དཀར་ཆག
དཔེ་དེབ

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དོན་འགྲེལ་རིག་འཛིན་དགྱེས་པའི་བདུད་རྩི་བཞུགས།

ཨཿ
དགེ་དང་མི་དགེའི་རྟོག་ཚོགས་རང་གྲོལ་ལཿ
རེ་དང་དོགས་པའི་མཚན་མ་མི་དམིགས་ཀྱངཿ
སྣང་ཆའི་རྟེན་འབྲེལ་བསླུ་མེད་དགེ་ཚོགས་རྒྱུནཿ
ཟག་མེད་ཆོས་ཀྱི་དབྱིངས་སུ་བསྔོ་བར་བྱཿ

ཕཊཿ
ཀུན་རྫོབ་ལུས་ཀྱི་སྦྱིན་པ་ལ་བརྟེན་ནསཿ
བསྐལ་པར་བསགས་པའི་བུ་ལོན་ལན་ཆགས་བྱངཿ
དོན་དམ་ཆོས་ཀྱི་བདེན་པས་རྒྱུད་འགྲོལ་ཚེཿ
བདག་གི་འདུས་པ་དང་པོར་སྐྱེ་བར་ཤོགཿ

དེ་ཚེ་མ་བཅོས་རང་བཞག་གཉུག་མའི་དོནཿ
མི་བསྲུན་ལྷ་འདྲེའི་རྒྱུད་ལ་སྐྱེས་ནས་ཀྱངཿ
ངར་འཛིན་འཁྲུལ་པའི་རྗེས་སུ་མི་འབྲང་བརཿ
བྱམས་དང་སྙིང་རྗེས་ཤེས་རྒྱུད་བརླན་པར་ཤོགཿ

བདག་ཀྱང་བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནསཿ
སྐྱིད་སྡུག་རོ་སྙོམས་འཁོར་འདས་ཆོས་སྐུར་འབྱོངསཿ
ཕྱོགས་ལས་རྣམ་རྒྱལ་འབྲེལ་ཚད་དོན་ལྡན་གྱིསཿ
ཕྲིན་ལས་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོགཿ
ཕཊཿ

ཅེས་ཐོག་མཐའ་ཀུན་བྲལ་ཆོས་དབྱིངས་སྐྱེ་མེད་འདུས་མ་བྱས་པའི་ཀློང་རབ་འབྱམས་པར། སུས་ཀྱང་རྩོལ་མ་དགོས་ཤིང་། རྐྱེན་གང་ལའང་མ་ལྟོས་པར། གཟོད་མ་ནས་སྤྲོས་པའི་མཐའ་བརྒྱད་ཀྱི་སྤྲིན་ཚོགས་དེངས་ཤིང་། དགེ་དང་མི་དགེའི་བའི་ལས་ཀྱི་ཡོ་ལང་རང་བཞིན་གྱིས་དག་ཟིན་པས། གལ་ཏེ་དེའི་ངོར་ཀུན་རྫོབ་གྲུབ་ན། ཡང་དག་པའི་གྲོལ་བ་འབྱུང་བར་མི་འགྱུར་ཞིང་། ངོ་བོ་མཇལ་བའི་ཀ་དག་འོད་གསལ་གྱི་རིག་པའང་སྐྱེ་མི་རུང་བར་འགྱུར་བས། ནམ་མཁའ་ཆེ་རྒྱུད་ལས། ཁྱད་པར་ཅི་ཡང་མཚུངས་པ་ལ། །ལས་སོ་ཞེས་ནི་རྣམ་པར་བཏགས། །ཅི་སྟེ་ལས་ཀྱིས་དབང་གྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཞེས་གསུངས། དེ་ལྟ་བུའི་ཀུན་ཁྱབ་ཆོས་ཀྱི་དབྱིངས་སུ་རེ་དང་དོགས་པའི་མཚན་མ་མི་དམིགས་པས། ཀུན་རྫོབ་ཐ་སྙད་བདེན་པའི་རྣམ་གཞག་རྩད་ནས་ཞིག་མོད་ཀྱང་། ཅང་མེད་སྟོང་རྐྱང་ལྟ་བུ་མ་ཡིན་པར། སྣང་བཞིན་དུ་སྟོང་ལ། སྟོང་བཞིན་དུ་སྣང་བའི་རྟེན་འབྲེལ་གྱི་རོལ་བ་མ་འགག་པས། དཔལ་མགོོན་ཀླུས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། ཀློང་ཆེན་པས། ངོ་བོ་སྟོང་ལ་རང་བཞིན་མ་འགགས་པས། །ཅིར་ཡང་མ་གྲུབ་ཅིར་ཡང་འཆར་བ་སྟེ། །ཞེས་གསུངས་པ་ལྟར། དོན་དམ་པར་རྒྱུ་ལས་འབྲས་བུ་སྐྱེ་བ་མེད་བཞིན་དུ། ཅི་ཡང་མེད་པ་ལྟ་བུའི་བེམ་སྟོང་ཆད་པའི་ཕྱོགས་སུ་མ་ལྷུང་བར། ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་དུ་བསླུ་བ་མེད་པར་འཆར་བའི་དོན་རྨད་དུ་བྱུང་བ་དེ། བཅོམ་ལྡན་འདས་ལྟ་བུ་འཇིག་རྟེན་ན་ཤིན་ཏུ་དཀོན་པའི་མིའི་སེངྒེར་གྱུར་བ་དག་གིས་ཆོས་སྤྱན་དྲི་མ་མེད་པས་ལེགས་པར་གཟིགས་པ། ཤིན་ཏུ་ངོ་མཚར་བའི་གནས་སུ་གྱུར་བའི་དོན་ཏེ། ཤེས་རབ་ཕ་རོལ་དུ་ཕྱིན་པའི་མདོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་གསུངས་པ་དང་། ཡང་མགོན་པོ་ཀླུ་སྒྲུབ་ཀྱིས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་ མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་གསུངས། དེས་ན་སྣང་སྟོང་ཕན་ཚུན་གཅིག་གིས་གཅིག་ལ་མི་གནོད་པར་གནས་པའི་མཐུ་ལས་དགེ་དང་མི་དགེ་སོགས་སྒྱུ་མའི་ཆོས་མཐའ་ཀླས་པ་ཤར་ཞིང་། བྱེད་པོ་སོགས་མེད་ཀྱང་། གོ་མ་འཛོལ་བར་འབྱུང་བས་རྒྱུ་འབྲས་བསླུ་བ་མེད་པར་གནས་པས། བདག་གིས་འདས་དང་ད་ལྟར་བསགས་པའི་སྦྱིན་པ་གཏོང་བ་དང་ཏིང་ངེ་འཛིན་སྒོམ་པ་སོགས་དགེ་བའི་ཚོགས་ཇི་བསགས་པ་དག །རང་གཞན་གྱི་འགྲོ་བ་ཐམས་ཅད་གྲོལ་ས་ཀ་དག་གི་རྒྱལ་སར་ཆོས་སྐུ་ཡུམ་ཆེན་པོའི་གོ་འཕང་ཐོབ་ཕྱིར་དུ། འཁོར་གསུམ་ཡོངས་སུ་དག་ཅིང་རྣམ་ཐར་སྒོ་གསུམ་ལྡན་པའི་ཆོས་ཀྱི་དབྱིངས་སུ་བསྔོའོ་སྙམ་པ་དང་། རྒྱུ་རྐྱེན་གྱི་ལས་སྣ་ཚོགས་ལས་གྲུབ་པའི་ད་ལྟའི་ལུས་པོ་མགྲོན་ཁང་ལྟ་བུ་འདི། གཅེས་འཛིན་མེད་པར་སྔགས་དང་ཏིང་ངེ་འཛིན་གྱི་མཐུས་མྱོང་གྲོལ་གྱི་བདུད་རྩིར་བྱིན་གྱིས་བརླབས་ནས། མཆོད་ཡུལ་དཀོན་མཆོག་གསུམ་དང་རྩ་བ་གསུམ། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། སྦྱིན་ཡུལ་རིགས་དྲུག་གི་འགྲོ་བ་དང་། གདོན་བགེགས་རྣམས་ལ་ཉེ་རིང་ཆགས་སྡང་གིས་རིས་སུ་མ་བཅད་པར། དད་པའམ། སྙིང་རྗེ་སོགས་ཀྱི་སྒོ་ནས་མཆོད་ཅིང་སྦྱིན་པའི་ཚོགས་རྒྱ་ཆེན་པོ་བསགས་པའི་མཐུས། རང་རེ་ཐམས་ཅད་ཀྱིས་བསྐལ་པ་གྲངས་མེད་པར་བསགས་པའི་བུ་ལོན་ལན་ཆགས་མཆིས་སོ་ཅོག་མྱུར་བར་དག །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་སྟེ་དོན་དམ་ཆོས་ཀྱིས་རང་གཞན་ཚང་མའི་རྒྱུད་གྲོལ། ནམ་ཞིག་འགྲོ་བ་དེ་དག་བདག་གི་འདུས་པ་དང་པོར་སྐྱེས་ནས་ཟབ་གསང་ཆོས་ཀྱི་དཔལ་ལ་རོལ་ཞིང་། དེའི་ཚེ་མ་བཅོས་རང་བཞག་ཆོས་ཉིད་ཀ་དག་སྟོང་པ་ཉིད་ཀྱི་རྟོགས་པ་རྣལ་མ་ལྷ་འདྲེ་དེ་དག་གི་རྒྱུད་ལ་སྐྱེས་ནས། བདག་དང་བདག་གིར་འཛིན་པའི་འཁྲུལ་བའི་དབང་དུ་མི་འགྲོ་བར། ཚད་མེད་པའི་བྱམས་པ་དང་སྙིང་རྗེ་ཆེན་པོས་རྒྱུད་བརླན་པ་དང་། གཞན་ལ་འཚེ་བ་མི་བྱེད་པར་རྣམ་དཀར་གྱི་ལས་འབའ་ཞིག་ལ་གཞོལ་བར་ཤོག་ཅིག་ཅེས་བསྔོ། དགེ་བ་འདི་ཡིས་བདག་ཉིད་ཀྱང་ལམ་གྱི་གོལ་ས་ཐམས་ཅད་ལས་ཐར་ནས། ཟབ་མོ་བརྟུལ་ཞུགས་ཀྱི་སྤྱོད་པ་མཐར་ཕྱིན་ནས་ཆོས་བརྒྱད་ཀྱི་མགོ་སྙོམས། འཁོར་འདས་ཀྱི་སྣང་བ་ཐམས་ཅད་དག་པ་ཆོས་སྐུའི་འཁོར་ལོ་རུ་འབྱོངས་ནས། མི་མཐུན་པའི་ཕྱོགས་དང་བར་ཆད་ཀྱི་གཡུལ་ལས་ཡོངས་སུ་རྒྱལ། འབྲེལ་ཚད་དོན་ལྡན་ཐར་བའི་ལམ་ལ་དཀྲི་ནུས་པ་དང་། ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམས་ཐོགས་མེད་དུ་འགྲུབ། མཐར་ཟག་མེད་འཇའ་ལུས་ཆོས་སྐུའི་ཀློང་དུ་ཁྱབ་བདག་ཀུན་ཏུ་བཟང་པོའི་ངོ་བོར་གྲོལ་བར་ཤོག་ཅེས་བསྔོ། དེ་ནས་སྦྱིན་པ་གསུམ་གྱི་ནང་ནས་མཆོག་ཏུ་གྱུར་པ་དམ་པ་ཆོས་ཀྱི་སྦྱིན་པ་བྱ་བ་ནི། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་ལ། བདེན་པ་བཞི་དང་། རྟེན་འབྲེལ་བཅུ་གཉིས། དགེ་སྦྱོང་གི་ཆོས་བཞི། ཚད་མེད་བཞི་དང་། དོན་དམ་བདེན་པ་སོགས་ཀྱི་བཀའ་བསྒྲགས་པས། དེ་དག་གི་རྒྱུད་ལ་ཐོས་བསམ་སྒོམ་པའི་ཤེས་རབ་སྐྱེ་བར་བསྒོམ། དེ་དག་གིས་ཀྱང་ངེས་འབྱུང་དང་དད་པའི་སྒོ་ནས། སོ་སོར་ཐར་པའི་སྡོམ་པ། བྱང་ཆུབ་སེམས་དཔའི་བསླབ་པ། རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས་ཀྱང་སྤྲོ་བཞིན་དུ་བླངས་ནས། ད་ནས་བཟུང་སྟེ་གཞན་ལ་གནོད་པ་མི་བྱེད་པར། གཞན་ཕན་གྱི་ཀུན་སློང་དང་ཀུན་སྤྱོད་ཁོ་ནར་འབད་དེ། སྣང་སྲིད་དག་པ་རབ་འབྱམས་ཀྱི་རྣལ་འབྱོར་ལ་གཞོལ་བར་དམ་བཅས་པར་བསམ། དེ་ནས་བདག་དང་ཡས་མས་ཀྱི་མགྲོན་པོ་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་སྐྱེ་མེད་ཀྱི་དབྱིངས་སུ་ཐིམ་པར་བསྒོམ། དེ་ལས་ལྡང་ཚེ། ཁམས་གསུམ་རིགས་དྲུག་འཁོར་བའི་སྣོད་བཅུད་ཐམས་ཅད་གནས་འགྱུར་ནས། ཕྱི་སྣོད་ཀྱི་ཞིང་ཐམས་ཅད་པོ་ཊ་ལ་དང་གཡུ་ལོ་བཀོད་པའི་དགའ་ཚལ་དུ་ཤར་ཞིང་། ཕོ་ཐམས་ཅད་སྤྱན་རས་གཟིགས་དང་། མོ་ཐམས་ཅད་རྗེ་བཙུན་སྒྲོལ་མར་གྱུར་ནས་དག་པ་རབ་འབྱམས་ཀྱི་ཀློང་དུ་ངལ་གསོ་བར་བྱ། ཨ་ཧོ། ཨུ་དུམ་ཝ་ར་ལྟར་ཤིན་ཏུ་དཀོན་པའི་གཞུང་ཟབ་མོ་འདི་དང་འཕྲད་པ་ནི་སྐལ་བ་ཆེས་རྨད་དུ་བྱུང་བ་སྟེ། ཟབ་མོ་གཅོད་ཀྱི་གདམས་པ་ལ་གསང་ཆེན་ཨ་ཏི་ཡོ་གའི་མན་ངག་གིས་ཕྱུག་པ། ཆོས་སྐུ་ཀུན་ཏུ་བཟང་པོའི་ཞལ་གདམས། གུ་རུ་རིན་པོ་ཆེ་པད་མ་འབྱུང་གནས་ཀྱི་ཟབ་ཆོས། མ་ཅིག་ལབ་ཀྱི་སྒྲོན་མའི་གྲུབ་མཐའ། རིག་འཛིན་བླ་མའི་ཞལ་གྱི་དྲོད་རླངས་མ་ཡལ་བར་བཞུགས་པ་ཡིིན་པས། ལས་དང་སྐལ་བ་ལྡན་པ་རྣམས་ཀྱིས་ཉམས་ལེན་གྱི་མཐིལ་དུ་བཞེས་དང་། ཆོས་བརྒྱད་མགོ་སྙོམས་སུ་ཤར་ནས། སེམས་ལ་བདེ་སྐྱིད་ཀྱི་ཉི་མ་རྟག་ཏུ་བཀྲ། ཤེས་རབ་ཀྱི་ཀློང་བརྡོལ། སྙིང་རྗེ་ཕྱོགས་མེད་རྒྱས། ཚེ་འདིར་གདོད་མའི་སར་བསྙེག་པའམ། འཆི་ཁར་བར་དོ་དང་པོ་སོགས་སུ་སེམས་ཉིད་ཆོས་སྐུའི་རང་ཞལ་མཇལ་བས། འོད་གསལ་མ་བུ་འདྲེས་ནས་ཀ་དག་སྐྱེ་མེད་ཀྱི་ཀློང་དུ་ཕྱིར་མི་ལྡོག་པར་གྲོལ་ཏེ། རྣམ་རྟོག་མེད་བཞིན་དུ་སྤྲུལ་པ་རྒྱུན་མི་ཆད་པར་སྤྲོ་ཞིང་། རྔ་ཡབ་པད་མ་འོད་ཀྱི་ཕོ་བྲང་དུ་རིག་འཛིན་འདུས་པའི་གྲལ་ན་ཟག་མེད་བདེ་སྟོང་ཚོགས་ཀྱི་དགའ་སྟོན་ལ་རོལ་འོང་ངོ་། །

རང་བྱུང་འདུས་མ་བྱས་པ་གཉུག་མའི་གཤིས།།
ཆོས་དབྱིངས་ཀློང་དུ་དངོས་པོ་མ་གྲུབ་ཀྱང་།།
མ་རིག་ཡོལ་བས་རང་སེམས་སྒྲིབ་པ་ལས།།
བདག་གཞན་འཁྲུལ་བའི་ཟློས་གར་ཤར་བ་སྐྱོ།།

འོན་ཀྱང་བདེ་གཤེགས་སྙིང་པོའི་རང་རྩལ་ལས།།
སྡུག་བསྔལ་རྩ་བ་གཅོད་པའི་དམ་ཆོས་ཤིག།
འགྲོ་བའི་ལེགས་བྱས་དཔལ་དུ་འཁྲུངས་པ་འདིས།།
འཇིག་རྟེན་འདི་ན་ཐར་པའི་སྒྲོན་མེ་འབར།།

ཀུན་ཏུ་བཟང་མོ་རྒྱལ་བ་ཡུམ་ཆེན་མོའི།།
གདམས་ཟབ་ཙིནྟ་མ་ཎི་ནོར་གྱི་མཆོག།
རྣམ་མང་འགྲོ་ལ་ལེགས་སྐྱེས་སུ་སྟེར་བ།།
ལབ་ཀྱི་སྒྲོན་མའི་བཀའ་དྲིན་གཞལ་དུ་མེད།།

གྲུབ་པའི་དབང་ཕྱུག་འཇིགས་མེད་གླིང་པ་ཡིས།།
འཛད་མེད་ཆོས་སྐུའི་ནམ་མཁའི་བང་མཛོད་ལས།།
ཐོལ་བྱུང་བཀྲལ་བའི་གྲོལ་བ་མྱུར་སྟེར་ཆོས།།
མཁའ་འགྲོའི་གད་རྒྱངས་བདུད་ཀྱི་སྙིང་ལ་གཟན།།

མི་འཇིགས་ལྟ་བའི་གོ་ཆ་མ་དོར་བར།།
རོ་སྙོམས་བརྟུལ་ཞུགས་སྤྱོད་པ་ལ་བརྟེན་ནས།།
རེ་དོགས་འཁོར་བའི་བཙོན་དོང་ལས་ཐར་ཏེ།།
གཏན་བདེའི་དགའ་བ་འབུམ་ཕྲག་མྱོང་གྱུར་ཅིག།

བཅོམ་ལྡན་གངས་ཀྱི་རི་བོ་ལས་ཐོན་པའི།།
གསང་ཆེན་ཐེག་པའི་ཉལ་འགྲོ་འདི་ཡང་ནི།།
ཡངས་པའི་ཐ་གྲུ་ཀུན་ཏུ་ལེགས་རྒྱུ་ནས།།
འགྲོ་བའི་ཡིད་ཀྱི་གདུང་བ་སེལ་བར་སྨོན།།

ཞེས་སྙོམས་ལས་པ་པད་མ་ཆོས་ཉིད་རྡོ་རྗེའམ་ཨ་གནམ་ཐུབ་བསྟན་བདག་གིས་སྔོན་ནས་ཚད་ལྡན་གྱི་བླ་མ་རེ་ཟུང་ལས་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་ལྗགས་ལུང་བླངས་ནས། ལེ་ལོའི་བྲན་དུ་གྱུར་བཞིན་སྐབས་སྐབས་སུ་ཉམས་སུ་ལེན་ཁུལ་བྱས་ཤིང་། ལྷག་ཏུ་༢༠༡༥ནས་བཟུང་། ལྷོ་ཀོ་རི་ཡའི་དད་ལྡན་སྐྱ་སེར་ཕོ་མོ་མི་ཉུང་བར་གཅོད་གཞུང་འདི་འཆད་ཁྲིད་བྱས་པ་དང་། མུ་མཐུད་དུ། ནུབ་ཕྱོགས་པའི་ཆོས་པ་འགའ་ལ་འདིའི་ཁྲིད་ལུང་སྟེར་བའི་གོ་སྐབས་བྱུང་བས། རང་ཉིད་གཅོད་གཞུང་འདི་ལ་ངེས་ཤེས་ཀྱི་བག་ཆགས་ཟབ་མོ་རེ་འཇོག་པའི་འདུན་པ་དང་བཅས། རྩ་གསུམ་ལྷའི་བཀའ་གནང་ཐོབ་ཕྱིར་དུ་བླ་མ་མ་ཅིག་ལབ་ཀྱི་སྒྲོན་མ་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པ། སྤྲུལ་བའི་གཏེར་ཆེན་ཁྲག་འཐུང་བདུད་འཇོམས་གླིང་པ། འགྲོ་བའི་དེད་དཔོན་ཆེན་པོ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་སོགས་ལ་ཞོར་དུ་གསོལ་བ་འདེབས་བཞིན་དུ་སྤེལ་བ་འདི་ཉིད། རང་དང་བློ་གྲོས་མཉམ་པ་དག་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བར་གོ་བ་རྣལ་མ་སྐྱེས་ཏེ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་སྟེགས་བུ་རྨད་དུ་བྱུང་བ་བརྟེན་ནས་མ་ཡུམ་ཀུན་ཏུ་བཟང་མོའི་འོག་མིིན་གྱི་རྒྱལ་སར་བསྙེག་པའི་གྲོགས་སུ་གྱུར་ཅིག་གུ།