ཀུན་ཁྱབ་ཀློང་ཡངས་བརྗོད་དུ་མེད་པ་གདོད་མའི་གཞི་ལ། གྲོལ་འཁྲུལ་གཉིས་ཀ་དངོས་སུ་མེད་ཀྱང་། འབྱུང་རུང་གི་གོ་མ་འགགས་པར་གནས་པ་ལས། གཞི་སྣང་ཤར་ཚེ་དེ་རང་སྣང་དུ་ངོས་མ་ཟིན་པ་ལྷན་ཅིག་སྐྱེས་པས་མ་རིག་དང་། དེ་ལ་རང་གཞན་གཉིས་སུ་བཅད་པའི་འཁྲུལ་བ་ཀུན་བཏགས་ཀྱི་མ་རིག་པ་གཉིས་ལས་འཁོར་བའི་རྩ་བ་གྲུབ་ཅིང་། རྟེན་འབྲེལ་མ་དག་པ་ལུགས་འབྱུང་དུ་ཤར། ནམ་ཞིག་འཁྲུལ་བ་གཞི་ལ་ཞིག་ཚེ་སླར་འཁྲུལ་མི་ཤེས་པ་ཡིན། དེ་ལྟར་བདག་འཛིན་གྱི་བློ་དེ་གཞི་ལ་གདོད་མ་ནས་གྲུབ་མ་མྱོང་བཞིན་དུ་བྱུང་བ་དང། སེམས་ཀྱི་ཆོས་ཉིད་འདུས་མ་བྱས་པའི་སྡོད་ལུགས་དང་འགལ་བས། མཐར་སྐྱེ་མེད་ཀྱི་དབྱིངས་སུ་ངེས་པར་ཞིག་པའི་ཆོས་ཅན་དུ་གནས། འོན་ཀྱང་ཐོག་མའི་རྒྱལ་བ་ཀུན་ཏུ་བཟང་པོ་དེས་བླ་མ་བསྟེན་མ་མྱོང་། མན་ངག་མ་ཞུས། ལམ་མ་བསྒོམས། སྒྲིབ་པ་མ་སྦྱངས་པར། དབྱིངས་ལས་ལྷུན་གྲུབ་འོད་གསལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཤར་མ་ཐག་ཏུ་རང་གདངས་སུ་ངོ་ཤེས་པའི་སྐད་ཅིག་མར། ཟག་བཅས་བསོད་ནམས་ཀྱི་ཚོགས་མ་བསགས་ཀྱང་། རྟོགས་པ་དེ་ཉིད་ལ་ཡེ་ཤེས་ཚོགས་ཆེན་རྫོགས་པའི་མཐུས། བླ་ན་མེད་པར་ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་པས། གཞི་ཡེ་སངས་རྒྱས་པ་ལ། རྟོགས་པས་ཡང་སངས་རྒྱས་པ་ཡིན་པས། ཀུན་ཏུ་བཟང་པོའི་ཆོས་སྐུའི་དགོངས་པར་བདག་འཛིན་སྐྱེ་མ་མྱོང་། བཅོམ་ཡང་མ་མྱོང་བཞིན་དུ་གདོད་མའི་རྒྱལ་བ་བཅོམ་ལྡན་འདས་ཀྱི་གོ་འཕང་དུ་གཤེགས་པ་ཨེ་མ་ཧོ། དེ་ལས་ལྡོག་སྟེ་རང་རེ་རྣམས་ཀྱིས་རང་སྣང་ལ་འཁྲུལ་ནས་བདག་མེད་པ་ལ་བདག་ཏུ་བཟུང་ནས། མེད་བཞིན་དུ་སྣང་བ་རྨི་ལམ་ལྟ་བུའི་འཁོར་བར་ལྷུང་བ་ཡིན་ཡང་། ནམ་ཞིག་གི་དུས་ན་བདག་འཛིན་གྱི་བདུད་སྟོབས་པོ་ཆེ་འདི་སེམས་ཀྱི་ཆོ་རོལ་འབའ་ཞིག་ཏུ་ཤར་བ་རྟོགས་ཚེ། འཁོར་བ་སྒྱུ་མའི་གྲོང་ཁྱེར་ཉིད་དབྱིངས་སུ་ཞིག་རན་པའི་དུས་ཤིག་ཤར་འོང་། གཞན་ཡང་བདུད་འདི་ངོས་ལེགས་པར་ཟིན་ན་བདུད་གཞན་ཐམས་ཅད་དེའི་ཁོངས་སུ་འདུས་སྟེ། མ་ཅིག་གིས། བདུད་ལ་བཞི་རུ་ཕྱེ་ལགས་ཀྱང་། །སྙེམས་བྱེད་བདུད་དུ་འདུས་པ་ཡིན། །ཞེས་གསུངས། བདུད་བཞི་གཅོད་པའི་གོ་རིམ་ལ་ཅིག་ཅར་དུ་གཅོད་པ་དང་རིམ་གྱིས་གཅོད་པ་གཉིས་སུ་བགྲང་དུ་ཡོད་པ་ལ། སྤྱིར་སོ་སྐྱེའི་དུས་སུ་ཕྱིའི་དངོས་པོ་དབང་ཆེ་བས། ན་ཚ་བཀྲེས་སྐོམ་ལོངས་སྤྱོད་འདོད་ཡོན་ལ་འཇིགས་སྐྲག་དང་ཞེན་ཆགས་སྤངས་དཀའ་ཞིང་། ས་ལམ་མཐོན་པོར་གཤེགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཆོས་ཉིད་རྟོགས་པའི་སྟོབས་ཀྱིས་དངོས་པོ་མཚན་མར་འཛིན་པའི་བློས་མ་བཅིངས་པས། ས་བཅུ་པའི་མདོ་ལས། ས་ཐོབ་གྱུར་མ་ཐག་ཏུ་འཇིགས་པ་ལྔ་དང་བྲལ། །འཚོ་བ་ཆད་དང་འཆི་དང་མི་བསྔགས་ངན་འགྲོ་དང༌། །འཁོར་གྱི་འཇིགས་བྲལ་དེ་ལ་བག་ཚའི་རྣམ་པ་མེད། །ཅིའི་ཕྱིར་ཞེ་ན་དེ་ལ་བདག་གི་གནས་མེད་དོ། །ཅེས་འཇིགས་པ་ལྔ་བྲལ་བ་དང་། རྒྱུད་བླ་མར། འཕགས་པས་འཆི་དང་ན་བ་ དང༌། །རྒ་བའི་སྡུག་བསྔལ་རྩ་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་སྡུག་བསྔལ་གྱི་ཆུ་བོ་བཞི་སྤངས་པ་དང་། ལུས་ལ་ན་ཚ་འབྱུང་ཡང་ཕལ་པ་བཞིན་དུ་སྡུག་བསྔལ་མྱོང་མི་དགོས་པར་གསུངས། དེའི་ཕྱིར་སྦྱོར་ལམ་མན་ཆད་དུ་ཐོགས་བཅས་ཀྱི་བདུད་གཅོད་དཀའ་ཞིང་། ཐོགས་མེད་ཀྱིི་བདུད་གཅོད་པར་བྱ་དགོས་ཚུལ་བཤད་པ་ཤིན་ཏུ་བདེན་ཀྱང་། ལམ་ལ་མ་ཞུགས་པ་དང་ཞུགས་ཟིན་ཀྱང་གྱི་ན་བར་ལུས་པའི་སྐྱེ་བོ་དག་དང་བསྡུར་ན། ནང་དུ་ཉོན་མོངས་རང་མཚན་པ་ཇེ་ཉུང་དང་། རེ་དོགས་ཇེ་ཆུང་དུ་སོང་ཚེ། བདུད་བཞིའི་མགོ་དམའ་རུ་བཏང་ཟིན་པས་གཅོད་ཡུལ་ལམ་དུ་ལོངས་པའི་ཐ་སྙད་འདོགས་ན་འོས། བདུད་བཞི་པོའི་རྣམ་གྲངས་སོར་མོར་བགྲང་ཤེས་པ་ཙམ་གྱིས་རང་རྒྱུད་ཀྱི་ཉོན་མོངས་རང་མཚན་པ་འདུལ་བར་ཕན་མི་ཐོགས་པས། ཐད་ཀར་དུ་ད་ལྟ་ངའི་རྒྱུད་ལ་བདུད་འདི་དང་དེ་སྐྱེ་བཞིན་འདུག་གོ་སྙམ་ནས་ངོས་འཛིན་པར་བསླབས་ཏེ། གནས་ལུགས་སྟོང་པ་ཉིད་ཀྱི་ལྟ་བའི་ངང་དུ་མཉམ་པར་བཞག་པའི་སྒོ་ནས་གཅོད་ཚུལ་ཤེས་པ་གལ་ཆེ། ཐེག་པ་ཐུན་མོང་གི་ལུགས་སུ། བདུད་བཞི་ལ། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད། འཆི་བདག་གི་བདུད། ལྷའི་བུའི་བདུད་ཅེས་འདྲེན། བདུད་བཞིའི་མཚན་ཉིད་དང་། བདུད་བཅོམ་པའི་ས་མཚམས་སོགས་ཀྱི་སྐོར་ལ། སྔར་གྱི་དྲན་དབང་དག་གིས་ལུང་རིགས་ཀྱི་འཁོར་ལོ་རྒྱ་ཆེར་སྤྲོས་ཤིང་། སྔོན་གྱི་མཁས་པ་མང་པོས་བདུད་བཞི་མཉམ་པར་བཅོམ་པ་དང་སངས་རྒྱས་པ་དུས་མཉམ་དུ་བཞེད་པ་དང་། གཞན་དག་གིས་དེ་ལ་ཞིབ་ཆ་འབྱེད་པ་སོགས་ཡོད་ཀྱང་། རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གནས་ངན་ལེན་གྱི་བག་ཆགས་ཤིན་ཏུ་ཕྲ་བ་མཐའ་དག་བཅོམ་པའི་སྐད་ཅིག་མ་དེ། བདུད་ཐམས་ཅད་ལྷག་མ་མེད་པར་བཅོམ་པའི་ས་མཚམས་སུ་བཞག་ཆོག་སྙམ། གཉིས་པ་ལྷ་འདྲེའི་རྫུན་མཚང་རྟོལ་བ་ནི། ཕྱག་རྒྱ་ཆེན་པོ་གཅོད་ཀྱི་གཞུང་དང་བསྟུན་ནས་ལྷ་འདྲེའི་རྣམ་གཞག་བཤད་པ་ལ། མ་རིག་པས་བློ་རབ་ཏུ་བཟི་བར་གྱུར་པའི་འཇིག་རྟེན་པ་ཚུར་མཐོང་གི་བློ་ཅན་དག་གིས་ཡུལ་ངོར་རང་ངོས་ནས་ཅིར་ཡང་བདེན་པར་མ་གྲུབ་པའི་སྣང་བའི་ཚོགས་དག་ཨ་འཐས་ཀྱིས་རིས་སུ་བཅད་ནས། ཉིན་རེ་བཞིན་དུ། སྤྱི་དང་བྱེ་བྲག་གི་སྡུག་བསྔལ་གྱི་རྣམ་གྲངས་དུ་མས་གཟིར་བཞིིན་པར་གནས་པ་སྙིང་རྗེའི་ཡུལ་དུ་གྱུར་ཡོད་ཀྱང་། སྡུག་བསྔལ་ནི་རྟག་པ་མ་ཡིན་ཞིང་། དེའི་རྒྱུའི་གཙོ་བོ་ནི་ཕྱི་རྐྱེན་ལ་མ་གྲུབ་པར་ནང་སེམས་ལས་བྱུང་། རེ་དོགས་དང་ཆགས་སྡང་གི་རྒྱུ་བྱས་ནས་ཞི་བར་གནས་པའི་གོ་སྐབས་དང་བྲལ་བའི་དབང་གིས་གྲུབ་པ་དང་། རེ་ས་དང་ཆགས་ས་ནི་ལྷ་དང་། དོགས་ས་དང་སྡང་ས་ནི་འདྲེ་ཡིན། ཞིབ་ཏུ་དཔྱད་པའམ་གནས་ལུགས་ལ་མཉམ་པར་བཞག་ཚེ། དེ་འདྲའི་ལྷ་འདྲེ་རྣམས་རང་ངོས་ནས་བདེན་གྲུབ་ཀྱི་མཚན་ཉིད་ཀྱིས་དབེན་པ་མ་ཟད། ལྷར་སྣང་བ་འདྲེར་འགྱུར་བའམ། འདྲེར་བརྩི་བ་ལྷར་སྣང་བ་འམ། སྔ་དྲོ་ལྷར་བརྩི་བ་ཕྱི་དྲོར་འདྲེར་མཐོང་བའམ། དེ་རིང་འདྲེར་བརྩི་བ་སང་ཉིན་ལྷར་མཐོང་བའམ། མི་ལོ་མང་པོར་འདྲེར་བརྩི་བ་གློ་བུར་དུ་ལྷར་བརྩི་བའམ། ཆུང་དུས་རྒན་པའི་བར་དུ་ལྷར་བརྩི་ས་ཞིག་ལ་བློ་ལོག་ནས་འདྲེར་འཛིན་པ་དག་ཡོད། ལྷ་འདྲེ་དེ་དག་གི་གདགས་གཞི་ནི་སྣང་བ་ཙམ་ལས་མ་འདས་ཤིང་། སྣང་བ་ཐམས་ཅད་སྟོང་པའི་ངང་ལས་འབྱུང་བ་དང་། སྒྱུ་མ་ལྟར་དུ་བདེན་པར་མེད་བཞིན་དུ་བཀྲ་ཡང་། དེ་དག་རང་ས་ནས་གང་དང་ཅིར་ཡང་རིས་སུ་མ་ཆད་པ་ལ། ཚུར་མཐོང་གི་ཡིད་ཅན་དག་གི་ངོར་བཟང་ངན་གྱི་ཕྱོགས་སུ་ལྷུང་བས། ད་གཟོད་ལྷ་དང་འདྲེ་ཞེས་ཐ་དད་པའི་དངོས་པོ་སེམས་ཅན་གྱི་ངོར་ཤར། སེམས་ཀྱི་རྒྱུན་ལ་ཐོག་མ་མེད་ཅིང་། སེམས་ཇི་སྲིད་བར་དུ་སྣང་བ་འབྱུང་བས། སྣང་བ་འགོག་མི་དགོས་ལ། འགོག་ཀྱང་མི་ཐུབ་པས། ཏེ་ལོ་པས། བུ་སྣང་བས་མི་འཆང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་ཆིག་ཆོད་ཀྱི་གདམས་ངག་གནང་བ་བཞིན་དུ། སྣང་བ་ཇི་ལྟར་ཤར་ཡང་རང་ངོས་ནས་དག་དང་མ་དག་པའམ། ལྷ་འདྲེའམ། བཟང་ངན་གང་དུ་མ་གྲུབ་པས། དེ་ལ་བདེན་འཛིན་གྱི་ཞེན་པ་ཆོད་པ་གཅིག་པུས་ཆོག་པས། གཞན་ལོགས་སུ་གཅད་པར་བྱ་བ་བཙལ་མི་དགོས་ལ་རྙེད་རྒྱུའང་མེད། སངས་རྒྱས་པའི་སྐབས་སུ་དག་པའི་སྣང་བ་འབའ་ཞིག་ལ་རོལ་བར་གསུངས་པའང་། རྒྱུན་དུ་ཐང་ཀར་བྲིས་ཡོད་པ་འདྲ་བའི་ས་ཆ་རི་ཀླུང་ལྷ་ཡུལ་འདྲ་བ། མུ་གེ་དང་ནད་ཀྱི་མིང་མེད་པ། མཚོ་དང་མཚེའུས་གང་བ། རི་དྭགས་དང་བྱ་རིགས་གར་ལ་རོལ་བ། སྐྱེ་བོ་ཐམས་ཅད་ཀྱང་ས་ཐོབ་ཀྱི་གང་ཟག་སངས་རྒྱས་དང་བྱང་སེམས་ཕོ་མོར་བཞུགས་པ། མཆོད་པའི་ལྷ་མོ་དག་གིས་ཉིན་མཚན་ཀུན་དུ་མཆོད་པ་འབུལ་བ་ལྟ་བུར་གོ་མི་འོས་པར། བཟང་ངན་ཡག་བཙོག་བདེན་པར་འཛིན་པའི་བློ་ཟད་ཅིང་། ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་བཞིན་མཐོང་སྟེ། གཉིས་སྣང་གི་བག་ཆགས་ཡལ་ནས། དག་པ་རབ་འབྱམས་ཀྱི་འཁོར་ལོར་རོལ་པ་ལ་བཞེད་པ་ཁྱབ་བདག་ཐོག་མའི་མགོན་པོའི་ཐུགས་གསང་གི་ཉིང་ཁུར་གྱུར་པས། རྒྱལ་དབང་མཚོ་སྐྱེས་བླ་མའི་ཐུགས་དགོངས་ཟག་པ་མེད་པའི་གཏེར་མཛོད་ནམ་མཁའི་ཀློང་དབྱིངས་ནས། ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ༔ བཟང་ངན་གཉིས་སུ་ལྟ་བ་ཐང་རེ་ཆད༔ ཞེས་དུས་གསུམ་དུ་བསླུ་བ་མེད་པའི་རྡོ་རྗེའི་ཚིག་རྗེས་འཇུག་རྣམས་ལ་བསྩལ། དེ་བཞིན་དུ་ཡུམ་ཆེན་མོ་ལབ་གྱི་སྒྲོན་མས། སངས་རྒྱས་བྱ་བའི་ཡིན་ཚུལ་ནི། །རྣམ་རྟོག་འཛིན་པ་ཀུན་སྤངས་ནས། །སྐྱེ་མེད་རང་བཞིན་ཡེ་སངས་རྒྱས། །སངས་རྒྱས་ཞེས་ནི་དེ་ལ་བཏགས། །ཞེས་དང་། སྔ་རབས་འདས་པ་རྣམས་ཀྱིས་ཀྱང་། །འཛིན་པ་རང་སར་གྲོལ་བ་ལས། །སངས་རྒྱས་ས་ལ་བྱིན་པ་མེད། །ད་ལྟར་བཞུགས་པ་རྣམས་ཀྱིས་ཀྱང་། །འཛིན་པ་རང་སར་གྲོལ་བ་ལས། །སངས་རྒྱས་ས་ལ་འགྲོ་རྒྱུ་མེད། །སླད་ནས་འབྱོན་པ་རྣམས་ཀྱིས་ ཀྱང་། །སངས་རྒྱས་ས་ལ་འགྲོ་མ་མནོས། །ཞེས་གསུངས་པ་དང་། གཏེར་བརྒྱའི་གཙུག་རྒྱན་ཁྲག་འཐུང་བདུད་འཇོམས་གླིང་པའི་ཟབ་གཏེར་གྱི་ཆ་ལག་རྨད་དུ་བྱུང་བ་གྲུབ་མཆོག་ས་ར་ཧ་པའི་སྙིང་ཐིག་ཟབ་མོ་ལས། སངས་རྒྱས་ཐིག་ལེ་ཉག་གཅིག་དོན༔ དབྱིབས་དང་ཁ་དོག་གང་གིས་འཆད༔ སངས་རྒྱས་སེམས་ཅན་ཀུན་ཡིད་གནས༔ སེམས་ཅན་ངོ་བོ་ཆོས་ཀྱི་སྐུ༔ ངོ་བོ་ཉིད་ལས་མི་གཞན་ཉིད༔ ཤེས་རབ་མིག་ལྡན་དག་གིས་སྦྱོང༔ ལོང་བའི་འོལ་ཚོད་སྤྱོད་ཡུལ་མིན༔ ཡུལ་ནས་ཡུལ་དུ་བགྲོད་པ་ཡིས༔ བྱིས་པས་བགྲོད་སླེབས་ཞིང་ཁམས་ལ༔ དོན་དམ་འཛིན་པ་འབྲོག་དགོན་ཟིན༔ ཞེས་གསུངས་པས་བསླུ་བ་མེད་པའི་རྡོ་རྗེའི་ཚིག་གི་ཕྱག་རྒྱས་ཤིན་ཏུ་ཟབ་པའི་དོན་ལ་ཡང་དང་ཡང་དུ་བཏབས་པས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་ལ་མཁས་པའི་བློ་ལྡན་དག་ལ་ངེས་ཤེས་དབང་མེད་དུ་འཁྲུངས་པར་འགྱུར། འོན་ཀྱང་རྟོག་གེ་པ་དང་དངོས་པོར་འཛིན་པ་དག་གིས་དོན་འདི་ལོ་བརྒྱར་དཔྱད་ཀྱང་ཆ་ཙམ་ཡང་རྟོགས་མི་ནུས། མ་རིག་པ། བདག་འཛིན། གཉིས་སྣང་ཟེར་བ་ཐམས་ཅད་དོན་དུ་རང་རེའི་རྒྱུད་ལ་ད་ལྟར་ཡོད་པའི་སེམས་འོག་འགྱུ་ཅན་འདི་ལས་གུད་དུ་མེད་པ་དང་། འདི་འཁོར་བའི་རྨང་རྡོར་སོང་བས། འདི་ལས་མ་གྲོལ་བར་དུ་ཐར་པ་དངོས་ལ་རེག་པར་མི་འགྱུར་བས། སེམས་ཀྱི་རང་མཚང་རྫུན་དང་འཁྲུལ་བའི་རང་བཞིན་ཅན་དུ་རྟོགས་ནས་གྲོལ་བར་བྱ་བ་ལ། བློ་ཀུན་རྫོབ་པས་སྣང་བ་ཐམས་ཅད་བཟང་ངན་དུ་ཐ་དད་འབྱེད་ཅིང་བདེན་པར་འཛིན་ཀྱང་། དོན་དམ་པར་དེ་ལྟར་མ་གྲུབ་པར་བསྟན་ཕྱིར་དུ། བཟང་པོར་འཛིན་པའི་ལྷ་དང་། ངན་པར་བརྩི་བའི་འདྲེ་གཉིས་རང་བཞིན་གྱིས་སྟོང་པར་སྒྲུབ་པ་ལ། ལྷ་འདྲེར་དབྱེ་ན་དྲུག་ཡོད་པ་ལས། དང་པོ་འཇིག་རྟེན་ཀུན་བཏགས་ཀྱི་ལྷ་འདྲེ་ནི། སོ་སོའི་སྐྱེ་བོ་བྱིངས་ཀྱིས་བློས་ཀུན་ནས་བཏགས་པའི་དོན། འཇིག་རྟེན་ན་གྲགས་ཤིང་ཀུན་གྱིས་ཚད་མར་འཛིན་པའི་རྣམ་གཞག་སྟེ། དཔེར་ན་དཔོན་པོའི་གོ་འཕང་། སྙན་གྲགས། སྟོབས་ལོངས་སྤྱོད་ལྟ་བུ། སྙན་གྲགས་ལྟ་བུར་མཚོན་ན། འགའ་རེ་མ་གཏོགས་ས་སྟེང་གི་མི་ཚང་མ་དེ་ལ་སྲེད་ཅིང་བཟང་པོར་རློམ། རང་ལ་དེ་མེད་ཀྱང་ཡོད་མཁན་ལ་རྒྱུ་མཚན་ཅི་ཡང་མེད་ཅིང་སེམས་ནས་ཧ་ཅང་དགའ། གློག་བརྙན་འཁྲབ་མཁན་སོགས་ངོ་མ་ཤེས་ཀྱང་། དེ་ཚོར་བརྩེ་བ་བཅིངས་ཤིང་དེ་དག་གི་འདྲ་པར་རྣམས་རང་གི་ཁྱིམ་ནང་དུ་བཤམས། མི་གཞན་དང་ཁ་བརྡ་བྱེད་ཚེ་གློག་བརྙན་འཁྲབ་མཁན་དེའི་སྐོར་རང་གི་གཉེན་ཉེ་བཞིན་དུ་ཆ་རྒྱུས་ཡོད་པ་འདྲ་བྱས་ནས་གླེང་། དོན་དུ་རང་ཉིད་ལའང་སྙན་གྲགས་རེ་འབྱུང་ན་ཅི་མ་རུང་སྙམ། འོན་ཀྱང་སྙན་གྲགས་ནི་བྲག་ཆ་སྟོང་པ་བཞིན་དུ་བདེན་པས་སྟོང་ཞིང་བློ་གཏོད་ས་སྤུ་ཙམ་མེད། ད་ལོ་སྙན་གྲགས་ཆེ་བའི་མི་སང་ལོར་མིའི་གྲལ་མཐར་ལྷུང་བ་མང་། སྙན་གྲགས་ཡོད་མཁན་ཚོ་ལའང་ལྐོག་ཏུ་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་། ཁ་ཤས་དུད་ནག་སོགས་འཐེན་ནས་སེམས་ཀྱི་མྱ་ངན་གནོན་ཐབས་བྱེད་ཅིང་། མཐར་ཚེ་འདིའམ་ཕྱི་མར་མཁོ་བའི་ལས་ཀ་སྙིང་པོ་ཅན་མ་འགྲུབ་པར་འཕྱན་པ་དང་། མི་ས་ཡ་བཅུ་ཡིས་ཁོའི་མིང་སྙན་གོ་ན་དེས་མ་ཚིམས་པར་ས་ཡ་ཉི་ཤུས་ཐོས་ན་ཅི་མ་རུང་སྙམ་པའམ། མི་གཞན་གྱིས་ངས་སྙན་གྲགས་བརླག་ཐབས་སུ་བསམ་པ་ངན་པ་འཆིང་ཞིང་ཀུན་སྤྱོད་མ་རུངས་པ་རྩོམ་བཞིན་འདུག་སྙམ་ནས། ཞེ་སྡང་དང་དོགས་པ་མུ་མཐུད་དུ་སྐྱེ། དེས་ན་འཇིག་རྟེན་ན་བཟང་པོར་འཛིན་པའི་དངོས་པོ་ཀུན་ལྷ་ཡིན་ཀྱང་། ཞིབ་ཏུ་དཔྱོད་ཚེ་དེེའི་རང་མཚང་སྒྱུ་མ་དང་སྟོང་པ་ཡིན་པར་ཧ་གོ་འོང་། སྙན་གྲགས་དང་གོ་ས་སོགས་མེད་པར་མི་ཚེ་དཀྱུས་མ་བསྐྱལ་བ་དེ་འདྲེ་ཡིན་པར་སེམས་ཀྱང་། གོང་གི་སྡུག་བསྔལ་མེད་པ་སོགས་དགེ་མཚན་མང་པོ་ཡོད་པས་འདྲེ་ཡང་མ་ཡིན་པ་ཟད་བདེན་པར་མ་གྲུབ་པའི་འཇིག་རྟེན་གྱི་ཐ་སྙད་ཙམ་མོ། །གཉིས་པ་ངོ་བོར་གནས་ཚུལ་གྱི་ལྷ་འདྲེ་ནི། ཚངས་པ་དང་བརྒྱ་བྱིན་གྱིས་གཙོས་ཁམས་གསུམ་གྱི་ལྷ་དང་། སྒོས་སུ་རང་ལ་ཉེ་བའི་ཕ་མྱེས་བརྒྱུད་ཀྱི་སྲུང་མ། ཕྲག་ལྷ། དགྲ་ལྷ། ཐབ་ལྷ་སོགས་ཡིན་ཀྱང་། དེ་དག་ཀྱང་འཇིག་རྟེན་ལས་མ་འདས་ཤིང་། ཕར་རང་ཅག་གིས་དེ་དག་ལྷར་ཐག་བཅད་པ་ཙམ་དེ།
དཀར་ཆག