དཀར་ཆག
དཔེ་དེབ

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དོན་འགྲེལ་རིག་འཛིན་དགྱེས་པའི་བདུད་རྩི་བཞུགས།

དེ་ཡང་ཐོག་མ་མེད་པའི་དུས་ནས་མ་རིག་པའི་ཁོལ་བོར་གྱུར་པའི་དབང་གིས་རང་གཞན་འགྲོ་བ་གྲངས་མེད་པས་བདག་མེད་པ་ལ་བདག་ཏུ་བཟུང་སྟེ། སྡུག་བསྔལ་གསུམ་གྱི་རྦ་རླབས་དྲག་ཏུ་འཕྱུར་བའི་འཁོར་བའི་རྒྱ་མཚོ་གཏིང་མཐའ་དང་བྲལ་བའི་ཀློང་དུ། ཉིན་མཚན་རྒྱུན་མ་ཆད་པར་བརྐྱལ་ཞིང་། འཇིགས་རུང་ལས་དང་ཉོན་མོངས་པའི་ཆུ་སྲིན་བྱེ་བས་ཕྱོགས་ཀུན་ཏུ་བདས་པས། གཏན་བདེ་ཐར་པ་མཆོག་གི་རིན་པོ་ཆེའི་གླིང་ཡིད་དུ་འོང་བར་བགྲོད་པའི་སྙིང་སྟོབས་ཀྱིས་དབེན་པ་རྣམས་ཡང་དག་པའི་ལམ་ལ་དཀྲི་བའི་སླད་དུ། ཕྱོགས་བཅུའི་བདེ་བར་གཤེགས་པ་དག་གིས་རྣམ་འདྲེན་སྟོང་གི་དབུས་སུ་ཐུགས་བསྐྱེད་མཆོག་ཏུ་གྱུར་པ་པད་དཀར་ལྟར་བསྔགས་པ། ཐབས་ལ་མཁས་ཞིང་ཐུགས་རྗེ་མངའ་བ། འཇིག་རྟེན་གྱི་སྒྲོན་མེ་གཅིག་པུ། རྒྱལ་བ་བཅོམ་ལྡན་འདས་ཀྱིས་གདུལ་བྱ་སོ་སོའི་ཁམས་དབང་དང་མཐུན་པར། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འདུལ་བའི་གཉེན་པོར་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་ཕུང་པོ་མང་དུ་གསུངས་ཤིང་། དེ་དག་ལས་ཀྱང་བསམ་པ་དང་ཐབས་རྒྱ་ཆེ་བ་མདོ་སྔགས་ཟུང་གིས་བསྡུས་པའི་ཐེག་པ་ཆེན་པོའི་ཁོངས་སུ་བཞུགས་པའི་ལམ་མཐའ་དག་ཟབ་ཅིང་རྨད་དུ་བྱུང་བས། འདི་ནི་དེ་ལས་མཆོག་གོ་སོོགས་ཚོང་ཁྲོམ་གྱིི་ཕལ་པའི་དངོས་རྫས་ལ་རིན་གོང་གཅོད་པ་ལྟར་བྱེད་མི་འོས་ཀྱང་། ཆོས་ཟབ་པ་ཀུན་ལས་ཀྱང་ཡང་ཟབ་པ་ནི། སྔར་འཕགས་པའི་ཡུལ་དུ་གནས་ལུགས་སེང་གེའི་ང་རོ་ཕྱོགས་ཀུན་ཏུ་སྒྲོག་པ་ལ་མི་ཞུམ་པའི་དཔའ་བོ་ཆེན་པོ་ས་མཐོན་པོར་གཤེགས་པའི་རིག་པ་འཛིན་པ་བྲམ་ཟེ་ཨཱརྱ་དེ་ཝ་སོགས་ཀྱིས་ལེགས་པར་གསལ་བར་མཛད་ཅིང་། ཕྱིས་སུ་གངས་ཅན་ཆོས་ཀྱི་དགའ་ཚལ་དུ། ཡེ་ཤེས་ཀྱི་མཁའ་འགྲོ་མ་མི་གཟུགས་སུ་ཤར་བའི་རྗེ་བཙུན་མ་མ་ཅིག་ལབ་ཀྱི་སྒྲོན་མ་མཆོག་གིས་གཙོས་གྲུབ་པའི་དབང་ཕྱུག་གསེར་རིའི་ཕྲེང་བས་དར་ཞིང་རྒྱས་པར་མཛད་པ། གསེར་ཞིང་ནོར་བུས་སྤྲས་པའི་ཡོན་གྱིས་ཀྱང་འགུག་ཏུ་མི་བཏུབ་པའི་ཆོས། གྲུབ་པའི་སྐྱེ་བོ་འབུམ་གྱི་ཐུགས་བཅུད་ལྟ་བུའི་ཟབ་མོ་གཅོད་ཡུལ་ཏེ། འདི་ནི་བདག་འཛིན་ཐད་ཀར་དུ་གཅོད་པ་ལ་ཤིན་ཏུ་ཟབ་ཞིང་མྱུར་བས། ལས་དང་སྐལ་བ་ཞན་པ་དག་གིས་ལམ་འདིར་མོས་པ་ཐོབ་ནས་ཉམས་སུ་ལེན་པའི་གོ་སྐབས་ལྟ་ཞོག །ཚེ་འདིར་ཆོས་འདིའི་མཚན་ཐོས་པའམ། འཕྲད་པའི་སྐལ་བ་ཕྲ་མོ་ཙམ་ཡང་འབྱུང་དཀའ་ཞིང་། ནད་བརྒྱ་འཇོམས་པའི་བདུད་རྩི། དབུལ་བ་སེལ་བའི་ནོར་བུ། དུག་ཤིང་གཅོད་པའི་སྟ་རེ་ལྟ་བུ་ཡིན་པས། ཆོས་འདི་ཉམས་སུ་ལེན་པའི་སྐལ་བ་བཟང་པོར་རོལ་བ་དག་གིས་རང་ཉིད་རིག་འཛིན་གྱི་གྲལ་དུ་ཚུད་པའི་རྟེན་འབྲེལ་འགྲིགས་ཤིང་། ཚེ་གཅིག་ལུས་གཅིག་ཏུ་གྲོལ་བའི་གདམས་པ་ཟབ་མོ་རིན་དང་བྲལ་བ་རྙེད་པའི་འདུ་ཤེས་བཅངས་ནས་གཅེས་པར་འཛིན་པ་གལ་ཤིན་ཏུ་ཆེ། གཞན་དུ་ན། ཁ་ཅིག་གིས་ཆོས་གྲྭར་ལོ་མང་འགྲིམས་ནས་མཁས་པའི་གཞུང་ལུགས་ལ་སློབ་གཉེར་བྱས། གླེགས་བམ་གྱི་ཕུང་པོ་རི་རབ་ཀྱི་གཏོས་དང་མཉམ་པ་བཀླགས། ཁ་ནས་ལུང་འདྲེན་ཆུ་ལྟར་དུ་བཞུར། མདོ་སྔགས་ཀྱི་བསྟན་བཅོས་གྲངས་མང་བ་བརྩམས། བདག་འཛིན་ཡོད་མེད་ཐད་ལ་དབུ་མའི་རིགས་པ་སོགས་ཀྱིས་ལོ་མང་དཔྱད་ཀྱང་། མཐར་ཉམས་རྟོགས་ཅི་ཡང་མ་འབྱོར་ཞིང་། བདག་མེད་རྟོགས་པའི་ཤེས་རབ་ཀྱི་བྲོ་བ་ཙམ་ཡང་མ་མྱོང་བར་ལག་སྟོང་ངང་དུ་ཁ་ལྟ་སྟོང་སྐད་ལ་སྐྱབས་སུ་འཛིན་པ་བྱུང་བ་མཐོང་སྲིད་ཀྱང་། ཆོས་འདིར་ཉོན་མོངས་ཀྱི་དཔུང་དང་སྡུག་བསྔལ་གྱི་དམག་ཚོགས་ལ་ཞུམ་པ་མེད་པར་ཐད་ཀར་གདོང་གཏུགས་ཤིང་ལམ་དུ་ཁྱེར་ནས། གནས་ལུགས་ཡང་དག་པའི་དོན་འགྱུར་བ་མེད་པ་ལ་བློས་ཕར་དཔྱད་པ་ཙམ་མ་ཡིན་པར། ཕར་དགྲ་བོའི་མཁར་རྫོང་ལ་རྒྱུགས་ནས་མཚང་རྒྱུས་ལོན་པ་བཞིན་དུ། འཁོར་བའི་སྲོག་རྩ་ཐད་ཀར་ངོས་བཟུང་ནས་གཅོད་པས། བདག་མེད་གྱི་གནས་ལུགས་མངོན་སུམ་དུ་མྱོང་བར་ཤིན་ཏུ་ཟབ་ཅིང་མྱུར་ལ། དོན་དམ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྟ་བ་དང་། གྲོལ་བྱེད་གསང་བ་སྔགས་ཀྱིི་ཐབས་ཟུང་འཇུག་གི་སྒོ་ནས། བདེན་འཛིན་རུ་ཏྲའི་མགོ་བོ་བཅད། ཡང་དག་པའི་དོན་མངོན་དུ་བྱས། བློས་བྱས་ཀྱི་རི་མོ་སྟོང་པ་ཉིད་དུ་བསྟིམས་པས། ཆོས་བརྒྱད་ཀྱི་མདུད་པ་དབྱིངས་སུ་ཞིག །འཁོར་བའི་ཆོས་ཀྱི་རྫུན་ཕུགས་གོ །འདི་སྣང་སྒྱུ་མའི་འཁྲུལ་འཁོར་ལ་ཞེན་པ་ལྡོག །འཁོར་འདས་རོ་སྙོམས་ཀྱི་ཀློང་དུ་འདའ་བར་བྱེད་དོ། །ད་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རིག་འཛིན་འཇིགས་མེད་གླིང་པའི་དགོངས་པ་འོད་གསལ་ཆོས་སྐུའི་གཏེར་མཛོད་ཀུན་ཏུ་བཟང་པོའི་བང་བ་ལས་རྩོལ་མེད་དུ་བྱུང་བ། རབ་འབྱམས་རྩ་གསུམ་ལྷའི་ཐུགས་གསང་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཉིང་ཁུ་གཅིག་ཏུ་འཁྱིལ་བའི་ཆོས་མཛོད་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཡན་ལག་ཏུ་གྱུར་པ། གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དགོངས་དོན་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་བཀྲལ་བ་ལ། བརྒྱུད་པའི་ཆེ་བ། གཅོད་ཀྱི་ངོ་བོ། རྩ་བའི་གཞུང་དངོས་བཤད་པ་གསུམ་ལས། དང་པོ་བརྒྱུད་པའི་ཆེ་བ་ནི། འཇིག་རྟེན་ན་འགྲན་ཟླས་དབེན་པའི་མིའི་སེངྒེ་ཆེན་པོ་བདག་ཅག་གི་སྟོན་པ་བཅོམ་འདས་ཤཱཀྱ་ཐུབ་པའི་ཞལ་ལས་ལེགས་པར་ཐོན་ཅིང་། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་དགོངས་པ་མཐར་ཐུག་པའི་མཛོད། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་རྣམས་འཇུག་པའི་ཡུལ་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་དགོངས་པ་མ་ནོར་བ། བདུད་བཞི་དབྱིངས་སུ་གཅོད་པའི་མན་ངག་ཟབ་མོ། འཕགས་ཡུལ་གྲུབ་པའི་སྙིང་ནོར་ལྟ་བུའི་ཆོས་འདིའི་བརྒྱུད་རིམ་ནི། དངོས་བསྟན་སྟོང་པ་ཉིད་དང་། སྦས་དོན་མངོོན་རྟོགས་ཀྱི་རིམ་པ་གཉིས་ལས་དང་པོའི་དབང་དུ་བྱས་ཚེ། རྒྱལ་བ་ཤཱཀྱ་ཐུབ་པ། འཇམ་དཔལ་སྨྲ་བའི་སེང་གེ །བྲམ་ཟེ་ཨཱརྱ་དེ་ཝ། ཕ་དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། དེས་མ་ཅིག་ལ་གནང་བ་ལ་ཐབས་ཀྱི་བརྒྱུད་པ་དང་། ཤེར་ཕྱིན་གྱི་ལྟ་བ་གསང་སྔགས་དང་མཐུན་པར་ཉམས་སུ་ལེན་ཚུལ་གྱི་གདམས་པ་དང་བསྟུན་ཚེ། ཆོས་སྐུ་ཡུམ་ཆེན་མོ། རྗེ་བཙུན་སྒྲོལ་མ་སོགས་ལས་བརྒྱུད་ནས་མ་ཅིག་ལ་བབས་པ་ལ་ཤེས་རབ་ཀྱི་བརྒྱུད་པ་དང་། བརྒྱུད་པ་དེ་གཉིས་གཅིག་ཏུ་འདྲེས་ནས་མ་ཅིག་གི་སྲས་རྣམས་ལ་ཐོབ་པར་ཐབས་ཤེས་གཉིས་མེད་ཀྱི་བརྒྱུད་པ་ཞེས་གྲགས། མ་ཅིག་ལབ་ཀྱི་སྒྲོན་མ་ནི་སྔོན་སྦྱངས་ཀྱི་བག་ཆགས་སད་པའི་མཐུ་ལས། ཆུང་ངུའི་དུས་ནས། མཁྱེན་དཔྱོད་ཀྱི་མེ་ལྕེ་དགུང་ལ་མཆེད་ཅིང་། ཐོས་བསམ་གྱི་དཀའ་བ་མ་དགོས་པར། རྒྱལ་བའི་གསུང་རབ་ལ་གཞན་དྲིང་མི་འཇོག་པའི་བློ་གྲོས་མངའ་བས། སཱ་ལའི་ལྗོངས་ཀྱི་དྲན་དབང་ཡོངས་ཀྱི་གཙུག་ཕུད་ལ་ཞབས་ཀྱི་རེ་ཁཱ་བཀོད་པར་མཛད། དམ་པའི་ཞལ་ནས། ཤེས་རབ་བཞི་དང་ལྡན་པ་ཡི། །ཡུམ་ཆེན་མཁའ་འགྲོའི་སྤྲུལ་པ་ཁྱོད། །རྣམ་ཐར་གསུམ་གྱི་སྒོ་ཕྱེ་ནས། །བདུད་ཀྱི་དཔུང་རྣམས་ཕམ་མཛད་མ། །ལབ་ཀྱི་སྒྲོན་མ་ཁྱོད་ལ་ནི། །བདག་དང་ལྷར་བཅས་ཕྱག་འཚལ་ལོ། །ཞེས་བསྟོད་བསྔགས་ཀྱི་མེ་ཏོག་བསྩལ་བ་དོན་ལ་གནས་ཏེ། ཆོས་སྐུ་ཡུམ་ཆེན་མོའི་ཐུགས་ཀྱི་སྤྲུལ་པ། ལོངས་སྐུ་རྡོ་རྗེ་རྣལ་འབྱོར་མའི་གསུང་གི་སྤྲུལ་པ། སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་གྱི་སྐུའི་སྤྲུལ་པ་མཚན་དཔེའི་དཀྱིལ་འཁོར་གཅིག་ཏུ་མིའི་ཤ་ཚུགས་སུ་གྲུབ་ཅིང་། མཐའ་ཡས་པའི་འགྲོ་བ་རྣམས་ལ་བདག་མེད་པའི་གནས་ལུགས་ཀྱི་འོད་སྣང་འགྱེད་ཕྱིར་དུ་འཇིག་རྟེན་འདིར་བྱོན་པ་ལགས་ན། གྲུབ་ཐོབ་འབུམ་གྱི་དབང་མོ། མཁའ་འགྲོ་བྱེ་བའི་གཙོ་མོ། རྣལ་འབྱོར་ཡོངས་ཀྱི་བདག་མོ། རིག་འཛིན་འདུས་པའི་རྗེ་མོ། ས་གསུམ་ན་འགྲན་ཟླས་དབེན་པའི་འཕགས་པའི་གང་ཟག་ཏུ་བཞུགས། ཁོང་གིས་དངོས་སུ་བསྟན་ཅིང་བྱིན་གྱིས་བརླབས་པའི་ཐུན་མོང་མ་ཡིན་པའི་ཟབ་ཆོས་ཕྱག་རྒྱ་ཆེན་པོ་གཅོད་ཅེས་སྙན་གྲགས་ཡངས་པའི་ཐ་གྲུ་ཀུན་དུ་རླུང་ལྟར་རྒྱུ་བ་འདི་ནི། ཟས་ཀྱི་སྙིང་པོ་བཅུད། འོ་མའི་སྙིང་པོ་མར། སའི་སྙིང་པོ་གསེར། མེ་ཏོག་གི་སྙིང་པོ་སྦྲང་རྩི་ལྟ་བུ། མདོ་སྔགས་གྲུབ་མཐའ་ཐམས་ཅད་ཀྱི་ཡང་ཞུན། ཚེ་གཅིག་ལུས་གཅིག་ལ་གང་ཟག་གཅིག་འཚང་རྒྱ་བའི་ཆོས་རིན་ཐང་དང་བྲལ་ཞིང་། སྲིད་ན་ཆེས་རྙེད་དཀའ་བའི་ཡིད་བཞིན་གྱི་ནོར་བུ་ཡིན། སྔོན་ཚེ་ཆོས་ཀྱི་སྒོ་ནས་རྒྱ་གར་ཡུལ་དབུས་སུ་སོང་ཞིང་། འཕགས་པའི་པཎ་གྲུབ་གསེར་གྱི་ལྷུན་པོའི་ཕྲེང་བ་ཚར་དུ་དངར་བའི་ཞིང་ཁམས་ལྟ་བུ་ཡིན་པས། བོད་ཀྱི་དམ་པའི་ཆོས་མཆིས་སོ་ཅོག་གི་འབྱུང་ཁུངས་ཡིན་པ་མ་ཟད། བོད་ཀྱི་བཀའ་དང་བསྟན་བཅོས་རྒྱ་གར་ལ་བསྒྱུར་ནས་ཉམས་སུ་ལེན་སྲོལ་མེད་ཀྱང་། ཨ་མ་ལབ་ཀྱི་སྒྲོན་མའི་ལྗགས་གསུང་བཀའ་ཚོམས་ཆེན་མོ་སོགས་ཆོས་ཚན་རྒྱ་གར་དུ་བསྒྱུར་ནས་དར་བས། ཨ་མའི་ཞལ་ནས། རྒྱ་ཆོས་བོད་ལ་བསྒྱུར་བ་ཐམས་ཅད་དང་། །བོད་ཆོས་རྒྱ་ལ་བསྒྱུར་བ་ཁོ་མོ་ཙམ། །ཞེས་གསུངས། ཆོས་འདི་བྱིན་རླབས་ཤིན་ཏུ་ཆེ་བས། རིམ་གྱིས་བོད་གངས་ཅན་གྱི་གྲུབ་མཐའ་རིས་སུ་མ་ཆད་པའི་ནང་དུ་དར་ཁྱབ་བྱུང་ནས། ཀུན་གྱིས་ཚད་མར་བཀུར་ཞིང་། སོ་སོའི་ལུགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་སྤྲས་པའི་བརྒྱུད་པ་དུ་མ་བྱུང་ཡང་། ཆུ་འགོ་གངས་ལ་ཐུག་པའི་དཔེ་བཞིན་དུ། ཕུགས་བཅོལ་ས་གཙོ་བོ་ནི་རྗེ་བཙུན་ལབ་ཀྱི་སྒྲོན་མ་རྩོད་མེད་དུ་བཟུང་། སྔ་འགྱུར་པའི་ཕྱོགས་ལ། ཉེ་བརྒྱུད་གཏེར་མའི་ཁོངས་སུ་གཏོགས་པའི་གཅོད་ཆོག་དང་གཅོད་ཁྲིད་བྱིན་རླབས་ཀྱི་ཚན་ཁ་འབར་བ་མང་པོ་བཞུགས། ཁྱད་པར་དུ་ཐེག་པ་ཐམས་ཅད་ཀྱི་བང་མཛོད་ཆེན་པོ། མཁས་དང་གྲུབ་པའི་དབང་ཕྱུག་གཅིག་པུ། སྡེ་གསུམ་ཀློང་དགུའི་བསྟན་པའི་མངའ་བདག ། ཀུན་བཟང་རྒྱལ་བའི་ཞལ་སྐྱིན་མཚུངས་པ་མེད་པ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པས་གྲུབ་མཐའ་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ལས་མདོ་སྔགས་ཆོས་ཀྱི་བགོ་སྐལ་མ་ཚང་བ་མེད་པ་བཞེས་སྐབས་སུ། ཆོས་རྗེ་ཟ་ལུང་རིན་པོ་ཆེ་ལས་མ་ཅིག་ལབ་ཀྱིི་སྒྲོན་མའི་གཅོད་ཡུལ་རྣམ་དྲུག་གསན་ཅིང་ཉམས་བཞེས་མཛད། དེའི་ཡེ་ཤེས་སྒྱུ་མའི་སྐུ་ཡིས་ལན་གསུམ་དུ་བྱིན་གྱིས་བརླབས་ནས། དགོངས་བརྒྱུད་རྟོགས་པའི་བྱིན་རླབས་ཕོག་ཅིང་། ཉིད་དང་རྟོགས་པ་དབྱེར་མེད་དུ་གྱུར་པའི་འཁོར་ལོའི་མགོན་པོ་རིག་འཛིན་འཇིགས་མེད་གླིང་པ་དང་། དེའི་སློབ་བརྒྱུད་འཇིགས་མེད་རྣམ་བཞི་སོགས་མཁས་གྲུབ་གསེར་རིའི་ཕྲེང་བ་ཟམ་མ་ཆད་པ་དག་གི་ཐུགས་བསྐྱེད་མཛད་ཕྲིན་རླབས་པོ་ཆེའི་མཐུ་ལས། རྙིང་མ་པའི་ནང་ཁུལ་དུ་ཀློང་ཆེན་སྙིང་ཐིག་ལུགས་ཀྱི་གཅོད་འདི་ད་ལྟའི་བར་དུ་ཤིིན་ཏུ་ཁྱབ་ཆེ་བ་བྱུང་ཞིང་། བཀའ་བརྒྱུད་པའི་ཕྱོགས་སུའང་ཉམས་སུ་ལེན་མཁན་མི་ཉུང་བ་ཡོད། ཕྱིས་སུ་རྒྱལ་དབང་པད་མའི་གདུང་འཚོབ་སྤྲུལ་པའི་གཏེར་ཆེན་ཁྲག་འཐུང་བདུད་འཇོམས་གླིང་པའི་གཏེར་ཆོས་ཐམས་ཅད་ཀྱི་སྙིང་པོ་ལྟ་བུར་གྱུར་པ། ཡང་ཟབ་ཁྲོས་མའི་གཅོད་གཞུང་གི་ཕྲིན་ལས་ཡངས་པའི་ས་ཆེན་པོ་ཀུན་ལ་ཁྱབ་སྟེ། ལས་ཅན་གྱི་སློབ་བུ་རྣལ་འབྱོར་པ་བཅུ་གསུམ་སོགས་ཀྱིས་དེའི་སྒོ་ནས་འཇའ་ལུས་འཕོ་ཆེན་བརྙེས་ཤིང་། དེང་སང་འཛམ་གླིང་ཤར་ནུབ་ཀུན་ཏུ་དེའི་བསྟན་པ་ཡར་ངོའི་ཟླ་བ་བཞིན་དུ་དར་ཞིང་རྒྱས་བཞིན་ཡོད། ཡོངས་གྲགས་ལ་ཟབ་མོ་གཅོད་ཡུལ་ནི་ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་མདོ་ཐམས་ཅད་ཀྱི་དགོངས་སྙིང་གཅིག་པུ་དངོས་བསྟན་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བར་གཞི་བཅས། དབང་དང་། དམ་ཚིག །ཏིང་འཛིན། སྤྱོད་པ་སོགས་ཐབས་ཀྱི་ཆ་དང་། འབྲས་བུའི་ཆ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་དུ་འདུས་པར་འདོད་དེ། སྔར་བྱོན་མཁས་གྲུབ་གོང་མ་མང་པོས་གཅོད་ཀྱི་སྐབས་སུ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་ཁོངས་སུ་གཏོགས་པའི་མདོ་རྣམས་དང་མཐུན་པར། བདག་མེད་དང་སྟོང་པ་ཉིད་དགག་ཕྱོགས་ཀྱི་ཆ་རྩལ་ཏུ་བཏོན་པར་མཛད། དེ་དག་ནི་བོད་ཡུལ་དུ་དར་བའི་གཅོད་སྤྱིའི་འགྲོ་སྟངས་ཡིན། སྔོན་འཕགས་ཡུལ་དུ་གཅོད་ཀྱི་ཆོས་ལུགས་བྱུང་ཀྱང་། བོད་ལྟར་དུ་རྒྱ་ཆེར་མ་རྒྱས་པ་འདྲ་བ་མ་ཟད། གཙོ་བོ་མདོ་ལུགས་གཞིར་བཞག་གི་ཆོས་ཚན་ཞིག་ཡིན་ཀྱང་། གྲུབ་ཐོབ་གོང་མ་རྣམས་ཀྱི་བཀའ་དྲིན་ལས་བོད་ཡུལ་དུ་མདོ་སྔགས་ཟུང་འབྲེལ་གྱི་གཅོད་ཡུལ་དར་ཞིང་། གྲངས་ལས་འདས་པའི་གང་ཟག་ཕོ་མོ་མང་པོས་ཆོས་འདི་ཉམས་སུ་བླངས་ནས་རྟོགས་པ་བརྙེས་པས་བྱིན་རླབས་ཤིན་ཏུ་ཆེ། འོན་ཀྱང་ཆག་ལོ་ལྟ་བུའི་མཁས་པ་འགས་དེ་དོན་མ་རྟོགས་པ་ཡིད་རེ་ཕམ། དགོངས་གཏེར་སོགས་ལས་བྱོན་པའི་གཅོད་ཀྱི་ཆོས་སྐོར་མང་པོ་ཞིག་ནི། ལྟ་བའང་གསང་བ་སྔགས་ཀྱི་དག་མཉམ་ཆེན་པོ་དང་། འོད་གསལ་རྫོགས་པ་ཆེན་པོར་བཀྲལ་བས། བདེན་གཉིས་དག་མཉམ་རང་བྱུང་ཆོས་ཉིད་ཀྱི་རིག་པ་སྤྲོས་བྲལ་ཆེན་མོར་སྦྱར་ཡོད་པས། ལྟ་བའི་ཐད་ནས་ཀྱང་མདོ་སྔགས་ཟུང་འཇུག་ཏུ་སོང་ཡོད་པས་ངོ་མཚར་ཆེ། གཞན་ཡང་གཅོད་ཡུལ་འདི་གང་ཟག་སྐྱེས་པ་བུད་མེད། མ་ནིང་། མཛེ་བོ། ཞ་འཐེང་། འོན་ལོང་། སྙིང་རླུང་ཅན། སྨྱོ་འབོག་ཅན་ཀུན་གྱིས་ཉམས་སུ་ལེན་ནུས་པས། རྟེན་གང་གིས་ཀྱང་ཉམས་སུ་ལེན་དུ་བཏུབ་པས་ཁྱད་པར་འཕགས། མདོ་སྔགས་གཉིས་པོ་སྟེ།