མདོ་སྔགས་ཀྱི་གཞུང་རྣམས་ལེགས་པོར་རྟོགས་ཀྱང་གདམས་པར་ཤར་མ་ནུས་ནས་རང་རྒྱུད་ལ་མ་ཕན་པ། འཆད་ཚེ་གཞུང་རྣམས་ལ་མཁས་ཀྱང་། ལྐོག་ཏུ་རྟོག་གེའི་དབང་དུ་གྱུར་ནས་ཉམས་རྟོགས་ཀྱིི་སྒོ་འགགས་པས་དོན་འབྲས་ཆེན་པོ་མེད་པ་འབྱུང་སྲིད། སྔོན་བོད་སྟོན་མང་པོ་སྟོད་ལུང་དུ་འདུས་ནས་བགྲོ་གླེང་དང་རྩོད་པ་མཛད་པ་ན། གློག་སྐྱ་གཙོ་རྒན་འབོད་པས། བོད་དབུས་གཙང་གི་སྟོན་པ་ཆེན་པོ་འདི་ཙམ་ཞིག་གིས་ཉིན་རེ་བཞིན་འཚོགས་ནས། མར་འཁོར་བ་སྤང་ལུགས་དང་ཡར་ཐར་པ་ཐོབ་ལུགས་ཀྱི་ཆོས་ཚིག་བཞི་ཞིག་མེད་པར། ཀླད་པ་གས་གས་ལ་བ་ལང་དཀར་ཟལ་ལ་འཆི་བ་འདི་ནི་བྱུར་རེ་ཆེ་ཞེས་ཟེར་བའི་གཏམ་ལ་གོ་རྒྱུ་ཆེན་པོ་མཆིས། འོ་ན། བཙུན་པས་གོ་ཆོད་དམ་ཞེ་ན། ཕྱིའི་སྤྱོད་པ་ལུས་ངག་གི་ཐད་ནས་བཙུན་པ་ནི་ཤིན་ཏུ་བསྔག་འོས་པའི་གནས་སུ་མཆིས་མོད། དེས་ཆོག་པའི་ངེས་པ་མེད་དེ། འཕགས་པའི་གནས་བརྟན་ཆེན་པོ་བཞིན་དུ་བཅས་པ་ལས་མི་འདས་པར་གནས་ཀྱང་། ནང་གི་སེམས་རྒྱུད་མ་ཐུལ་བས། དོན་དུ་ཐ་མལ་པ་བཞིན་དུ་དུག་གསུམ་གྱིས་གང་སྲིད་པས། ཐེག་ཆེན་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་མ་གོམས་ཚེ། ལུས་ཐོག་ཏུ་ཚུལ་ཁྲིམས་སྲུང་ཡང་། ཁྱིམ་པ་སུན་མི་འབྱིན་པ་དང་། མི་ཁ་གྱོད་གླེང་གཏམ་སྡུག་མིང་ངན་མི་འོང་བ། འཇིག་རྟེན་པ་དག་གིས་ཡིད་སྨོན་བྱེད་ཅིང་བཀུར་སྟི་དང་སྙན་གྲགས་རྒྱས་པ་སོགས་ཀྱི་དགེ་མཚན་གྲངས་མང་བ་མཆིས་པ་ཙམ་ལས། འཁོར་འདས་རོ་མཉམ་ཀྱིི་བརྡར་ཤ་གཅོད་པ་ལ་ཕན་པ་ཆེན་པོ་མི་འབྱུང་། སྤྱིར་སོ་ཐར་གྱི་སྡོམ་པ་ལེགས་པོ་ཙམ་སྲུང་ཐུབ་མཁན་བྱུང་ཀྱང་ཡ་མཚན་པའི་གནས་ཏེ། དེང་གི་དུས་འདིར་མཐོ་བ་ཁྲི་ཐོག་གི་བླ་མ་ནས། དམའ་བ་གྲྭལ་མཐའི་བཙུན་རྒན་ཡན་ཆད་གྱི་ནང་རོལ་དུ་ཕྱི་ལུས་ལ་ཚུལ་ཁྲིམས་ཀྱི་རྒྱན་ཆ་མེད། ནང་སེམས་ལ་ཉམས་རྟོགས་ཀྱི་སྲོག་ཤིང་དང་བྲལ་བཞིན་དུ། ཀུན་གྱི་མཐོང་སར་གོས་དམར་སེར་དང་། གཟན་དཀར་གྱོན་ནས་དཀོར་ཟས་ཀྱི་སླད་དུ་ཡར་རྒྱུག་མར་རྒྱུག་གནང་མཁན་མང་པོ་ཡོད་སྲིད། ང་ལ་མངོན་ཤེས་གང་ཡང་མེད་པས། གཞན་སེམས་ཐད་ཀར་ཤེས་ནས་གཏམ་འདི་འདྲ་སྨྲས་པ་མ་ཡིན་པས་སུའི་ཐུགས་ལ་མི་ཕོག་པར་ཞུ། སངས་རྒྱས་ཀྱི་བསྟན་པའི་གནས་ཚད་ལ་གཞིགས་ཚེ། བསྟན་པའི་སྙིང་པོ་ཤིན་ཏུ་ཉག་ཕྲ་བའི་དུས་ཀྱི་མཐའ་མར་སླེབས་ཟིན་པས། ཕལ་ཆེར་གནས་སྟངས་འདི་འདྲ་ཡིན་འོང་སྙམ་ནས་འོལ་ཚོད་དུ་སྨྲས། འོ་ན། རྟོགས་པ་ལྡན་པས་ཆོག་གམ་ཞེ་ན། རྟོགས་པ་སུ་ལ་ལྡན་མི་ལྡན་ཤིན་ཏུ་ཤེས་དཀའ་སྟེ། རང་གི་རྒྱུད་ལེགས་པོར་མ་བརྟགས་ཚེ། གོ་བ་རགས་པ་ཙམ་དང་། ཉམས་མཚར་པོ་རེ་ལ་འཁྲུལ་ནས། གཞན་དང་མི་འདྲ་བར་ང་རང་རྟོགས་ལྡན་དང་འཕགས་པའི་གང་ཟག་ཡིན་སྙམ་ནས། དོན་དུ་ཉོན་མོངས་དུག་ལྔའི་ཁོལ་བོར་ལུས་བཞིན་དུ། རང་མགོ་རང་གིས་གཡོགས་པ་མང་བར་གྲགས། གཞན་རྒྱུད་ལ་རྟོགས་པ་ཡོད་མེད་དེ་བས་ཀྱང་རྟོགས་དཀའ། ཁ་ཅིག་གིས་ཁ་ནས་ལྟ་བ་མཐོན་པོའི་ཚིག་རླིངས་པོ་སྔགས་སྨྲ་བ་བཞིན་དུ་བསྒྲགས་ཤིང་། བསམ་བཞིན་དུ་ཀུན་སྤྱོད་གཞན་དང་མི་མཐུན་པར་བྱེད་པ་ལ། མི་མང་པོས་རྟོགས་ལྡན་དང་། རྣལ་འབྱོར་དུ་བཀུར་བ་ཚོའི་རྒྱུད་ཅི་འདྲ་ཡོད་མེད་དོགས་པའི་གནས་སུ་གྱུར། རྟོགས་པ་ཤིན་ཏུ་མཐོ་བ་དག་གིས་བདུད་བཞིའི་མགོ་མནན་ཟིན་པས། གཅོད་དབྱངས་གྱེར་བ། ཌཱ་དྲིལ་དཀྲོལ་བ། གཉན་སར་འགྲིམ་པ་སོགས་དོན་མེད་ཀྱི་དཀའ་བ་གནང་མི་དགོས། ངེས་པ་དོན་གྱི་རྟོགས་ལྡན་རྣམས་ལ་ཅོག་པུ་ཁུར་ནས་རི་ལུང་བརྒལ་ཞིང་ས་མཐར་འགྲིམ་པའི་དཀའ་བ་དེ་མི་མཁོ། ཀ་པཱ་ལ་རྐམ་གྱོང་ཞིག་གི་ནང་དུ་བྲོ་བ་མེད་པའི་སྤྲང་ཟས་ངན་པར་རོལ་བའི་བརྟུལ་ཞུགས་དེ་མི་མཁོ། ཉིན་གང་བོར་གཅོད་དབྱངས་གྱེར་ནས་དགུང་མོར་ཐང་ཆད་པ་བྱིས་པའི་རྩེད་མོ་འདྲ་བ་དེ་མི་མཁོ། ཕཊ་སྒྲ་འབྲུག་ལྟར་ལྡིར་བས་སྐྱེ་བོ་གཞན་གྱི་རྣ་བ་འོན་ལ་ཁད་བྱེད་པའི་གྲོལ་ཐབས་དེ་མི་མཁོ། རང་ལུས་ཀྱི་ཤ་ཁྲག་བཤམས་ནས་གཟུགས་མེད་ཀྱི་ལྷ་འདྲེར་འགྱེད་པའི་མཚན་བཅས་ཀྱི་དམིགས་པ་དེ་མི་མཁོ། མི་ལྤགས་གཡང་གཞི་ཐོགས་ནས་ས་རྩུབ་རྡོ་རྩུབ་ཀྱི་དུར་ཁྲོད་དུ་ཉལ་བའི་གདམས་ངག་དེ་མི་མཁོ། གཉན་ཁྲོད་བརྒྱ་རྩར་འགྲིམ་ལམ་དུ་ཉི་ཆར་གྱིས་ལུས་པོ་གཙེས་པའི་དཀའ་བ་དེ་མི་མཁོ། མཚན་མོར་གཉན་སར་བསྐྱོད་སྐབས་གཡང་གཟར་གར་ཡོད་མི་མཐོང་བའི་ཉེན་ཁ་དེ་མི་མཁོ། མདོར་ན་བདག་མེད་ཆོས་སྐུ་ཀུན་ཏུ་བཟང་མོ་དང་དབྱེར་མ་མཆིས་པ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དགོངས་དོན་ཟབ་མོ་ཆོས་ཉིད་སྟོང་པ་ཉིད་མངོན་དུ་གྱུར་ཚེ། འཁོར་འདས་ལ་རེ་དོགས་འགགས། འཆི་བ་ལ་མི་འཇིགས། རྐྱེན་ངན་པ་ཐེགས། བདེ་གྲགས་ཀྱིས་བསླུ་མི་ནུས། ཚེ་འདིར་གདོད་མའི་བཙན་སར་སླེབས་ངེས་པའི་སྤོབས་པ་ཤར་ཏེ། དུས་ཀུན་དུ་གུ་ཡངས་བློ་བདེའི་ངང་ལ་གནས་ཐུབ་ཚེ་ད་གཟོད་གཅོད་ཡུལ་ལམ་དུ་ལོངས་པའོ། །དེའི་ཚེ་རང་རྒྱུད་ལ་འཇིགས་བྲལ་དོན་གྱི་ལྟ་བ་བཅོས་མ་མ་ཡིིན་པ་མངོན་དུ་གྱུར་ནས། སྣང་བ་ཐམས་ཅད་སེམས་སུ་རྟོགས་ནས། ཞེན་འཛིན་གྱི་ཞགས་ཐག་རང་སར་གྲོལ། གདོན་འདྲེའི་ཆོ་འཕྲུལ་དག །རྐྱེན་ཐམས་ཅད་སྒྱུ་མའི་རོལ་བར་གོ །བཟང་རྐྱེན་བྱུང་ཚེ་དགའ་བྲོད་ཀྱི་དབང་དུ་མི་འགྲོ། ངན་རྐྱེན་བྱུང་ཚེ་བདེན་མེད་ཀྱི་ལྟ་བའི་གོ་ཆ་བགོས་ནས་འཇིགས་ཞེད་མེད་ཅིང་འབྲོ་མི་དགོས་ལ་གཞན་ལ་རེ་ལྟོས་ཀྱང་བཅོལ་མི་དགོས་པ་ནི། གྲུབ་ཆེན་བརྒྱད་ཅུ་བྱོན་ཀྱང་བྱིན་རླབས་ཞུ་མི་དགོས་པ། ཕྱག་ན་རྡོ་རྗེ་བྱོན་ཀྱང་སྲུང་སྐྱོབ་ཞུ་མི་དགོས་པ། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་བྱོན་ཀྱང་རྩིས་མི་དགོས་པ། གཤིན་རྗེ་ཆོས་ཀྱི་རྒྱལ་པོར་འཕྲད་ཀྱང་མགོ་མི་སྒུར་བ། གང་གིས་ཀྱང་ལྟ་བ་འཕྲོག་མི་ནུས་པར་ཕྱི་དང་ནང་གི་རྐྱེན་ཚོགས་ཀྱི་དབུས་ན་གཡོ་འགུལ་མེད་པའི་རི་དབང་ལྟར་དུ་གནས་ཐུབ་པར་འགྱུར་བའོ། །གསུམ་པ་རྗེས་བསྔོ་བ་ནི། ཐེག་པ་ཆེན་པོའི་ཆོས་གང་ཉམས་སུ་ལེན་ཀྱང་མཇུག་བསྔོ་བ་དམ་པས་རྩིས་གདབ་ནུས་ན། དགེ་བ་ཅི་བསགས་རླབས་ཆེ་ཞིང་། རྫོགས་སངས་རྒྱས་པའི་རྒྱུར་འགྲོ་བ་དང་། དེ་ཉིད་མི་ཟད་ཅིང་གོང་ནས་གོང་དུ་འཕེལ་བར་འགྱུར་བའི་དགོས་པ་གལ་ཆེ་བ་ཡོད་པས། །བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་མཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་གང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས། བསྔོ་ཡུལ་ནི། ནམ་མཁའ་མཐའ་མེད་པར་ཕྱོགས་མཚམས་ཐམས་ཅད་དུ་ཁྱབ་པ་ལ་སེམས་ཅན་གྱིས་ཀྱང་ཁྱབ་ལ། སེམས་ཅན་གྱིས་ཁྱབ་ཚད་ལ་ལས་ཉོན་གྱིས་ཁྱབ། ལས་ཉོན་གྱིས་གར་ཁྱབ་སྡུག་བསྔལ་གྱིས་བཀང་ཡོད་པ་རྣམས་ཡིན་ལ། སྒོས་སུ་རང་དང་བཟང་འབྲེལ་ཡོད་པའི་སྦྱིན་བདག་གམ། བཟའ་མི་གཉེན་ཉེ་གྲོགས་པོ་དག་ལ་བསྔོ་ན་ཕན་འབྲས་མི་བསླུ་བ་མྱུར་དུ་འབྱུང་སྟེ། རྗེ་མི་ལས། རི་ལ་བསྒོམ་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །འཚང་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། །ཞེེས་གསུངས་པས་སོ། །འདིར་བསྔོ་བ་ནི།