དཀར་ཆག
དཔེ་དེབ

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དོན་འགྲེལ་རིག་འཛིན་དགྱེས་པའི་བདུད་རྩི་བཞུགས།

གལ་ཏེ་ལྷ་མཐོང་འདྲེ་མཐོང་མང་པོ་གསུངས་ཏེ། རང་གཞན་ཀུན་གྱི་སེམས་ལ་བཟང་ངན་གྱི་རྣམ་རྟོག་ཇེ་མང་དུ་བཏང་ནས། དངོས་འཛིན་སྔར་ལས་ཇེ་མཁྲེགས་སུ་འགྲོ་ན། ནམ་ཞིག་བླ་སློབ་འཁོར་འབངས་ཚང་མ་དཀྱིལ་འཁོར་གཅིག་ཏུ་རྡོ་རྗེ་ཐེག་པའི་ལམ་ལས་གཞན་དུ་གོལ་ཉེན་མི་ཆེ་འམ། ཧ་ཧ་ཧ་ཧ། བདག་ལོ་ན་ཤིན་ཏུ་ཆུང་བའི་སྐབས་སུ། མངོན་ཤེས་མངའ་བར་གྲགས་པའི་བླ་རྒན་ཞིག་གིས་སྨར་ཁོག་ལུང་པར་འདྲེ་ཞིག་ཡར་རྒྱུག་མར་རྒྱུག་བྱེད་ཅིང་། མིའི་སྲོག་ལ་གནོད་པ་བཟོ་གྲབས་འདུག་ཅེས་བསྒྲགས་པས་གཏམ་དེ་རླུང་བཞིན་དུ་ཁྱབ་སོང་། ང་ཡང་ཞེད་སྣང་དྲག་པོ་སྐྱེས་ནས་ཐེངས་འགའ་རེར་མཚན་མོར་གཉིད་ལེགས་པོ་མ་བྱུང་། དྲག་སྔགས་རེ་འདོན་ཀྱང་། ད་དུང་འཇིགས་སྐྲག་རྒྱུན་མ་ཆད་པར་བྱུང་། ཉིན་ཞིག་རུས་དགེ་རྩེ་ཡིན་པའི་མི་ཚང་ཞིག་གི་ཕ་རྒན་ཤི་སར་གྲོང་ཆོག་གཏོང་བར་འབོད་སོང་། དེ་ཀར་ང་ཚོའི་སྨར་ཁོག་ལུང་པར་སྐད་གྲགས་ཆེ་བའི་བླ་མ་ཡེ་དབང་ཞེས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞིག་ཡོད་པ་བྱོན་སོང་། ཁོང་ཕར་བལྟས་པ་ཙམ་གྱིས་ཕལ་བའི་གང་ཟག་མ་ཡིན་པར་འཕགས་པའི་སྐྱེས་བུ་ཞིག་ལོས་ཡིན་སྙམ་པའི་ངེས་ཤེས་རང་ཤུགས་ཀྱིས་སྐྱེ་འོང་ས་ཞིག་ཡོད། ངས་ཁོང་ལ་འདྲེ་དེས་གནོད་པ་མི་ཚུགས་པར་སྔགས་དང་ཁ་འདོན་གང་འདོན་ན་བཟང་ཞུས་པར། ལན་དུ། ཅི་ཡང་འདོན་མི་དགོས། འཁོར་འདས་རོ་མཉམ་དུ་ཧ་གོ །གང་སྣང་ཆོས་སྐུའི་རོལ་པར་རྟོགས་ན་ལྷ་འདྲེའི་ཆོ་འཕྲུལ་རང་སར་ཞི་འགྲོ་བ་རེད་སོགས་ད་ལྟ་ཚིག་རེ་རེ་བཞིན་ཞིབ་མོ་མི་དྲན་ཀྱང་མང་པོ་ཞིག་གསུངས་བྱུང་། ཁོང་གིས་གསུངས་པ་ལྟ་བ་མཐོ་དྲགས། ང་ཉན་མཁན་གྱི་བློ་དམའ་དྲགས་པས་སྐབས་དེར་ཇི་ལྟར་རྟོགས་མ་ནུས་ཀྱང་། དེ་ནས་བཟུང་འདྲེ་དེར་འཇིགས་སྣང་ཞི་ནས་སེམས་བདེ་ལྷོད་དུ་གནས་སོང་། དེས་ན་སྲུང་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི་ཆོས་ཉིད་རྫོགས་པ་ཆེན་པོའི་ལྟ་བ་ཡིན་པས། དེ་ཁོང་དུ་ཆུད་ན་འདི་ཕྱིའི་འཇིགས་པ་གང་ལའང་དོགས་མི་དགོས། འཇིག་རྟེན་པའི་ལྷ་ལ་རེ་དོན་མེད། འདྲེ་བགེགས་ཀྱིས་གནོད་མི་ཚུགས། གསོན་ཚེ་རྐྱེན་ངན་པ་ལ་འཇིགས་སྐྲག་ཡལ། འཆི་ཁ་དང་བར་དོ་འབྱུང་ཚེ་གདེང་དང་ལྡན་བཞིན། གང་སྣང་རིག་པའི་རོལ་བར་ཤར་ནས་ཆགས་སྡང་གི་གཡང་སར་མི་ལྷུང་། དེ་མ་རྟོགས་ཀྱི་བར་དུ་རང་རེའི་རྣམ་རྟོག་རྫོགས་སུ་མེད་པས། ལྷ་འདྲེའམ། ཡང་ན་ཕྱི་ནང་གི་རྐྱེན་འཇིགས་ས་དང་རེ་ས་མང་པོ་མུ་མཐུད་དུ་འབྱུང་ཞིང་། དེ་དག་ལས་གྲོལ་སོང་ཟེར་བའི་ཉིན་མོ་ཞིག་མི་འབྱུང་བས་དཀའ་ཐང་ཆད་འོང་། དེས་ན་གཅོད་ཡུལ་ཞེས་པའི་དོན་མ་ནོར་བ་ནི་འདི་ལྟ་སྟེ། གཅོད་བྱའི་བདུད་དེ། དཔའ་ན་འཐབ་ས་དང་། ཞེད་ན་འབྲོས་ས་ཡོད་པའི་སེམས་ཀྱི་ལོགས་སུ་གནས་པའི་བདུད་སྡིག་པོ་ཆེ་རང་རྒྱུད་པ་ཞིག་མ་ཡིན་པར། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱེད་པ་ལ་བར་ཆད་བྱེད་པའི་སྒྲིབ་པ་སྤྱི་དང་། ལྷག་ཏུ་བདག་ཏུ་འཛིན་པ་ལ་གོ་སྟེ། རིག་འཛིན་ཆེན་པོ་འཇིགས་མེད་གླིང་པས། གཅོད་ཅེས་བྱ་བའི་ངོ་བོ་ནི། །ཕ་རོལ་ཕྱིན་པ་དྲུག་གི་དབྱིངས། །ངེས་ཚིག་བདག་ཏུ་འཛིན་པ་གཅོད། །ཅེས་གསུངས། གངས་པ་རྨུག་སངས་གིས་མ་ཅིག་ལགས། བདུད་ཅེས་བྱ་བའི་དོན་གྱི་ཁྱད་པར་ཅི་ལགས་ཞེས་ཞུས་པའི་ལན་དུ། མ་ཅིག་གི་ཞལ་ནས། བུ་ཉོན་དང་། བདུད་ཀྱི་མཚན་ཉིད་འདི་ལྟར་དུ་ཡིན་ནོ། །བདུད་ཅེས་པའི་གཟུགས་ཆེ་ཞིང་ཁ་དོག་ནག་པོ་གང་གིས་མཐོང་ཡང་འཇིགས་ཤིང་ཡ་ང་བ་ཅན་ནི་དངོས་སུ་ཡོད་པ་མ་ཡིན་ནོ། །བདུད་ཅེས་བྱ་བ་ནི་ཐར་པ་སྒྲུབ་པའི་བགེགས་སུ་གྱུར་པ་གང་ཡིན་པ་དེ་ནི་བདུད་ཡིན་ནོ། །ཞེས་གསུངས། ལེགས་སྦྱར་གྱི་སྐད་ལ་མ་ར་ཞེས་པའི་སྒྲ་བཤད་ནི། གཤེད་མ་ལ་གོ་ཞིང་། ཐར་པའི་སྲོག་གཅོད་པ་པོར་འགྲེལ་ན་ཆོག །བདུད་དེ་ཕྱི་རོལ་དུ་ཡོད་ན། སྙིང་ཁམས་ཆེ་བ་རྣམས་ཀྱིས་འཐབ། བློ་ཤེས་རབ་ཅན་ཚོས་མགོ་བསྐོར། མི་སྤྱང་པོ་རྣམས་ཀྱིས་ལམ་ཁ་གཡོལ། ཕྱུག་པོ་ཚོས་ནོར་གྱིས་བྲིད། སྡར་མ་རྒྱང་རིང་དུ་བྲོས། དཔོན་དབང་ཆེན་རྣམས་ཀྱིས་བཙན་གཏམ་བསྒྲགས་ན་ཆོག་ཀྱང་། དེ་ལྟ་མ་ཡིན་པར། རང་གི་སེམས་ལ་རྒྱུན་དུ་གནས་ཡོད་པའི་བདག་འཛིན་དང་མ་རིག་པ་ཟེར་བ་རྣམས་བདུད་ཀྱི་རྒྱལ་པོ་ཡིན། དེ་དག་ལ་ཉོན་མོངས་པའི་བདུད་ཕྲུག་དང་། བདུད་ཀྱི་ཚ་བོ་ཚ་མོ། བདུད་བློན། བདུད་འབངས་གྲངས་ཀྱིས་མི་གཞལ་བས་བསྐོར་ནས་ཡོད་པས། དོན་དམ་པའི་གནས་ལུགས་མ་མཇལ་བར་དུ་རང་རེ་ཚང་མ་དེ་ཚོའི་བྲན་དུ་མི་འདོད་བཞིན་དུ་གནས་དགོས། བདུད་དེ་ཚོ་གང་དུ་གནས་ཞེས་འདྲི་ན། རང་གི་སེམས་ལས་ལོགས་སུ་གྱུར་པའི་ཕྱི་རོལ་ན་མེད་དེ། ཀུན་རྫོབ་ཐ་སྙད་ཙམ་དུ་ནང་སེམས་ཀྱི་སྟེང་དུ་གནས་པར་ཁས་ལེན་དགོས། འོན་ཀྱང་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པས། སེམས་ཀྱི་གཤིས་ལ་དེ་དག་མ་སྐྱེས་ཤིང་སྐྱེ་བར་མི་འགྱུར་ཞིང་། གློ་བུར་གྱི་རྣམ་རྟོག་གི་ཆ་ཙམ་ལས་མ་འདས་པས། མཐར་ཆོས་ཉིད་ཀྱི་དབྱིངས་སུ་དེངས་ངེས་པ་ཅན་དུ་རྟོགས་ཚེ། བདུད་དེ་ཚོ་རང་གི་སེམས་ཀྱི་ཆོ་འཕྲུལ་དུ་ཤར་ནས། ད་གཟོད་སྐྱེ་མེད་ཀྱི་དོན་ལ་བློ་བཞག་པ་ན། བདུད་ཡོད་ཚད་གཅིག་རྗེས་གཉིས་མཐུད་ཀྱིས་དབྱིངས་སུ་ཞིག་འགྲོ་བ་ལ་གཅོད་ཟེར། སྔོན་གྱི་མཁས་པའི་བསྟན་བཅོས་དང་། གྲུབ་ཐོབ་གོང་མའི་ཞལ་གདམས་རྣམས་རང་གི་བློས་དཔྱད་ནས་ལུང་རིགས་ཀྱི་འཁོར་ལོ་བསྐོར་ཚེ། གཅོད་ཀྱི་རྣམ་གཞག་ཤིན་ཏུ་རྒྱས་པར་འགྱུར་ཞིང་། དོན་གྱི་གནད་འཆོར་བའི་ཉེན་ཁ་ཡོད་པས། ཕྱག་རྒྱ་ཆེན་པོའི་གཅོད་ཀྱི་ཉམས་ལེན་མཐའ་དག་ཕྱོགས་གཅིག་ཏུ་འདྲིལ་ན། མ་ཅིག་གིས། ཚད་མེད་སྙིང་རྗེས་རྒྱུད་སྦྱངས་ ནས། །གཏད་མེད་རིག་པ་མཁའ་དང་བསྲེ། །བདག་མེད་ཕུང་པོ་གཟན་དུ་སྐྱུར། །སྤྲོས་མེད་ངང་དུ་ལྷན་གྱིས་ཞོག །ཅེས་གསུངས་པས། ཚད་མེད་བཞི་དང་བྱང་ཆུབ་ཀྱི་སེམས་ཀྱིས་རང་རྒྱུད་སྦྱོང་བ། དབྱིངས་རིག་དབྱེར་མེད་དུ་བསྲེས་ནས་གཟའ་གཏད་བྲལ་བའི་ཏིང་ངེ་འཛིན་ལ་གོམས་པ། བདག་མེད་པ་རྟོགས་པའི་ཆེད་དུ་གཅེས་འཛིན་གྱི་ཕུང་པོ་གཟན་དུ་སྐྱུར་བ། མཉམ་རྗེས་ཀུན་དུ་ཡེངས་པ་མེད་པར་སྤྲོས་བྲལ་གྱི་ལྟ་བ་དང་འགྲོག་པ་བཅས་བཞིར་འདུས་ སོ། །གཉིས་པ་གཅོད་བྱའི་རྣམ་གྲངས་ལ། བདུད་བཞི་ངོས་འཛིན་སྟངས་དང་། ལྷ་འདྲེའི་རྫུན་མཚང་རྟོལ་བ་ལས། དང་པོ་བདུད་བཞི་ངོས་འཛིན་སྟངས་ནི། ལུགས་འདིར་བདུད་ལ་དབྱེ་ན། ཐོགས་བཅས་ཀྱི་བདུད། ཐོགས་མེད་ཀྱི་བདུད། དགའ་བྲོད་ཀྱི་བདུད། སྙེམས་བྱེད་ཀྱི་བདུད་བཅས་ཡོད། ཐོགས་བཅས་ཀྱི་བདུད་ནི། གཟུགས་སྒྲ་དྲི་རོ་སོགས་དང་། མིག་གིས་དངོས་སུ་མཐོང་བྱ་དང་། རྣ་བས་ཉན་བྱ། ལག་པས་རེག་བྱ་ཡོད་པའི་ཆོས་རྣམས་ལ་བདེན་འཛིན་དབང་གིས་ཡུལ་འགའ་རེར་ཆགས་སེམས་དང་། གཞན་ལ་སྡང་སེམས་སྐྱེས་ནས་རྣམ་རྟོག་གིས་འཆིང་བ་ལ་གོ་སྟེ། ང་རང་ཚོས་ཕར་ཁང་པ་དང་། རྒྱན་ཆ། གྱོན་ཆས། བཅའ་ལག །ཁྱིམ་གྱི་ཡོ་བྱད་རྣམས་ལ་དམིགས་ནས་འདི་དག་བཟང་པོ་དང་མཛེས་པར་འདུག་སྙམ་ནས། ཞེ་སྲེད་ཅིང་ཡིད་དེ་དག་ལ་ཆགས་འོང་བའམ། ལམ་ཁར་མི་རྒྱུས་མེད་ཞིག་མཐོང་ཚེ་འདི་གཟུགས་མི་སྡུག་པ་འདུག་གོ་སྙམ་ནས་སྡང་སེམས་ཤིག་སྐྱེ་འོང་བ་དག་ཡིན་པས་ངོས་འཛིན་ཤིན་ཏུ་སླ། ཕལ་ཆེར་ཉི་མ་རེ་བཞིན་དུ་བདུད་འདི་རང་ཅག་དང་མཉམ་དུ་ཡར་འགྲོ་དང་མར་འགྲོ་བྱེད་ཅིང་། ཚོང་བརྒྱབ་ས། ཟས་ཟ་ས། གཏམ་གླེང་ས། ཆོས་བྱེད་ས་སོགས་ལ་འགྲོག་འོང་བས་དྲན་ཤེས་བརྟེན་པ་གལ་ཆེ། ཐོགས་མེེད་ཀྱི་བདུད་ནི། ཕར་ཡུལ་གྱི་ངོས་ནས་མེད་བཞིན་དུ། ནང་སེམས་ཀྱི་ཆོ་རོལ་བྱུང་རྒྱལ་དུ་འཆོར་ནས། ལྷ་ཞེས་དག་པ། འདྲེ་ཞེས་མ་དག་པ། བཟང་ངན་གྱི་འདུ་ཤེས་དང་། ཡིད་ལ་འཆར་བའི་ཉམས་སྣང་། གྲངས་མེད་པའི་རྣམ་རྟོག་གི་ཡོ་ལང་འཕྲོ་བ་དག་གི་རྗེས་སུ་འབྲངས་ནས་བདེན་པར་བཟུང་སྟེ། འཇིགས་སྣང་དང་ཆགས་སེམས། ཁུ་འཁྲིག་སོགས་སྐྱེ་འོང་བ་དེ་དག་ཡིན། དེང་སང་དུས་ཀྱི་མཐའ་མར་ལྟ་བ་དང་ཉོན་མོངས་པའི་སྙིགས་མའི་ལང་ཚོ་སྔར་ལས་ཀྱང་བདོ་བའི་དུས་འདིར། སྐྱེ་བོ་མང་པོ་ཞིག་ལ། ཕྱིའི་ལོངས་སྤྱོད་འཛོམས་ཤིང་། ལྟོ་གོས་ཕུན་སུམ་ཚོགས་པ་ལྡན། བཀྲེས་སྐོམ་གྱི་སྡུག་བསྔལ་མེད་ཀྱང་། ཡིད་ལ་སྡུག་བསྔལ་མི་བདེ་བ་རྒྱུན་དུ་འབྱུང་བཞིན་པ་འདི་དག་ཀྱང་བདུད་འདིའི་དབང་དུ་སོང་བས་ལན། །སྟོབས་འབྱོར་ཕུན་སུམ་ཚོགས་པའི་ནུབ་ཕྱོགས་ཀྱི་ཡུལ་གྲུ་རྣམས་སུ། ཕྱུག་པོ་ལོ་གཞོན་ལང་ཚོ་དར་ཞིང་། ནད་སོགས་ཕྱིའི་ཉེར་འཚེ་མེད་པ་ལྷའི་བུ་དང་བུ་མོ་ལྟ་བུ་འགའ་ཞིག་བློ་མི་བདེ་བར་གྱུར་ནས། རྒྱུ་མཚན་མེད་པར་མི་གཞན་པར་འཚེ་བ་དང་། རང་སྲོག་བཅད་པ་མཐོང་རྒྱུ་ཡོད་པ་དག་ཀྱང་བདུད་འདིའི་བརླམས་པར་གོར་མ་ཆག །དགའ་བྲོད་ཀྱི་བདུད་ནི། གཞན་གྱིས་བསྟོད་པའམ། བཀུར་སྟི་དང་སྲི་ཞུ་འབུལ་བ། ཡང་ན་ལྷའི་ཞལ་མཐོང་བའམ། མཁའ་འགྲོས་ལུང་བསྟན་གནང་བ་སོགས་རང་གི་ཉམས་ལ་འཁྲུལ་ཏེ། ཆོས་དང་འཇིག་རྟེན་གྱི་དགེ་མཚན་ནམ་ཡོན་ཏན་རང་ལ་ལྡན་པར་རློམ་ནས། རང་མཐོ་དང་རང་བཟང་གི་རྣམ་རྟོག་འཆར་ནས་སྤྲོ་བ་ཞིག་སྐྱེ་རྒྱུ་ཡོད་པ་དེ་ཡིན། རང་རེ་རྣམས་ལ་དྲན་ཤེས་བརྟན་པོ་དང་ལྟ་བའི་གདེངས་མེད་ན། ཉམས་བཟང་པོ་རེ་བྱུང་ཚེ། བདུད་འདིའི་དབང་དུ་འགྲོ་སླ་བས། ཇོ་བོ་རྗེས། ལུང་བསྟན་མཁའ་འགྲོའི་བདུད་བྱུང་ན། །རེ་དོགས་མི་བྱ་ཟིལ་གྱིས་མནན། །ཞེས་དང་། དཔལ་སྤྲུལ་ཚང་གིས། དགའ་བྲོད་སྐྱིད་རྒྱག་བཀུར་སྟི་བྱུང་དུས། དགའ་བྲོད་བདུད་ཀྱི་དབང་དུ་སྣང་བ་མཐོ་ལིང་ངེ་འབྲེང་སྟེ་མ་བཏང་བར་མགོ་བོ་ཁུག །སྣང་བ་ཕོབ་ལ་ལུས་སེམས་དལ་ཤིག་གེ་སྡོད། ཅེས་གསུངས། ལྟ་སྒོམ་ལ་མ་གོམས་པའི་ཁྱིམ་པ་ཕོ་མོ་རྣམས་སྨྲོས་ཅི་དགོས། བླ་མ་དང་གྲྭ་པ་རྣམས་ཀྱང་བདུད་འདིའི་བཙོན་དུ་ལྷུང་བ་མང་བས། སྙན་གྲགས་ཆེ་ཞིང་། སློབ་ཚོགས་མང་བ་དག་གིས་རང་རྒྱུད་ལ་དུས་ཀུན་བརྟག་པ་གལ་ཆེ། སྙེམས་བྱེད་ཀྱི་བདུད་ནི། ལྷན་ཅིག་སྐྱེས་པའི་བགེགས། མཉམ་དུ་འོང་བའི་བདུད། བར་ཆད་རྩོམ་པའི་འདྲེ། སྲོག་རྩ་གཅོད་པའི་གཤེད་མ། རྐྱེན་ངན་འདྲེན་པའི་གདོན། གེགས་ཐམས་ཅད་ལས་སྟོབས་ཆེ་བར་གྱུར་བའི་ནག་ཕྱོགས་ཀྱི་རྗེ་བོ། ངའོ་སྙམ་པའི་བདག་འཛིན་འདི་ཡིན། གཞི་མེད་ཀྱང་གློ་བུར་དུ་གྲུབ་མཐས་བཏགས་པའི་དོན་ལ་ཞེན་པའི་ཤེས་པ་ལྟ་བུ་མ་ཡིན་པར། བློ་འཁྲུལ་བ་ཅན་འདི་ཐོག་མ་མེད་པའི་དུས་ནས་རང་ཅག་གི་རྒྱུད་ལ་ལྷན་སྐྱེས་སུ་གནས་ཤིང་། དེའི་དབང་གིས་བདག་གཅེས་པར་འཛིན་པའི་བློ་མཁྲེགས་པོ་ད་ལྟ་ཉིད་དུ་ངོས་འཛིན་བྱར་ཡོད་པ་དེ་བྱུང་། ཕར་བདག་དེ་གང་ཡིན་བཙལ་ཚེ། ཕྱི་རོལ་གྱི་ཡུལ་འབྱུང་བ་སོགས་ལ་མི་གནས། ནང་དུ་བཙལ་ཚེ་མགོ་ནས་རྐང་མཐིལ་བར་གྱི་ལུས་ཀྱི་ཆ་ཤས་གང་དུའང་མི་གནས། མཐར་བློ་མ་རིག་པའི་ཆོ་འཕྲུལ་ཙམ་ལས་རང་ངོས་ནས་རྙེད་རྒྱུ་མེད་ཀྱང་། དེར་བདེན་གྲུབ་ཏུ་བཟུང་བས་སེམས་ཀྱི་ཆོས་ཉིད་བརྗེད། འཁོར་བ་སྒྱུ་མའི་གྲོང་ཁྱེར་དུ་རྨི་ལམ་ལྟ་བུའི་བདེ་སྡུག་གི་སྣང་བ་རྒྱུན་མ་ཆད་པ་བྱུང་། བདུད་འདི་སྟོབས་ཆེ་བས། རྣལ་འབྱོར་པ་དག་གིས་མཚམས་རེར་སྒོམ་བརྒྱབ་པའི་སྐབས་སུ། བདག་མེད་པའི་ཉམས་ཙམ་རེ་ཡོང་ནས་སེམས་ལ་བདེ་བ་ཡ་མཚན་པ་མྱོང་རྒྱུ་ཡོད་ཀྱང་། དུས་ཡུན་རིང་པོར་མི་འགོར་བར་ཉམས་དེ་བརྗེད་ནས། སླར་ཡང་བདག་འཛིན་སྔར་ལྟར་མཁྲེགས་པོ་སྐྱེ་འོང་། ལམ་ལ་མ་ཞུགས་པའི་སོ་སྐྱེ་ཕལ་མོ་ཆེས་བདག་ཡོད་མེད་དང་ཆོས་རྣམས་སྟོང་པ་ཡིན་མིན་ཐད་ལ་མི་དཔྱོད་པས། དེ་དག་གི་རྒྱུད་ལ་ཐེ་ཚོམ་ཙམ་ཀྱང་ཤར་དཀའ་བས། འཕགས་པ་ལྷས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །ཐེ་ཚོམ་ཟ་བ་ཙམ་ཞིག་གིས། །སྲིད་པ་ཧྲུལ་པོར་བྱས་པར་འགྱུར། །ཅེས་གསུངས་པ་ལྟར། གནས་ལུགས་ལ་དཔྱད་པའི་ཚེ་ན་ཐར་བའི་ལམ་སྣ་ཟིན་ཚར་ཞིང་། དེ་ཁོ་ན་ཉིད་རྟོགས་པར་ཐག་ཉེ་བར་འགྱུར་བས། དེའི་ཕྱིར་ཐར་འདོད་ཀྱི་སྐྱེ་བོ་དག་གིས་ད་ལྟ་ཉིད་དུ་བདག་ཡོད་མེད་ལ་དཔྱད་ནས་གནས་ལུགས་དོན་དམ་བདེན་པ་མངོན་དུ་འགྱུར་བ་ལ་གཞོལ་འཚལ། བདུད་འདི་གཞི་དང་རྩ་བ་བྲལ་ཡང་ཇི་ལྟར་བྱུང་ཞེ་ན། རྫོགས་པ་ཆེན་པོའི་རང་ལུགས་ལ། དང་པོ་འཁོར་འདས་ལམ་གསུམ་གྱི་ཡལ་ག་མ་གྱེས་པའི་སྔ་རོལ།