དཀར་ཆག
དཔེ་དེབ

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དོན་འགྲེལ་རིག་འཛིན་དགྱེས་པའི་བདུད་རྩི་བཞུགས།

ད་ལྟར་ལྷར་བརྩི་བ་མ་འོངས་པར་འདྲེར་བརྩི་བའམ། འགའ་ཞིག་གིས་ལྷར་བཀུར་ནས་མཆོད་བསྟོད་བྱེད་ཡུལ་དེ་འགའ་ཞིག་གིས་འདྲེར་བརྩི་བ་མང་། བོད་ཀྱི་ཡུལ་གྲུ་མང་པོར་དགོན་སྡེ་གཅིག་གིས་ཡུལ་ལྷ་གཞི་བདག་ལྷར་བརྩི་བ་དེ་དགོན་སྡེ་གཞན་གྱིས་གདོན་དུ་འཛིན་པ་མི་ཉུང་བ་ཡོད། འདྲེ་ནི་གཟུགས་མེད་ཀྱི་འགྲོ་བ་མཐུ་སྟོབས་དང་རྫུ་འཕྲུལ་ཆེ་བ་བདུད་དང་ཐེའུ་རང་བསེན་མོ་སོགས་ཡིན་ཀྱང་། དེ་དག་ཀྱང་རང་ངོས་ནས་འདྲེ་ཡིིན་པའི་ཆ་ཅི་ཡང་རྙེད་རྒྱུ་མེད་པར་ཕར་བློས་བཏགས་པ་ཡིན་པ་མ་ཟད། གལ་ཏེ་ཕན་པ་བྱེད་པས་ལྷ་དང་གནོད་པ་བཟོ་བས་འདྲེར་འགྲོ་ན། གཟུགས་མེད་ཀྱི་འདྲེ་རྣམས་ཀྱིས་སྐབས་རེར་གཞན་ལ་ཕན་པ་སྒྲུབ་པ་ཡོད་པས་ལྷར་མི་ཐལ་ལམ། གསུམ་པ་མཐོང་སྣང་སྒྲོ་བཏགས་ཀྱི་ལྷ་འདྲེ་ནི། འཇིག་རྟེན་པ་དག་གིས་རང་བློར་སྟོང་སྣང་དུ་འཆར་བ་ལ་གཞི་བཅོལ་ནས། སེམས་ཀྱི་རོལ་པ་ཡ་མཚན་པ་འདྲ་མིན་འཆར་འོང་རྒྱུ་ཡོད་པ་རྣམས་ལྷར་འཛིན་ཏེ། རེ་ཆགས་དང་ང་རྒྱལ་དགའ་བྲོད་ཀྱིས་འཆིང་བར་འགྱུར་བའམ། ཕྱི་རོལ་ཡུལ་དུ་རྐྱེན་སྣང་ཡ་མཚན་པ་ཤར་ཚེ། བཀྲ་ཤིས་པའི་རྟགས་སམ་ལྷ་དང་སྲུང་མའི་བརྡ་བཟང་པོར་རློམ་པ་ལྟ་བུ། འདྲེ་ནི་དེ་བཞིན་རང་སྣང་མི་བདེ་བ་བྱུང་བའམ། སེམས་མི་ཞི་ཞིང་ཟིང་ངེ་བར་བྱེད་པའི་རྐྱེན་སྣང་ཕྱི་རོལ་དུ་ཤར་བ་དག་བཀྲ་མི་ཤིས་པ་དང་། འདྲེ་གདོན་གྱིས་བརྡ་མི་ལེགས་པ་གཏོང་འདུག་སྙམ་པ་ལྟ་བུ། འོན་ཀྱང་དེ་དག་རང་ཅག་གིས་ཕར་ལྷ་འདྲེ་བཏགས་པ་ལས། དོན་དུ་དེ་གཉིས་གང་དུའང་མ་གྲུབ། གཏམ་རྒྱུད་ཞིག་ཏུ། སྔོན་དཔལ་སྤྲུལ་རིན་པོ་ཆེ་གཉན་སར་བྱོན་པའི་དུས་སུ། ཁོང་གི་རྩ་བའི་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུས། ཁྱོད་ལ་ད་རེབ་ལྷོངས་ཚད་ངན་པ་ཞིག་འབྱུང་བ་འདྲ་བས་གཟབ་དགོས། ལྷོངས་ཚད་དེ་ཤིན་ཏུ་ཆོད་དཀའ་བར་འདུག་གསུངས། དེ་ནས་བླ་མའི་གསུང་ཐུགས་ལ་དམ་པོར་བཟུང་ནས་གཉན་སར་བསྡད། བར་སྐབས་ཤིག་ལ། གློ་བུར་དུ་ཐོག་འབྲུག་གློག་གསུམ་གྱིས་གནམ་ས་གཡོ་འགུལ་བྱེད་པ་ལྟ་བུ་བྱུང་བ་ན། སྲོག་ཀྱང་འཆོར་ཉེན་འདུག་གོ་སྙམ་ནས་ཐུགས་ལ་འཇིགས་སྐྲག་བྱུང་། ཡུད་ཙམ་སོང་རྗེས། དེ་དག་ཞི་ནས་ནམ་མཁའ་དྭངས་མོར་སོང་། དེ་ནས་བུད་མེད་ཞིག་གིས་འབྲི་བཞོས་ནས་འོ་ཟོ་ཁྱེར་བ་གཟིགས་པས། ཁོང་གིས་རྟེན་འབྲེལ་ལེགས། ཕལ་ཆེར་གཉན་ས་ཆོད་པ་འདྲ་དགོངས། ཕྱི་ཉིན་བླ་མའི་དྲུང་དུ་ཕྱིན་ཚེ། ཁྱོད་ལ་ལྷོངས་ཚད་ངན་པ་འདྲ་བྱུང་སོང་ངམ་གསུངས། ཅི་ཡང་མ་བྱུང་ལགས་ཞུས་པ་ན། ཅི་མ་བྱུང་བ་ག་ལ་སྲིད་གསུངས། ཇི་ལྟར་བྱུང་སོང་དྲིས། ལོ་རྒྱུས་ཆ་ཚང་ཞུས་པས། འོ། ངས་ཟེར་བ་དེ་ཡིན། དང་པོ་ཁྱོད་ཀྱིས་ངའི་སྲོག་འཆོར་ཉེན་འདུག་བསམ་པ་དེ་སྙེམས་བྱེད་ཀྱི་བདུད་རེད། འོ་ཟོ་ཁྱེར་བ་མཐོང་ཚེ་དགའ་བ་དེ་དགའ་བྲོད་ཀྱི་བདུད་རེད། ངས་ཁྱོད་ལ་ཁ་སང་ནས་ལྷོངས་ཚད་ཆོད་དཀའ་བ་འོང་མ་ལབ་བམ་གསུངས་པ་བཞིན་ནོ། །བཞི་པ་རང་བཞིན་ལྷན་སྐྱེས་ཀྱི་ལྷ་འདྲེ་ནི། ཐོག་མཐའ་བྲལ་བའི་ཡེ་གཞི་ཆོས་ཀྱི་དབྱིངས་རབ་འབྱམས་པར་གདོད་མའི་གནས་ལུགས་ཆེན་པོ་ནི་བཟང་ངན་གང་དུའང་མ་ལྷུང་བར་བཞུགས་ཡོད་ཀྱང་། གཟོད་མ་ནས་རང་རེ་དང་ལྷན་ཅིག་ཏུ་སྐྱེས་པའི་གཉུག་མའི་སེམས་ཀྱི་སྟོང་ཆ་དང་གསལ་ཆ་གཉིས་ལས། ཕྱི་མར་མ་རིག་པའི་དབང་གིས་འཁྲུལ་ཏེ། མ་དག་པ་ཉོན་མོངས་པའི་ཚོགས་ངོ་བོར་མེད་བཞིན་དུ་ཤར་ནས་འཁོར་བ་གྲུབ་ཅིང་། གཞི་ལ་གྲུབ་མ་མྱོང་བའི་བདེ་སྡུག་དང་དགེ་སྡིག་གི་སྣང་བ་སྣ་ཚོགས་བཀྲ། ཕན་གནོད་དང་བཟང་ངན་གྱི་ཡོ་ལང་རྒྱ་མཚོའི་རླབས་བཞིན་དུ་ལྡང་། འོན་ཀྱང་དེ་ལྟར་ལྷན་ཅིག་སྐྱེས་པའི་ཉོན་མོངས་པ་ཟེར་བའང་འདྲེ་མ་ཡིན་དེ། སེམས་ཀྱི་ཆོ་རོལ་ཙམ་ལས་རང་ངོས་ནས་མ་གྲུབ་ཅིང་། གྲུབ་ན་འཁྲུལ་བ་ལྡོག་མི་རུང་བ་དང་། ཐར་པ་ཉི་ཚེ་བར་ཐལ་བའི་སྐྱོོན་རྣམས་འབྱུང་། ཐར་པ་ཞེས་པའང་ཕྱི་ནང་ཀུན་གྱིས་ཨེ་ཐོབ་སྙམ་ནས་ཞེ་བརྣག་ས་ཞིག་ཡོད་པ་དེ། སེམས་ཀྱི་རང་ངོ་རང་གིས་ཤེས་ཏེ་འཁྲུལ་བ་ཞིག་པ་ཉིད་ལས་ལོགས་སུ་བཞག་བྱ་རྡོག་རྡོག་ཅིག་མི་རྙེད། བདག་ཅག་གི་སྟོན་པ་རྒྱལ་བ་བཅོམ་ལྡན་འདས་ཀྱི་གསུང་རབ་ཏུ་ཐར་བའི་མཚན་ཉིད་འདུས་མ་བྱས་པར་བསྟན་ཀྱང་། འཇིག་རྟེན་གྱི་གྲུབ་མཐའ་མང་དག་གིས་དོན་དུ་ཐར་པ་འདུས་བྱས་ཀྱི་དངོས་པོ་ཡུལ་དང་དུས་ཀྱི་རང་བཞིན་ཅན་དུ་འདོད་དེ། ཁ་ཅིག་གིས་ཐར་པ་ནི་འཇིག་རྟེན་ཐམས་ཅད་ཀྱི་རྩེར་གདུགས་དཀར་པོ་གྱེན་དུ་བསླངས་པ་ལྟ་བུའི་ཡུལ་ཞིག་ཏུ་འཇོག །དེ་བཞིན་དུ་རིག་པ་ཡེ་ཤེས་ཀྱི་ཆོས་སྐུ་ཐོག་མ་མེད་པར་རང་ཆས་སུ་ཡོད་པས། ལྷན་ཅིག་སྐྱེས་པའི་ཐ་སྙད་བཏགས་ཤིང་། ལྷར་བརྩི་ཡང་། འདྲེ་ལས་ལོགས་སུ་གྱུར་པའི་ལྷ་ཞིག་མ་ཡིན་དེ། གནས་ལུགས་ཀྱི་ཆ་ནས་ཉོན་མོངས་པ་དང་ཡེ་ཤེས་གཉིས་པོ་མཉམ་པར་ གནས་ཤིང་། བཟང་ངན་གྱི་དབྱེ་བ་མེད་པས་ཕྱིར་རོ། །ལྔ་པ་བསླུ་མེད་ཀྱི་ལས་དབང་གི་ལྷ་འདྲེ་ནི། སྤྱི་མཐུན་གྱི་ལས་ལས་གྲུབ་པའི་སྣོད་ཀྱི་འཇིག་རྟེན་དང་། ཀུན་གྱིས་ཐུན་མོང་མཐོང་སྣང་དུ་མྱོང་བའི་སྣང་བ་རྣམས་དང་། བྱེ་བྲག་འགྲོ་བ་དག་གི་སྒོས་ཀྱི་ལས་བསམ་གྱིས་མི་ཁྱབ་པའི་དབང་གིས་སོ་སོའི་སྣང་བ་ཐ་དད་པ་སྐྱེ་བ་ཡིན་ཞིང་། དོན་དམ་པར་རྒྱུ་འབྲས་ཀྱི་རྣམ་གཞག་འཇོག་མི་བཏུབ་ཀྱང་། ཀུན་རྫོབ་བམ་ཐ་སྙད་བདེན་པའི་ཆ་ནས་རྒྱུ་འབྲས་བསླུ་མེད་དུ་འབྱུང་བས། བདེ་སྡུག་གི་ཆོས་རྣམས་ཀྱང་སྟོང་བཞིན་དུ་སྣང་བ་མ་ཟད། རྒྱུ་དགེ་བ་ལས་འབྲས་བུ་དགེ་བ་དང་། རྒྱུ་མི་དགེ་བ་ལས་འབྲས་བུ་མི་དགེ་བ་འབྱུང་བ་བཞིན་དུ་རྟེན་འབྲེལ་གོ་མ་འཛོལ་བར་དུས་ཀུན་དུ་འཆར་བ་ལ། སྤྱི་མཐུན་གྱི་ལས་ལྟར་ན། ལྷ་ནི་དཔྱིད་ཀར་དྲོ་གྲང་སྙོམ་པ། དབྱར་ཁར་ལོ་ཏོག་སྐྱེ་བ། ཆར་ཆུ་དུས་སུ་འབེབས་པ། མེ་ཏོག་གིས་ས་སྟེང་གཡོགས་པ། ནགས་ཚལ་གྱིས་རི་ཀླུང་བཀླུབས་པ། ཉི་མ་དགུང་ནས་ཤར་བ། སྐྱེ་ཞིང་འཚར་ལོངས་འབྱུང་བ། ལང་ཚོ་དར་བ། དབང་པོ་གསལ་བ་སོགས་ཡིན། འདྲེ་ནི། ས་གཡོ་བ། རྒྱ་མཚོ་འཁྲུགས་པ། ཆུ་ལོག་བཞུར་བ། རི་ལ་མེ་ཤོར་བ། གཞན་ཡང་ཕལ་ཆེར་རྒས་པར་འགྱུར་བ། ནད་ཀྱིས་ལུས་བཏབས་པ། ཡོད་ཚད་ཤི་བར་འགྱུར་བ་སོགས་ཡིན། བྱེ་བྲག་སོ་སོར་སྤྱོད་པའི་འགྲོ་བའི་ཐུན་མིན་སྒེར་གྱི་ལས་ལྟར་ན། ལྷ་ནི། ཚེ་འདིར་དྲིན་གྱིས་བསྐྱངས་པའི་ཕ་མ། བཀའ་དྲིན་ཆེ་བའི་བླ་མ། ལྷག་བསམ་ཅན་གྱི་གཉེན་ཉེ། སྙིང་གཏམ་ཉན་པའི་མཛའ་གྲོགས་དང་། གཞན་ཡང་གཟུགས་བཟང་བ། ལོངས་སྤྱོད་ཕུན་སུམ་ཚོགས་པ། དགེ་བའི་ལས་ལ་སྤྱོད་པ་སོགས་ཡིན། འདྲེ་ནི། བསམ་པ་ནག་པའི་དགྲ་བོ། ནོར་རྫས་འཕྲོག་པའི་ཇག་པ། སྦྱོར་ངན་བརྩམས་པའི་ཕ་རོལ་པོའམ། གཞན་ཡང་ནོར་གྱིས་ཕོངས་པ། ཟས་གོས་ཉུང་བ། གཞན་དབང་དུ་གྱུར་པ་སོགས་ཡིན། བདེན་བདེན་འདྲ་བའི་སྣང་བ་འདི་དག་ཀྱང་ཆོས་ཉིད་ཀྱི་ངོས་ནས་མ་གྲུབ་པ་མ་ཟད། གནས་སྐབས་བཟང་བར་སྣང་བ་དག་རྟག་པ་དང་བརྟན་པ་བྲལ་བས། ནམ་ཞིག་ན་ངན་པར་འགྱུར་བའི་ཆོས་ཅན་ཡིན་ཏེ། དུས་ཡུན་རིང་བོར་གྲོགས་སུ་བཟུང་བའི་སྐྱེ་བོ་དེ་གློ་བུར་དུ་དགྲར་འགྱུར་བའམ། སྔོན་མར་དགྲར་བརྩི་བ་དེ་ཕྱིས་སུ་གྲོགས་སུ་འགྱུར་བ་མང་། གང་ཟག་སོ་སོའི་མི་ཚེའི་ནང་ལ་རྒྱུན་དུ་འདི་འདྲའི་འགྱུར་བ་མང་པོ་འབྱུང་བཞིན་པ་མ་ཟད། རྒྱ་ཆེ་བའི་ཐད་ནས་གཞིགས་ཚེ། སྔོན་ཡུལ་ཁམས་རྒྱལ་ཁབ་སྡེ་ཚོ་རྣམས་མ་མཐུན་པ་བྱུང་ནས་ཕན་ཚུན་བར་དུ་དགྲ་བཟུང་ནས་འདྲེ་ལྟར་དུ་བལྟ་བ་རྣམས་ཀྱང་། རྗེས་སུ་འཆམ་མཐུན་བྱུང་ནས་མཛའ་བར་གནས་ཤིང་། གཅིག་གྲོགས་གཅིག་གིས་བྱེད་པ་ལྟ་བུ་ལ་གཟིགས་དང་ཧ་གོ་སླ། ཕར་བལྟས་ཚོད་ལ་མི་ལེགས་པའི་རྐྱེན་རྣམས་ཀྱང་དོན་དུ་ལེགས་པ་ཡོད་པས། རྐྱེན་བཟང་ངན་ཟེར་བ་འདི་ཡང་རང་གི་སེམས་ལ་རག་ལས་པ་རྟོགས་ཚེ། ལྷ་འདྲེར་འཛིན་པའི་རེ་དོགས་ཇེ་ལྷོད་དང་ཇེ་ཉུང་དུ་འགྲོ་འོང་། དྲུག་པ་མཐར་ཐུག་དོན་གྱི་ལྷ་འདྲེ་ནི། ཁམས་གསུམ་གྱི་ལྷ་དང་འདྲེ་རྣམས་ནི་དོན་དུ་ལྷ་འདྲེ་གང་དུའང་མ་གྲུབ་ཅིང་། གནས་སྐབས་སུ་དངོས་པོ་དང་མཚན་མའི་སྒྲོག་ཏུ་ཚུད་པའི་གཉིས་འཛིན་གྱི་བློས་བཞག་པ་ཡིིན་པས། མཐར་ངེས་པ་དོན་གྱི་ལྷ་ནི་བདག་མེད་རྟོགས་པའི་ཤེས་རབ་བམ། ཆོས་ཉིད་ཀ་དག་གི་དགོངས་པ་ཡིན་ཏེ། དེ་ལ་བརྟེན་ནས་ཐར་པ་ཡང་དག་པ་ཐོབ་ནུས་པས། ལྷ་ཞིག་མ་ཡིན་ཀྱང་ཕན་འདོག་པ་ལ་འདི་ལས་ལྷག་པ་ཞིག་སྲིད་ཁམས་ན་བཙལ་ཀྱང་མི་རྙེད་པས་མཐར་ཐུག་གི་ལྷ་ཡིན། ཁམས་གསུམ་གྱི་འདྲེ་རྣམས་ནི་རང་ངོས་ནས་འདྲེ་མ་ཡིན་ན། ད་རང་ཅག་ལ་གནོད་འཚེ་ཆེ་ཤོས་ནི་མ་རིག་པ་དང་བདག་འཛིན་ལས་བྱུང་བས། དེ་འདྲེ་ཞིག་མ་ཡིན་ཀྱང་མཐར་ཐུག་གི་འདྲེ་ཞེས་པའི་ཐ་སྙད་འདོག་རིགས། འདྲེའམ་ངན་པར་བརྩི་བའི་འཁོར་བ་དང་། ལྷའམ་བཟང་པོར་བརྩི་བའི་མྱང་འདས་གཉིས་ཀྱང་ལོགས་སུ་བདེན་པར་མེད་དེ། ཡེ་གཞིར་འཁོར་འདས་ལམ་གསུམ་གང་ཡང་མ་གྲུབ་པར། རིག་དང་མ་རིག་པའི་ཆ་ཙམ་ལས་སེམས་ལ་དག་པ་དང་མ་དག་པའི་སྣང་བ་གཉིས་གྲུབ་ཅིང་། དག་པ་མྱང་འདས་དང་མ་དག་པ་འཁོར་བར་འཆར་བ་ཙམ་མ་གཏོགས། འཁོར་བ་ཞེས་དམའ་བར་འཛིན་པའི་ཡུལ་འདི་གདོད་མ་ནས་གྲུབ་མ་མྱོང་བས། གསར་དུ་གཉེན་པོས་སྤངས་ཤིང་། ད་གཟོད་མྱང་འདས་གྲུབ་པ་མ་ཡིན་གྱི། འཁོར་བ་དང་པོ་ནས་ལོགས་སུ་མ་གྲུབ་པ་དེ་དོན་གྱི་མྱང་འདས་སུ་སོང་བས། རྩ་རྒྱུད་ལས། དེ་ཉིད་འཁོར་བ་ཅེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཡིན། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་དང་། ཨ་མ་མ་ཅིག་མས། འཁོར་འདས་གཉིས་སུ་མེད་པ་ལ། །རེ་དོགས་བསམ་པ་མ་འཆའ་ཞིག །འཁོར་བ་འཛིན་མེད་མྱང་འདས་ཡིན། །མྱང་འདས་འདོད་པ་འཁོར་བ་ཡིན། །ཞེས་གསུངས། དེ་ལྟར་ལྷ་འདྲེའི་རང་མཚང་རྫུན་དང་བསླུ་བའི་རང་བཞིན་དུ་མཐོང་བས། ད་གཟོད་སྣང་བ་ཐམས་ཅད་བདེན་པར་མ་གྲུབ་པར་ཤེས་ཚེ། ཆོས་བརྒྱད་མགོ་སྙོམས་སུ་གྱུར་ནས། སྡུག་བསྔལ་གྱི་མུན་པ་ཕར་དེངས། སྐྱིད་པའི་ཉི་མ་དགུང་ནས་ཤར་མགོ་ཚུགས་པ་ཡིན་ ནོ། །གསུམ་པ་ཀུ་སཱ་ལིར་མཁོ་བའི་གདམས་ངག་ནི། རང་གི་བློ་ཐོག་ལ་སྟོང་པ་ཉིད་ཀྱི་ལྟ་བ་མངོན་སུམ་ཏུ་མ་གྱུར་ཀྱང་། ཐ་ན་ཡང་ཡིད་དཔྱོད་ཙམ་གྱི་གོ་བ་ཞིག་མེད་བཞིན་དུ། གཅོད་ཡུལ་ཉམས་སུ་ལེན་ཁུལ་བྱེད་པ་ནི། བྱིས་པའི་རྩེད་མོ་དང་། སྨྱོན་པའི་བྲོ་གར་ལྟ་བུར་འགྱུར་ཉེན་ཆེ་བས། ཌཱ་དྲིལ་ལེགས་པོར་འཁྲོལ་ཤེས་པ་དང། དབྱངས་སྙན་པོ་གྱེར་ཤེས་པ་ཙམ་གྱིས་ཡིད་ཚིམ་པར་མི་བྱེད་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་། དབུ་མའི་བསྟན་བཅོས་སོགས་ལ་བློས་ཅི་ལྕོགས་སྒོས་ཐོས་བསམ་སྒོམ་གསུམ་བྱས་ཏེ། དེ་དག་ཏུ་བསྟན་པའི་རིགས་པའི་སྒོ་ནས་བདེན་འཛིན་གྱི་བློ་ཉམས་དམའ་བར་བཟོས་ནས་རང་རྒྱུད་ལ་ཆོས་ཉིད་ཀྱི་ལྟ་བ་རྣལ་མ་འདིའོ་སྙམ་པའི་གོ་བ་སྐྱེ་བ་གལ་ཆེ། གཅོད་པ་མཚན་ཉིད་ལྡན་པ་ཞིག་ལ་གཞན་ལས་འཕགས་པའི་ཡོན་ཏན་ཁྱད་པར་བ་ཚང་དགོས་ཏེ། མ་ཅིག་གིས། རྣལ་འབྱོར་པ་ཕྱི་ནང་གཉིས་ཀས་བདག་མེད་རྟོགས་པས། རླུང་སེམས་དབུ་མར་ཚུད་པའི་སྟོབས་ཀྱིས། བདེ་གསལ་ཟང་ཐལ་གྱི་ཉམས་ཁྱད་པར་ཅན་གྱི་ངང་ལ་འདས་མ་འོངས་ད་ལྟར་གསུམ་ས་ལེར་མཁྱེན་ཅིང་། ཆོས་ཐམས་ཅད་རབ་ཏུ་ཤེས་པའི་འོད་ཟེར་རྒྱས་ནས། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་དུ་མའི་འོད་ཟེར་གྱིས་འགྲོ་བ་མང་པོ་འདུལ་ཞིང་། དེའི་དོན་བྱེད་ནུས་པའི་སྟོབས་ཆེན་པོ་དང་ལྡན་པ་ལ་ཕྱག་རྒྱ་ཆེན་པོ་ཟེར་བ་ཡིན་པས། དེ་ལྟ་བུའི་རྣལ་འབྱོར་པ་ལ་ཕྱག་རྒྱ་ཆེན་པོའི་གཅོད་པ་ཟེར་བ་ཡིན། ཞེས་གསུངས་པས། གཅོད་པའི་ཆོ་ལོ་དེ་དེང་སང་རང་གིས་རང་ལ་སྟེར་བ་ལས་སླ་ཡང་། གལ་ཏེ་རྒྱལ་བ་གོང་མ་རྣམས་ད་ལྟར་བཞུགས་ཚེ། ཁོང་རྣམས་ཀྱིས་སུ་བྱུང་གང་བྱུང་ལ་བསྩལ་མི་འོང་། བོད་ཡུལ་དུ་དུར་ཁྲོད་རྣམས་སུ་རོ་བཤའ་བསྲེག་བྱེད་མཁན་ཕལ་མོ་ཆེ་ལ་གཅོད་པ་ཞེས་འབོད་ཅིང་། གཅོད་པ་དེ་ཚོ་ཡང་དུར་ཁྲོད་ཀྱི་འགྲམ་དུ་ཉལ་ཞིང་། གཙང་བཙོག་ལ་མི་འཛེམ་པས་གཞན་གྱིས་ལྐོག་ཏུ་གཙང་མར་མི་འཛིན་ཞིང་། བླ་མ་དང་མཆོད་གནས་སུ་མི་བཀུར། ངག་ཐོག་ཙམ་དུ་དེ་ཚོ་རྟོགས་ལྡན་དུ་འབོད་ཅིང་། ཁྱིམ་ལ་རོ་བྱུང་ཚེ། ཁོང་ཚོར་རེ་ལྟོས་དབང་མེད་དུ་བཅའ་དགོས་བྱུང་ནས། དད་རྫས་མ་ཡིན་པའི་གླ་བརྔན་འདྲ་བའི་འབུལ་བ་ཅུང་ཙམ་ཕུལ་ཏེ་མི་རོ་དེ་བྱ་རྒོད་ལ་ཟས་སུ་སྟེར་དུ་བཅུག །དེའི་རྗེས་སུ་གཅོད་པ་དེ་དང་ཆོས་དང་འཇིག་རྟེན་གང་ཅིའི་ཐད་ནས་བཟང་ངན་གྱི་འབྲེལ་བ་ཆད་འགྲོ་བའི་སྲོལ་རྒྱུན་དར་བ་འདི་ཅི་ཡིན་སྙམ། དོན་དུ་གཅོད་པ་ཚད་ལྡན་ཞིག་ལས་ལྷག་པའི་བླ་མ་མི་དགོས་པས། དེ་ཚོ་འདི་ཕྱིའི་སྐྱབས་གནས་སུ་བཀུར་ནས་ཆོས་དང་བྱིན་རླབས་ཞུ་འོས། གོང་དུ་སྨྲོས་པའི་གཅོད་པ་དེ་དག་གི་ནང་ལ་གཅོད་ཆོག་གྱེར་ཤེས་པ་ཙམ་ལས། གཅོད་ཡུལ་གྱི་གོ་བ་རགས་པ་ཙམ་ཡང་མ་མཁྱེན་པ་དུ་མ་བཞུགས་ཡོད་དེ། སྔོན་མཁས་པ་ཞིག་ཨ་རིག་དགེ་བཤེས་ཆེན་མོའི་རྩར་གཞུང་ལུགས་བགྲོ་གླེང་བྱེད་དུ་ཕེབས། ཁོང་གཉིས་ཀྱིས་རྩོད་པ་གནང་བས་ཁོ་ཕམ། ངས་དཔེ་ཆ་ཅི་ཡང་ཤེས་མི་འདུག་སྙམ་ནས་སེམས་སྐྱོ་བཞིན་དུ་རང་སར་ལོག་སྐབས། ལམ་ཁར་གྲྭ་པ་གཅོད་འདོན་མཁན་ཞིག་དང་འཕྲད། ཁོས་གྲྭ་པར་གཅོད་ཟེར་བ་འདིས་ཅི་གཅོད་དགོས་སམ་དྲིས། གྲྭ་པས་བདག་མེད་རྟོགས་པའི་ཤེས་རབ་གཅོད་དགོས་ཞེས་ལན་བཏབས་པས། མཁས་པ་དེས་ང་ལས་ཀྱང་བླུན་པའི་སྐྱེ་བོ་ཞིག་འདུག་དགོངས་ནས་སེམས་ཅུང་སྤྲོ་བ་བྱུང་། དེང་སང་གི་སྐྱེ་བོ་རྣམས་ནི་ལོང་མེད་བྲེལ་ཟིང་ཆེ་ཞིང་། གཞུང་རྒྱ་ཆེན་པོ་ཐོས་བསམ་བྱེད་པའི་སྐལ་བ་མེད་པས། ཐ་ནའང་ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་མདོ་བསྡུས་པ་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་ལྟ་བུའི་གཞུང་རེ་ལེགས་པར་སྦྱངས་ནས། དཔྱད་དང་འཇོག་པའི་སྒོམ་ལ་བརྩོན་ན། བདག་མེད་པ་དང་སྟོང་པ་ཉིད་ཀྱིི་གོ་དོན་ཕྱོགས་རེ་བ་ཙམ་རང་རེ་ཚང་མའི་རྒྱུད་ལ་སྐྱེ་འོང་རྒྱུ་ཡོད། དེ་ལྟ་བུའི་ཡིད་དཔྱོད་ཀྱི་ལྟ་བ་རེ་ཙམ་ལྡན་ན་འཐུས་ཀྱི།