དཀར་ཆག
དཔེ་དེབ

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དོན་འགྲེལ་རིག་འཛིན་དགྱེས་པའི་བདུད་རྩི་བཞུགས།

མངོན་པ་འདུལ་པ་མདོ་སྡེ་དང་། རྒྱུད་སྡེ་བཞི། གསང་སྔགས་གསར་རྙིང་གང་དང་བསྟུན་ཆོག་པས། ཆོས་གང་དང་ཡང་བསྟུན་དུ་བཏུབ་པས་ཁྱད་པར་འཕགས། འཇིག་རྟེན་ཆོས་བརྒྱད་དང་། ན་ཚ་སྐྱིད་སྡུག་གང་བྱུང་ཡང་གཅོད་ནུས་པས། རྐྱེན་གང་གི་ཐོག་ཏུའང་བཏང་དུ་གཏུབ་པས་ཁྱད་པར་འཕགས། ཡུལ་རི་ཁྲོད་དང་། གྲོང་ཡུལ། གནས་གཞི། དགོན་པ། དུར་ཁྲོད། བྲག་ཕུག །ལུང་སྟོང་། གཅོང་རོང་། ནགས་ཁྲོད་སོགས་དང་། ཉམས་དགའ་བ་དང་སྐྱི་གཡའ་བའི་གནས་ཐམས་ཅད་དུ་ཉམས་སུ་ལེན་ཆོག་པས། གནས་གང་དུ་ཡང་ཉམས་སུ་བླང་དུ་བཏུབ་པས་ཁྱད་པར་འཕགས། ཚེ་སྟོད་ཚེ་སྨད། དབྱར་དགུན་སྟོན་དཔྱིད། ཉིན་མོ་དང་མཚན་མོ། སྐྱིད་པའི་དུས་དང་སྡུག་པའི་དུས། ད་ལྟ་ཉིད་དུ་ཉམས་སུ་བླང་དུ་བཏུབ་པས། དུས་ནམ་དུ་ཡང་བླང་དུ་གཏུབ་པས་ཁྱད་པར་འཕགས། རྐྱེན་བྱུང་ཚེ་རེ་དོགས་དང་ཆགས་སྡང་གི་དབང་དུ་མི་འགྲོ་བར། རོ་སྙོམས་ཀྱི་དགོངས་སྤྱོད་སྒོས་དེ་མ་ཐག་ཏུ་ཉམ་ང་མེད་པར་ཐོག་རྫིས་བྱས་པས། རྐྱེན་ལས་གྲོལ་ཞིང་། སྔར་མེད་ཀྱི་ཉམས་རྟོགས་གསར་པ་སྐྱེ་བས། གྲུབ་རྟགས་ཕྱི་དུས་ལ་མི་རེ་བར་མངོན་སུམ་དུ་འབྱུང་བས་ཁྱད་པར་འཕགས་པ་བཅས་ཁྱད་ཆོས་དྲུག་སོགས་ཆེ་བ་གྲངས་མང་བ་ཡོད་པས། དེ་དག་གི་སྐོར་རྒྱས་པར་ཤེས་འདོད་ན་གཞུང་གཞན་ལས་ཤེས་པར་བྱའོ། །གཉིས་པ་གཅོད་ཀྱི་ངོ་བོ་ལ། བདུད་གཅོད་ཀྱི་གོ་དོན་དང་། གཅོད་བྱའི་རྣམ་གྲངས། ཀུ་སཱ་ལིར་མཁོ་བའི་གདམས་ངག་གོ །དང་པོ་བདུད་གཅོད་ཀྱི་གོ་དོན་ནི། དེ་ཡང་བདེན་མེད་སྒྱུ་མ་ལྟ་བུའི་ཆོས་ཀུན་རང་ངོས་ནས་རྡུལ་ཙམ་གྲུབ་མ་མྱོང་ཡང་། ཐོག་མ་མེད་པ་ནས་རང་ཅག་རྣམས་ཟོ་ཆུན་གྱི་ཁྱུད་མོ་བཞིན་དུ་ཟམ་མ་ཆད་པར་རིགས་དྲུག་འཁོར་བའི་གནས་སུ་སྐྱེ་བ་ནས་སྐྱེ་བ་ཀུན་ཏུ་འཕྱན་བཞིན་དུ། རང་རྒྱུད་ལ་གནས་པའི་བློ་མ་རིག་པ་བྱ་བ་འདིས། མི་བདེན་པ་བདེན་པ་དང་། བསླུ་བ་མི་བསླུ་བ། མེད་ལ་ཡོད་པར་འཛིན་པའི་བག་ཆགས་འཐུག་པོས་བསྐྲུན་པའི་དགའ་བྲོད་འགྱོད་སྐྲག་གདུང་སེམས་སོགས་རྟོག་ཚོགས་རྣམས་ད་ལྟ་རོ་སྙོམས་བརྟུལ་ཞུགས་ཀྱི་སྤྱོད་པས་དངོས་སུ་བསླངས་ནས། རྐྱེན་སྣང་བཟང་པོ་བྱུང་ཚེ་དེ་ལ་མི་སྲེད་ཅིང་། ངན་པ་བྱུང་ཚེ་དེ་ལ་མི་གཡོལ་བར། འཇིགས་བྲལ་སྟོང་པ་ཉིད་ཆེན་པོའི་ལྟ་བའི་གདེང་དང་ལྡན་པའི་སྒོ་ནས་ཐེ་ཚོམ་མེད་པར་དེ་དག་ལ་བདེན་འཛིན་ད་ལྟ་ཉིད་དུ་འདོར་བ་ཡིན། ལྷག་པར་དུ། ཕྱི་རོལ་གྱི་མེ་ཆུ་གཅན་གཟན་དང་། རྐུན་ཇག་ཕས་རྒོལ་དག་གིས་ལུས་ལ་གནོད་བྱེད་ནུས་ཀྱང་། ཐར་བའི་སྒོ་འགོག་མི་ནུས་པས་དགྲ་སྟོབས་ཅན་མ་ཡིན་ལ། དགྲ་ཐམས་ཅད་ཀྱི་གཙོ་བོ་ནི་ནང་ཡིད་ཀྱི་བདག་འཛིན་འདི་ཡིན་པས། འདི་མ་བཅོམ་ཚེ། འཇིག་རྟེན་ན་ཡོད་པའི་དགྲ་ཐམས་ཅད་བཅོམ་ཀྱང་རྒྱལ་ཁ་ད་དུང་མ་ལོན། འདི་བཅོམ་ཚེ་དགྲ་གཅིག་ཀྱང་མ་ཐུལ་བཞིན་དུ་དོན་གྱི་རྒྱལ་ཁ་ཐོབ་པ་མ་ཟད་གཏན་གྱི་བདེ་བའི་མགོ་ཚུགས་པ་ཡིིན་པས། ད་ནི་སང་བྱ་གནངས་བྱ་མི་བྱེད་པར། ད་ལྟ་ཉིད་དུ་དགྲ་སྟོབས་ཅན་འདིའི་གདོང་བསུས་ནས། ཟབ་མོ་གཅོད་ཡུལ་ཀྱི་ལམ་ནས་མི་རིང་བར་གཞོམ་པར་བྱའོ་སྙམ་པའི་དམ་བཅའ་བཟུང་སྟེ། གཉན་ས་རི་ཁྲོད་རྣམས་སུ་འགྲིམས་ཤིང་། ལུས་སྦྱིན་དང་དབྱིངས་རིག་བསྲེ་བ་སོགས་ཐབས་ཟབ་མོས་བདག་མེད་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་བསྐྱེད་པ་ལམ་འདིའི་ཁྱད་ཆོས་སུ་སོང་། འཇིག་རྟེན་གྱི་འདོད་ཡོན་དང་། ལོངས་སྤྱོད་སྣ་ཚོགས་པ་མ་བརྟགས་ཉམས་དགའ་རྒྱ་མཚོའི་གླིང་གི་སྲིན་མོའི་བྲོ་གར་དང་འདྲ་བ་དག་ལ་ཞེན་ཞིང་སྲེད་ནས། གང་ཟག་ཕལ་མོ་ཆེས་ལུས་བདེ་བ་ནད་མེད་པ་མཐུན་གྲོགས་མང་བ་སོགས་གནས་སྐབས་ཀྱི་རྐྱེན་བཟང་པོ་ལ་སྐྱབས་སུ་འགྲོ་བཞིན་དུ། འཇིག་རྟེན་ཆོས་བརྒྱད་དམ། རེ་དོགས་ཀྱི་གསེབ་ཏུ་ཇེ་ལྷུང་འགྲོ་བ་མ་ཟད། ཕྱི་ཚུལ་ཙམ་དུ། དགེ་སྦྱོང་དང་། བཙུན་པ། སྔགས་པ། སྤྲུལ་སྐུ། གྲུབ་ཐོབ། དགེ་བཤེས། མཁན་པོའི་ཆ་ལུགས་དང་རྣམ་པ་བཟུང་ཀྱང་། ཕྱི་ནང་གང་རུང་གི་རྐྱེན་དཀའ་མོ་དང་འཕྲད་ཚེ་ཐ་མལ་པ་དང་ཁྱད་པར་མེད་པ་འོང་བ་མང་བས། རྒྱལ་སྲས་རིན་པོ་ཆེས། ལྟོ་གོས་ཉི་མའི་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབས་ན་ཐ་མལ་པ། །ཞེས་གསུངས་པ་ལྟར། འདི་སྣང་གི་ནོར་སྙན་གྲགས་འདོད་ཡོན་རྨི་ལམ་མཛེས་པའི་བསླུ་བྲིད་ལ་མགོ་འཁོར་ནས། རེ་ཞིག་བདེ་བདེ་དང་སྐྱིད་སྐྱིད་ཀྱི་ཀློང་དུ་དུས་འདའ་བཞིན་དུ། དོན་དུ་ཉོན་མོངས་དུག་ལྔའི་སྨྱོ་ཆུས་རང་རྒྱུད་བཟི་བར་བྱས་པ་མ་ཤེས་པས། རྐྱེན་བྱེ་བྲག་པ་དང་མ་འཕྲད་ཚེ། ཉོན་མོངས་པའི་མགོ་ཇེ་དམའ་ལྟ་བུར་སོང་ནས། དེང་སང་དུས་མཐའི་ཆོས་པ་མང་པོས་ངའི་རྒྱུད་ལ་ཉོན་མོངས་ཆུང་ཞིང་། བྱམས་སྙིང་རྗེ་དང་། བཏང་སྙོམས་ཀྱི་བློ། སྟོང་པ་ཉིད་ཀྱི་རྟོགས་པ་རྣལ་མ་རྣམས་སྐྱེས་ཡོད་སྙམ་པ་འབྱུང་ཡང་། རྐྱེན་དང་འཕྲད་ཚེ་ཕལ་པའི་སྐྱེ་བོའི་ས་ལས་མ་འཕགས་པར། རང་རྒྱུད་ལ་ཉོན་མོངས་རང་མཚན་པ་མེ་ལྟར་འབར་ཏེ། ཚུལ་འཆོས་ཀྱི་འདྲ་འབག་གི་ཕག་ཏུ་གབ་ཀྱང་། རང་སྐྱོན་གསང་མི་ནུས་པར་རྟགས་དང་སྤྱོད་པའི་སྒོ་ནས་གཞན་གྱི་མིག་སྔར་བསྟན་པ་ཀུན་གྱི་མཐོང་སྣང་དུ་གྲུབ། མཐུན་པའི་རྐྱེན་ཟས་ཞིམ་པོ། གོས་བཟང་པོ། གནས་བདེ་མོ། ནད་མེད་པ། གྲོགས་མང་བ་སོགས་སྲིད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་འཛོམས་པའི་ངང་དུ་དམ་པའི་ཆོས་ཉམས་ལེན་བྱས་ན་ཕན་འབྲས་ཡོད་པ་སྨྲོས་ཅི་དགོས་ཀྱང་། རྐྱེན་ངན་དང་མ་འཕྲད་པར་རང་རྒྱུད་ལ་བྱམས་སྙིང་རྗེ་དང་། རྟོགས་པ་ཚད་ལྡན་ཡོད་མེད་ཧ་གོ་དཀའ་བས། རྐྱེན་ངན་གྱི་གདོང་བསུས་ནས་དམ་པའི་ཆོས་ཉམས་སུ་བླངས་ན། རང་རྒྱུད་ཀྱི་སྒྲིབ་པ་སྦྱོང་བར་སྟོབས་ཆེ་ལ། ཉམས་རྟོགས་རྣལ་མ་མྱུར་དུ་འཁྲུངས་པའི་དགོས་པ་ཡོད་པས། མཁས་གྲུབ་རཱ་ག་ཨ་སྱེས། དེ་བཞིན་གཉེན་འདུན་ཤི་སོགས་སྡུག་བསྔལ་དང་། །གདོན་བགེགས་ལྷ་འདྲེའི་ཆོ་འཕྲུལ་འཇིགས་སྐྲག་དང་། །མ་ཉེས་ཁ་ཡོག་སྐུར་འདེབས་ཚིག་ངན་སོགས། །སྙིང་ལ་མི་བཟོད་རྣམ་རྟོག་གང་སྐྱེས་ལ། །ངོ་བོར་བལྟས་ལ་གཞི་མེད་ཡལ་བཅུག་ན། །དེ་ཀུན་བོགས་འདོན་མཆོག་ཏུ་འགྱུར་བ་སྟེ། །བདེ་དལ་སྒོམ་སྒྲུབ་བརྒྱ་ལས་ལྷག་པ་ཡིན། །ཞེས་དང་། དགེ་བའི་བཤེས་གཉེན་ཁ་རག་པས། རྐྱེན་ངན་དགེ་བའི་བཤེས་གཉེན་ཡིན། །བར་ཆད་དགེ་སྦྱོར་སྐུལ་མ་ཡིན། །སྡུག་བསྔལ་སྡིག་པའི་ཕྱགས་ཤིང་ཡིན། །མི་དགའ་བྱུར་དུ་མ་ལྟ་ཨང་། །ཞེས་གསུངས། དེས་ན་འཁོར་བའི་རྩ་བ་མ་རིག་པ་བདག་འཛིན་གྱི་ཁང་བུ་ཐད་ཀར་བཤིག་པའི་ཀུན་སློང་དང་དཔའ་གདེང་བཅོས་མིན་ཞིག་ཡོད་ཚེ། གྲོལ་བ་མངོན་དུ་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་ནི། ཕྱི་རོལ་གྱི་རྐྱེན་ངན་པ་དང་། ནང་སེམས་ཀྱི་རྣམ་རྟོག་རྣམས་ཀྱི་མདུན་བསུས་ཏེ། ཆོས་ཀུན་སྒྱུ་མར་རྟོགས་པའི་སྟོང་ཉིད་ཀྱི་ལྟ་བའི་གྲོགས་དང་མི་འབྲལ་བར་དེ་དག་གི་དབང་དུ་འགྲོར་མི་འཇུག་པ་ཞིག་དགོས་པ་ཡིན་ལ། དེ་ཡང་རང་རྒྱུད་ལ་དུས་རྟག་ཏུ་འབྱུང་བའི་ཆགས་སྡང་རེ་དོགས་སོགས་རྣམ་རྟོག་གི་བདུད་གང་ཡིན་པ་རྣམས་ཀྱི་རང་མཚང་ངོས་བཟུང་ནས་གཅོད་པ་ལ་རག་ལས་སྟེ། དཔེར་ན་ནད་ཀྱིས་བཏབས་པའི་སྐབས་སུ། དང་པོ་ནད་དེ་ངོས་ལེགས་པར་ཟིན་ནས་སྨན་བསྟེན་དགོས་པ་བཞིན་དུ། དུག་གསུམ་དང་དུག་ལྔ་སོགས་ཀྱི་རྣམ་གྲངས་བགྲང་ཤེས་པའམ། རང་རྒྱུད་ལ་ཉོན་མོངས་པ་དེ་དང་དེ་འདྲ་བ་ཡོད་དོ་སྙམ་པ་ཙམ་གྱིས་མི་ཚིམ་པར། རང་གི་བློ་ཁ་ནང་དུ་ཕྱོགས་ནས། ཐད་ཀར་ཉོན་མོངས་པའི་དཔུང་དང་གདོང་གཏུགས། དེ་དག་གི་རང་མཚང་སྒྱུ་མ་ལྟ་བུར་ཤེས་ནས་རྩ་བ་གཅོད་ན། གྲོལ་བ་འབྱུང་བར་ཐག་མི་རིང་། ལར། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཟེར་བ་ལྟར། ང་ཚོས་གཞན་རྒྱུད་མངོན་དུ་ཤེས་དཀའ་མོད་ཀྱང། རང་རྒྱུད་ཅི་ལྟར་ཡོད་མེད་ཤེས་སླ་བ་ཡོད་པས། དཔེར་ན། མི་སྐྱ་དང་གྲྭ་བ་སུ་ཡིན་རུང་། ད་ལྟའི་སྐད་ཅིག་མ་འདི་ལ་རང་བློ་ནང་དུ་ཕྱོགས་ནས་སེམས་ཀྱི་གནས་སྐབས་ཅི་ཡིན་བལྟས་པ་ཙམ་གྱིས། མངོན་ཤེས་དང་ཏིང་ངེ་འཛིན་གྲུབ་མཁན་ཞིག་མིན་ཀྱང་། ཚོར་བ་བདེ་སྡུག །རྣམ་རྟོག་བཟང་ངན། འདོད་ཆགས་ཞེ་སྡང་ཁོང་ཁྲོ་འདི་དང་འདི་འབྱུང་བཞིན་འདུག་གོ་སྙམ་ནས་མྱུར་དུ་ཧ་གོ་བ་ཞིག་ཡོད། ཇི་སྐད་དུ། དཔང་པོ་གཉིས་ཀྱིི་གཙོ་བོར་བཟུང། །ཞེས་སྐྱེ་བོ་གཞན་དག་གིས་རང་རྒྱུད་ཇི་འདྲ་ཡོད་པ་ཐད་ཀར་དུ་མངོན་སུམ་གྱིས་གཞལ་མི་ནུས་ཤིང་། རང་གིས་དཔྱད་ཚེ་རང་གི་སེམས་ཀྱི་གནས་སྐབས་གང་ཡིན་པ་མྱུར་བར་རྟོགས་ནུས་པས། རང་གཞན་གཉིས་ལས་རང་ཉིད་དཔང་བོར་འཛིན་པར་བསྐུལ་བའི་རྒྱུ་མཚན་ཡང་དེ་ཡིན། སྤྱིར་ཟབ་མོ་བདུད་གཅོད་ཀྱི་ལམ་འདིར། འཁོར་བ་འཆིང་བྱེད་དུ་གྱུར་པའི་རང་སེམས་ཀྱི་རྣམ་རྟོག་གི་ཕུང་པོ་སྣ་ཚོགས་དག་ལྷ་འདྲེའི་གཟུགས་སུ་བསྒོམས་ནས། བྱམས་སྙིང་རྗེ་དང་། སྟོང་ཉིད་ཀྱི་ལྟ་བ་དང་མ་བྲལ་བའི་ངང་དུ། དེ་དག་མཐར་གཞི་མེད་རྩ་བྲལ་ཀློང་དུ་དེངས་པར་བྱེད་པ་ཡིན་ཀྱང་། སྔོན་ནས་ད་བར་དུ་མང་པོ་ཞིག་གིས་ཟབ་མོ་གཅོད་ཡུལ་གྱི་ལྟ་དགོངས་ཇི་བཞིན་མ་རྟོགས་པར། གཅོད་རྒན་འགའ་རེས་མིག་གྱེན་ལ་བསྒྲིལ། རྐང་གླིང་དྲག་ཏུ་འབུད་པས་ས་འགུལ་ལ་ཁད། འདྲེ་འདེད་དགོས་ཟེར་ནས་གདན་ཐོག་ལས་ཡར་ལངས་ལ་ཁད་བྱེད་ཅིང་། སྙིང་རྗེ་དང་སྟོང་ཉིད་ཀྱི་ལྟ་བ་རྒྱབ་ཏུ་གཡུགས་ཏེ། དྲག་སྦྱོར་སྣ་ཚོགས་སྒོས་འདྲེ་གདོན་མནར་གཅོད་གཏོང་ཞིང་རྡུལ་དུ་བརླག་པའི་ལས་ལ་བརྩོན་པ་ནི་ལོག་ལམ་དུ་གོལ་བ་ཡིན་པས། སྔོན་གྱི་གོང་མ་ཚོས་གཅོད་ལོག་བདུད་ཀྱི་བསྟན་པ་ཞེས་པའི་མིང་བཏགས་པར་མཛད། གངས་ཅན་གྱི་ཞི་བ་ལྷས། མིག་བསྒྲད་ལྟ་སྟངས་ཧྲིག་གེ་ཧྲིག །སེམས་འཁྲུག་ཅི་དྲན་འདི་དྲན་མེད། །འདྲེ་འདྲ་ཡོད་སྲིད་མེད་སྲིད་ཀྱང་། །ཅི་མཁོ་རྙེད་པའི་ཁ་མགོན་གྱིས། །ཞེས་ཟུར་ཟ་གནང་། སྔོན་མགོ་ལོག་ཏུ་བླ་རྒན་ཞིག་རི་གསེབ་ཀྱི་ཕུག་པར་མཚམས་ལ་བསྡད་དེ་ཡི་དམ་ཁྲོ་བོ་ཞིག་བསྒྲུབས་སྐབས། སེམས་ལ་ཁུ་འཕྲིག་དྲག་པོ་བྱུང་ནས། བློ་མི་བདེ་བ་བྱུང་མཐར་རང་ཤི་བརྒྱབ། མཐར་རྒྱལ་འགོང་རྫུ་འཕྲུལ་ཅན་ཞིག་ཏུ་སྐྱེས་ཤིང་། སྟོད་སྨད་བར་གསུམ་གྱི་དགོན་སྡེ་དང་གྲོང་སྡེ་ཀུན་ལ་ལྟས་ངན་བཏང་ནས་གནོད་འཚེ་བསྐྱལ། ཉིན་ཞིག་དར་ཐང་དགོན་པ་ནས་དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་ཡུལ་གཞན་དུ་བསྐྱོད་པའི་ལམ་བར་དུ། རི་དེའི་ཉེ་འགྲམ་དུ་བྱོན་དགོས་བྱུང་ཚེ། ཁོང་གི་གཟིགས་སྣང་ལ། རྒྱལ་པོ་དེས་རྒོལ་བ་བརྩམས་པ་ན། ཁོང་གིས་སྐད་ཅིག་གིས་ཕྱག་ན་རྡོ་རྗེ་ཆེ་ཆུང་རི་བོ་ཙམ་ཡོད་པ་བསྐྱེད་ནས་ཁོ་འདུལ་ཨེ་ཐུབ་བྱས་ཀྱང་། ཁོས་གློ་བུར་དུ་རིའི་རྒྱལ་པོ་རི་རབ་དང་མཉམ་པའི་རྡོ་རྗེ་ཕུར་བའི་གཟུགས་སུ་བསྐྱེད། ཁོང་གི་དབུ་ཐོག་ཏུ་གཅིན་པ་བཏང་ནས་རྫུ་འཕྲུལ་ལ་ཁོ་ལྷག་པ་ལྟར་བྱུང་བ་ན། རིན་པོ་ཆེས་ཁོང་ཡི་དམ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སུ་བཞེངས་ནས་ཁོ་ལ་བྱམས་དང་སྙིང་རྗེ་བསྒོམས་ཚེ། ཁོའི་སྤྲུལ་པ་ཞིག་ནས་མི་དམིགས་པར་སོང་བའི་ལོ་རྒྱུས་ཡོད་པ་བཞིན་དུ། བྱམས་སྙིང་རྗེ་ནི་གཅོད་ཡུལ་ཉམས་སུ་ལེན་པར་མེད་དུ་མི་རུང་བའི་སྲོག་སྙིང་ལྟ་བུར་བརྩི་བར་བྱ། བོད་ཀྱི་ཡུལ་གྲུ་ཆུང་ཆུང་ཁ་ཤས་སུ། འགའ་ཞིག་ལ་མངོན་ཤེས་མེད་ཀྱང་། རྨི་ལམ་ཙམ་དང་། འཁྲུལ་ཉམས་ཉི་ཚེ་བ་ལ་ཡིད་ཆེས་ནས། ཡས་ཀྱི་རི་རྩེ་དེ་ན་ལྷ་དཀར་པོ་ཞིག་གནས་འདུག །མས་ཀྱི་ཆུ་འགྲམ་ན་འདྲེ་སྐྱ་བོ་ཞིག་ཡར་རྒྱུག་མར་རྒྱུག་བྱེད་བཞིན་འདུག་ཅེས་འུར་གཏམ་བསྒྲགས་པའི་འབྲས་བུར། རང་གཞན་ཚང་མར་དོན་མེད་དུ་འཇིགས་སྣང་མི་བཟོད་པ་སྐྱེས་ནས། ལོ་ཆུང་རྣམས་གཉིད་མི་ཁུགས། རྒན་པོ་རྣམས་རྨི་ལམ་ཡ་ང་བས་མནར། བུད་མེད་ཁེར་འདུག་མཁན་ནམ། གཉོམ་ཆུང་འགའ་རེར་འདྲེ་གནས་འདུག་ཅེས་མིང་ངན་བཏགས་ཏེ་མི་གྲལ་ནས་ཕུད་པའི་བྱ་སྤྱོད་ད་ལྟའི་དུས་སུའང་མཐོང་རྒྱུ་ཡོད་པ་དག་ནི། བྱང་ཆུབ་སེམས་དཔའ་དང་འཕགས་པའི་གང་ཟག་ལྟ་ཅི་སྨོས། འཇིག་རྟེན་ཡ་རབས་ཀྱི་ལུགས་ལ་གནས་པའི་ཚུལ་ལྡན་སྐྱེ་བོའང་མི་འཇུག་པའི་གནས་ཡིན། གསང་སྔགས་པ་དག་གིས། འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་ངེས་པར་མཛད་དེ། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཀྱི་འགྲོ་བ་རྣམས་ཡི་དམ་ལྷའི་རང་བཞིན་དུ་གཟིགས་དགོས་ཀྱི།