དང་པོ་ཉིད་ནས་ཐོས་བསམ་ཅི་ཡང་མི་དགོས་པར། གནས་ལུགས་མངོན་སུམ་ཏུ་རྟོགས་པའི་གང་ཟག་ཧ་ཅང་མི་མང་སྙམ། འོན་ཀྱང་ཐོས་བསམ་ཀྱི་དཀའ་བའི་ཁུར་བོ་ཕྲག་ཏུ་མ་བཀལ་བར། དབང་བོ་རབ་ཅིང་། ལས་སྨོན་ཕུན་སུམ་ཚོགས་པ་འཛོམས་པའི་མཐུ་ལས། གཅོད་ལུགས་ལྟར་དུ་ནམ་མཁའ་སྒོ་འབྱེད་ཀྱི་དབང་གི་སྐབས་སུ་དབྱིངས་རིག་བསྲེས་ནས། སེམས་ཉིད་སྐྱེ་བ་མེད་པའི་དོན་ཐད་ཀར་དུ་ངོ་ཤེས་མཁན་ཡང་ཡོད་པ་སྨྲོས་ཅི་དགོས། ཐེག་པ་ཆེན་པོ་སྤྱིའམ་ཐུན་མིན་གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་སོགས་ཉམས་སུ་ལེན་པར། ཐ་ནའང་ཆོས་ཉིད་ཡིད་དཔྱོད་ཀྱི་ལྟ་བ་ཙམ་མེད་དུ་མི་རུང་ཞིང་། གཞན་རྨང་རྡོ་མེད་པར་མཁར་ལས་བྱས་པ་དང་མཚུངས་པས། ལོ་མང་པོར་ལུས་ངག་གིས་དཀའ་བ་སྤྱད་ཅིང་སྒྲུབ་པ་བྱས་རུང་། དོན་གྱི་འབྲས་རྟགས་གང་ཡང་ཐོན་མི་ནུས་པ་འབྱུང་སྲིད། ལྷག་ཏུ་གསང་བ་སྔགས་ཀྱི་སྐབས་སུ་སྟོང་ཉིད་ཀྱི་ལྟ་བ་ལ་གཞི་མ་བཅོལ་ན། ལམ་གང་ཡང་མི་རྙེད། ས་གར་ཡང་མི་ཆོད་པར་གྱི་ན་བར་ལུས་ནས། འཇིག་རྟེན་ལས་མ་འདས་པའི་གྲུབ་མཐའ་གཞན་གྱི་ལམ་སྒྲུབ་པ་ལས་ཆེར་མི་འཕགས་པས། ཐུན་མོང་གི་དངོས་གྲུབ་རེ་ཟུང་ཙམ་འབྱུང་བ་ལས། མཆོག་གི་དངོས་གྲུབ་ནི་བྱེ་མ་བཙིར་ནས་སྣུམ་འབྱུང་བར་རེ་བ་ཉིད་ལས་མ་འདས་པས། རྡོ་རྗེ་སྙིང་འགྲེལ་ལས། རིག་བྱེད་གྲུབ་མཐའ་རྣལ་འབྱོར་རྣམས། །དབང་ཕྱུག་སོགས་ཀྱིས་བྱས་པ་དང་། །སངས་རྒྱས་པ་ཡི་སྔགས་རྒྱུད་ལ། །སྟོང་པ་ཉིད་ལ་ཁྱད་པར་ཡོད། །ཞེས་གསུངས། འོན་ཀྱང་དེང་གི་གཅོད་པ་འགའ་ཞིག་གིས་རོལ་མོ་དང་གདངས་དབྱངས་སྙན་མོ། ལྷ་དང་དཀྱིལ་འཁོར་ཙམ་རེ་བསྐྱེད་པ་སོགས་ཤེས་པ་ཁོ་ནས་གཅོད་ཡུལ་ཟབ་མོ་ལ་ནང་བྱན་ཆུད་པར་རློམ་ནས། མདོ་དང་དབུ་མའི་གཞུང་ལུགས་ལ་དོ་སྣང་སྤུ་ཙམ་མི་བྱེད་པར། ཐོས་བསམ་དང་སློབ་གཉེར་ནི་རྟོག་གེ་པ་ཚོའི་ལས་ཀར་ཟད་ཅིང་། ང་ཚོ་ནི་རྣལ་འབྱོར་པ་དང་། ཀུ་སཱ་ལི་དང་། རྟོགས་ལྡན་དང་། སྔགས་པ་སོགས་ཡིན་པས། དེ་དག་མི་མཁོའོ་སྙམ་པའི་མངོན་པའི་ང་རྒྱལ་འཆང་བ་ནི་ལྟ་བ་རྣལ་མ་རྒྱུད་ལ་སྐྱེ་བའི་བར་ཆད་དུ་གྱུར་འདུག །དེས་ན་དབང་བོ་ཤིན་ཏུ་རྣོན་པོའི་གང་ཟག་རེ་ཟུང་མ་གཏོགས། གཞན་གཅོད་ཡུལ་ཉམས་སུ་ལེན་པར་འདོད་པ་དག་གིས། དང་པོར་མདོ་དང་དབུ་མའི་གཞུང་ལུགས་ལ་བསླབས་ཏེ། ཐ་ནའང་དབུ་མའི་རིགས་པའི་སྒོ་ནས། བདག་མེད་དང་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ལྟ་བ་རྒྱུད་ལ་ཅུང་འབྱོར་བ་དགོས། དེའི་ཚད་ནི་ཆོས་ཉིད་ཀྱི་རིགས་པས་ཇི་ལྟར་དཔྱད་ཀྱང་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་བདེན་པར་གྲུབ་པའི་ཆོས་ཅན་སྤུ་ཙམ་མི་འདུག་གོ་སྙམ་པའི་ངེས་ཤེས་སྐྱེ་འོང་བ་དེ་ཡིན། སྔོན་གྱི་མཁས་པ་རྣམས་ཀྱིས་ལྟ་བའི་དཔྱད་པ་རྫོགས་ཞེས་བསྟོད་པ་བྱེད་སའང་དེ་ལས་གཞན་དུ་ངོས་འཛིན་རྒྱུ་མེད། འདི་ནི་གཅོད་སྤྱིའི་འགྲོ་སྟངས་ཡིན་ལ། སྔ་འགྱུར་གཏེར་ལུགས་ཀུན་ཏུ་གཅོད་ཡོད་ཚད་ལ་རྫོགས་པ་ཆེན་པོའི་ཆོས་ཀྱིས་ཏིལ་ལ་སྣུམ་གྱིས་ཁྱབ་པ་བཞིིན་ཡོད་པས། གཅོད་གཞུང་གང་ཡིན་པ་དེའི་འདོན་དབྱངས་ལ་མཁས་པའམ། བརྡ་ཆད་རྫིག་པོ་འགའ་རེ་ཁ་ནས་འདྲེན་ཤེས་པ་དང་། ཕུགས་མེད་ཀྱི་གོ་བ་ཉི་ཚེ་བ་རེ་བློ་ལ་ཡོད་པ་ཙམ་གྱིས་ཚིམ་པར་མི་བྱེད་པར། ཉམས་སུ་ལེན་མཁན་རྣམས་ཀྱིས་ངེས་པར་དུ་རྫོགས་ཆེན་ཀྱི་རྒྱུད་དང་བསྟན་བཅོས་རྨད་དུ་བྱུང་བ་བཞུགས་པ་རྣམས་དང་། ཅིས་ཀྱང་ཀུན་མཁྱེན་ཀློང་ཆེན་པའི་ཆོས་དབྱིངས་མཛོད་དང་། སེམས་ཉིད་ངལ་གསོ་སོགས་ཀྱི་རྩ་བ་དང་། འགྲེལ་བ་རྒྱ་ཆེ་བ་བཞུགས་པ་རྣམས་ལ་གསན་གཟིགས་གནང་དགོས་ཀྱི། ད་སྔ་ཡན་ཆད་དུ་གཅོད་གཞུང་རྐྱང་པར་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གསལ་ཞིང་རྒྱས་པར་བཀྲལ་བ་ཕལ་ཆེར་མེད་པ་འདྲ། ཁྱད་པར་དུ་རང་ཉིད་ལ་ལས་དང་སྨོན་ལམ་རྣམ་པར་དག་པས་འབྲེལ་བའི་རྟོགས་པ་མཆོག་ལྡན་གྱིི་བླ་མ་ཞིག་གི་མདུན་ནས་རྫོགས་ཆེན་གྱི་ཁྲིད་དམ་ངོ་སྤྲོད་ཞུ་རྒྱུ་ནི་ཉམས་ལེན་ལ་ཤིན་ཏུ་མཁོ་བའི་ཆ་ལག་དམ་པར་སོང་། གཅོད་པ་ཕོ་མོ་རྒན་གཞོན་རྣམས་ཀྱིས་གཉན་ས་སོགས་སུ་འགྲིམས་ནས་གཅོད་ཉམས་ལེན་སྐབས་སུའང་། སྟོང་པ་ཉིད་ཀྱི་ལྟ་བ་རགས་པ་ཡིད་ལ་འཆར་བ་ཁོ་ནས་ལམ་ཡོངས་སུ་ཚང་བར་མི་འགྱུར་བས། ཆོས་ཀྱི་རྩ་བ་སྙིང་རྗེ་ཆེན་པོ་དང་མི་འབྲལ་བའི་ཆེད་དུ། ཚད་མེད་རྣམ་པ་བཞི། ཐེག་པ་ཆེན་པོའི་གཏོང་ལེན་རྣམས་རྒྱུན་དུ་ཉམས་ལེན་བྱ་དགོས་ཀྱི། སྔར་བཤད་པ་ལྟར། སྙིང་རྗེ་མེད་ན་ཆོས་གང་བྱས་ཀྱང་སྲོག་དང་བྲལ་བའི་ལུས་ལ་རྒྱན་ཆ་འདོགས་པ་ལས་མ་འདས་པས། ཨོ་རྒྱན་ཆེན་པོས། སྙིང་རྗེ་མེད་ན་ཆོས་ཀྱིི་རྩ་བ་རུལ། །ཞེས་དང་། ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ལྟ་བ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །གལ་ཏེ་སྙིང་རྗེ་འགའ་ཞིག་སྒོམ་ནའང་། །སྲིད་པར་འདིར་གནས་འཁོར་བར་ཐར་མི་འགྱུར། །ཞེས་གསུངས། མ་ཅིག་གིས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་བྲལ་ན་གཅོད་ལོག་ཏུ་འགྲོ་བར་བསྟན་པ་བཞིན། སྔར་བོད་ཡུལ་དུ་སྙིང་རྗེ་མ་བསྒོམས་པར་འདྲེ་བདུད་རང་རྒྱུད་པར་བཟུང་ནས། དམིགས་རིམ་གྱི་སྒོ་ནས་དེ་དག་མནན་ཅིང་བསད་པའི་གཅོད་ལོག་ནག་པོ་དགུ་ཕྲུགས་གྲགས་པ་བྱུང་ཞིང་། རྗེས་སུ་མཁས་དང་གྲུབ་པའི་དམ་པ་དག་གིས་ལུང་རིགས་ཀྱི་སྒོ་ནས་དགག་ཏེ། གཅོད་བསྟན་ལ་དག་ཐེར་མཛད་ནས། ཨ་མ་མ་ཅིག་གི་བསྟན་པ་དྲི་མ་མེད་པ་ཕྱོགས་ཀུན་དུ་རྒྱས་པར་མཛད་པའི་བཀའ་དྲིན་ལས། ད་ལྟའང་ཇོ་དགེ་བཀའ་རྙིང་གཙོས་བོད་ཀྱི་གྲུབ་མཐའ་ཚང་མར་རང་རང་སོ་སོའི་ལུགས་ཀྱི་གཅོད་ཡུལ་ཉམས་སུ་ལེན་ཚུལ་ཚང་ལ་མ་ནོར་བ་མ་ཉམས་པར་བཞུགས་སོ། །གསུམ་པ་རྩ་བའི་གཞུང་བཤད་པ་ལ། བརྟུལ་ཞུགས་ཀྱི་ཡོ་བྱད་སྒྲིག་པ། གཉན་ས་བཙལ་བ། ཟིལ་གནོན་གྱི་དམིགས་པ། ལྟ་བའི་མཁར་རྫོང་ལ་གནས་བཅའ་བ། གཉན་སར་འགྲིམ་པའི་ཉིང་དགོས། ཕུང་པོ་གཟན་སྐྱུར་གྱི་ཉམས་ལེན་དྲུག་ལས། དང་པོ་བརྟུལ་ཞུགས་ཀྱི་ཡོ་བྱད་སྒྲིག་པ་ནི། རྩ་བར། རང་བཞིན་རྫོགས་པ་ཆེན་པོ་ནིཿ ཉག་གཅིག་རྩད་ནས་གཅོད་པའི་ཕྱིརཿ གཅད་བྱ་གཅོད་བྱེད་ལས་འདས་ཀྱངཿ སྤྲོས་པ་ཅན་གྱི་གང་ཟག་དངཿ བརྟུལ་ཞུགས་སྤྱོད་པའི་ལམ་སློང་ཕྱིརཿ ཕུང་པོ་གཟན་བསྐྱུར་མན་ངག་བསྟནཿ ཞེས་གསུངས་པ་ལྟར། འཁོར་གསུམ་གྱི་དྲི་མས་མ་སྦགས་པའི་ཆོས་མཆོག་ཀ་དག་གདོད་མའི་གནས་ལུགས་ཀྱི་ཀློང་དུ་མཉམ་པར་བཞག་ཚེ། བདག་གཞན་གཉིས་དང་། བདུད་དང་འཁོར་བ་བཅས་ཡེ་ནས་གྲུབ་མ་མྱོང་བས། གཅོད་བྱ་དང་གཅོད་བྱེད་ཀྱི་ཐ་སྙད་ཙམ་ཀྱང་ངག་ནས་སྨྲ་མི་དགོས་ཀྱང་། སྤྲོས་པ་ཅན་གྱི་གདུལ་བྱའི་དབང་དུ་བཏང་ཚེ། རྣལ་འབྱོར་པ་དག་ཕྱི་ཡུལ་གྱི་གཉན་ས་འགྲིམ་པའི་སྐབས་སུ། རང་སྣང་རེ་དོགས་ཕྱིར་འཆར་བའི་སྣང་སྲིད་དྲེགས་པའི་སྡེ་ཚོགས་ཡོད་དོ་ཅོག་ཟིལ་གྱིས་གནོན་ཞིང་དབང་དུ་སྒྱུར་བའི་བརྡ་རྟགས་སུ། གདུག་ཅིང་སྟོབས་རྩལ་ཆེ་བའི་སྟག་གཟིག་དོམ་དྲེད་སོགས་གཅན་གཟན་གྱི་ལྤགས་པ་སྡེར་བཞི་མ་ཉམས་པའི་གདན། ལྟ་བ་ཡས་འབུབས་མཚོན་བྱེད་ཀྱི་ཅོག་པུ། སྤྱོད་པ་མས་འཛེགས་ཀྱི་བརྡ་ཁ་ཏྲཾ་ཀ །ལྷ་འདྲེའི་དཔུང་ཚོགས་དབང་དུ་བསྡུ་བའི་མི་རྐང་གླིང་བུ། གང་ཤར་གྱི་སྣང་བ་ཐམས་ཅད་གཉིས་མེད་ཀྱི་ལྟ་བས་ཟིལ་གྱིས་གནོན་པའི་བརྡ་ཌཱ་མ་རུ། ཕྱོགས་བཞིའི་མ་ཚོགས་མཁའ་འགྲོ་དབང་དུ་བསྒྱུར་ཞིང་གྲོགས་སུ་བཀུག་པའི་མཚོན་རྟགས་སུ་དྲིལ་གཡེར་དང་། བཟང་ངན་རེ་དོགས་ཀྱི་རྣམ་རྟོག་ཐད་ཀར་དུ་བཅད་པའི་བརྡ་སྟག་གཟིག་རས་མ་དང་། སྐྲའི་ཅོད་པན་སོགས་དུད་ཁྲོད་དཔའ་བོའི་ཡོ་བྱད་དང་། གཞན་ཡང་མ་བཅོས་པའི་རྒྱན་ན་བཟའ་དཀར་པོ་བཅས་ཀུ་སཱ་ལའི་ཆ་ལུགས་རྣམས་འཛོམ་པར་བྱ། སྤྱིར་མདོ་དང་སྔགས་ཀྱི་གཞུང་ལས་བཤད་པའི་ཆ་ལུགས་དང་ཡོ་བྱད་ཀྱིས་སྐབས་བབས་ཀྱི་བརྟུལ་ཞུགས་ཉམས་སུ་ལེན་པའི་རྟེན་བྱེད་པ། སྡོམ་དང་དམ་ཚིག་མི་རལ་པ། དྲན་ཤེས་མི་ཉམས་ཤིང་ལྟ་བའི་བཙན་རྫོང་ལས་ཕྱིར་མི་འཁྱར་བའི་ཕན་པ་ཆེ་བ་ལྟར། འདིར་བསྟན་གྱི་ཡོ་བྱད་དང་ཆ་ལུགས་གང་འཛོམས་བྱ་ཞིང་། ཐ་ནའང་ཌཱ་དྲིལ་འཛོམས་པ་གལ་ཤིན་ཏུ་ཆེ། དེ་བཞིན་དུ་གཅོད་གཞུང་གི་དབྱངས་དང་འདོན་སྒྲིག་རྣམས་ཚད་ལྡན་མཐོང་བརྒྱུད་དང་བསྟུན་ནུས་ན། བྱིན་རླབས་འབྱུང་བའི་རྒྱུ་རྐྱེན་དུ་འགྲོ་བས། གཅོད་ཡིག་འདི་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པས་གཏེར་ལས་དྲངས་སྐབས། གདངས་དབྱངས་གང་ཡིན་ཐུགས་ལ་མ་འཆར་བར་རེ་ཞིག་ལུས་ཚེ། བར་སྣང་གི་མཐོངས་སུ་བྱ་རྒོད་པོས་གཤོག་རྩལ་ངོམ་པ་གཟིགས་ཤིང་། དེའི་གཤོག་རླབས་དང་མཐུན་པར་དབྱངས་ཐུགས་ལ་ཤར་བ་དེ། ད་ལྟའང་བོད་སྟོད་སྨད་བར་གསུམ་གྱི་གཅོད་རྒན་རྣམས་ཀྱིས་གྱེར་བཞིན་པ་དག་ཀྱང་ཡིད་ལ་ངེས་པ་གལ་ཆེའོ། །གཉིས་པ་གཉན་ས་བཙལ་བ་ནི། གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་དུ། སྤྱོད་ལམ་མ་བཅོས་རང་བབ་ངང༔ འཇིགས་མེད་གཅིག་པུར་དབེན་པ་བསྟེན༔ སེང་ཆེན་གངས་ལ་འགྱིང་དཔེར་བཙུགས༔ ཞེས་གསུངས་པ་ལྟར། འཇིགས་མེད་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཤིན་ཏུ་རེངས་པས་དོན་དམ་ཆོས་ཉིད་ཆེན་པོའི་ལྟ་བའི་གདེང་ལྡན་ཞིང་། ཆགས་མེད་ཀུ་སཱ་ལའི་རིང་ལུགས་སྐྱོང་ནུས་པའི་རྣལ་འབྱོར་པ་དག་གིས། དང་པོ་རང་ཡུལ་གྲོང་སྡེ་ཕལ་པ་རྣམས་ལྟ་ཅི་སྨྲོས། ཡུལ་བཟང་པོར་རློམ་པའི་རང་ཉིད་གནས་སའི་དགོན་སྡེ་རྣམས་རེ་ཞིག་བསྐྱུར་ནས། རང་ཉིད་གཅིག་པུ་ཆ་རྒྱུས་མེད་པའམ། འདུ་འཛིས་དབེན་པའི་གནས་གཞན་དུ་འགྲིམ་དགོས་ཤིང་། སྤྱོད་ཚུལ་འདི་ནི་གཉན་ས་འགྲིམ་པའི་སྐབས་ཙམ་མ་ཡིན་པར། བྱང་ཆུབ་སེམས་དཔའ་དང་རྣལ་འབྱོར་པ་དག་གིས་བསླབ་པར་བྱ་བ་ཐེག་པ་ཆེན་པོ་སྤྱིའི་བརྟུལ་ཞུགས་ཡིན་པས། རི་ཁྲོད་དང་དབེན་གནས་སུ་ལོ་དང་ཟླ་བར་འགྲིམ་མ་ནུས་ཀྱང་། བདུན་ཕྲག་ཙམ་རེར་འགྲོ་ཞིང་བདུད་གཅོད་ཟབ་མོ་ཉམས་སུ་ལེན་པར་བྱ། གསང་སྔགས་ཀྱི་གཞུང་གཞན་དུ་བརྟུལ་ཞུགས་བོགས་འདོན་བྱེད་སྐབས་སུ། རང་ཉིད་གཅིག་པུ་ངེས་པར་དུ་གསང་སྤྱོད་ཀྱི་གནས་སུ་འགྲིམ་མི་དགོས་པས། སཾ་བྷུ་ཊི་ལས། ཤིན་ཏུ་བཞིན་བཟངས་མིག་ཡངས་མ། །རང་གི་དབང་བསྐུར་སྙིང་རྗེར་ལྡན། །རྡོ་རྗེ་བུ་མོ་འདི་ཁྱེར་ནས། །བརྟུལ་ཞུགས་ཅན་གྱིས་སྤྱོད་པ་བྱ། །ཞེས་ཆགས་ལམ་པ་དག་གིས་མཚན་ལྡན་གྱི་ལས་རྒྱ་དང་འགྲོག་འོས་པར་བཤད་ཀྱང་། གཅོད་ལུགས་ལ་ངེས་པར་དུ་རྣལ་འབྱོར་པ་ཁེར་རྐྱང་དུ་གཉན་སར་འགྲིམས་ན་ལེགས་ཏེ། གྲོགས་ལ་སེམས་གཡེང་བ་དང་། གྲོགས་ཀྱིས་འཇིགས་སྐྲག་གི་སྒོ་འགོག་པ་སོགས་ཀྱི་བར་ཆད་མེད་པར་ལྷོངས་ཚད་ཇི་བཞིན་འབྱུང་བའི་དགོས་པ་ཆེ། གཅོད་གཞུང་དུ་གཉན་སའི་བྱེ་བྲག་ལ། ཆུ་མིག་མགོ་དགུ་མགོ་བདུན་མགོ་ལྔ་མགོ་གསུམ་མགོ་གཅིག་བཅས་སྟེ། རིམ་བཞིན་དུ་ཀླུ་གདོལ་པ་དང་། བྲམ་ཟེ། རྗེ་རིགས། རྒྱལ་རིགས། དམངས་རིགས་རྣམས་གནས་པའི་ས། ཆུ་མིག་ཆུ་རལ་ཆུ་འཁྱིལ་འདྲ་བ་ཉི་མ་མི་འཆར་བ་ན་ཀླུ་བྲན་གནས། མཚོ་དྲུང་ལུ་མ་ཤིང་གཅིག་བྲ་མ་ནེའུ་སིང་ཆུ་ལྗབ་འཇིབ་ཡོད་པ་ན་གཉན་གནས། ཕ་བོང་སྟག་སྦྲུལ་སྦལ་པ་བྱ་ཕག་འདྲ་བར་ས་བདག་གནས། བྲག་གདོང་དང་། རི་བྲག་རུས་སྦལ་སྡིག་པ། སྡོམ་གཟུགས་འདྲ་བ་དང་། གཡག་དང་ཆུ་གླང་རྔ་མོང་མ་ཧེའི་གཟུགས་འདྲ་བ་ན། ས་བདག་ཀླུ་གཉན་ཆེན་པོ་གནས། བྲག་གདོང་དང་རི་སྣ་གད་པའི་སྟེང་མི་རེངས་ལངས་པ་འདྲ་བ་དང་། སྤྲེའུའི་གདོང་བ་འདྲ་བ་དང་། རལ་གྲི་འདྲ་བ། ཁྲག་གི་རལ་པ་འདྲ་བ་དམར་བ་ན་བཙན་གནས། ནག་པ་ན་བདུད་གནས། བྲག་སྐྱིབས་དང་། ཕུག་པ་གཅོང་རོང་གད་ཕུག་གྲོག་ཕུག་ན། དམ་སྲི་དང་། བསེན་མོ་ཐེའུ་རིང་རྣམས་གནས། ཁང་སྟོང་རེ་ཧྲུལ་ཕུང་ཤུལ། འབྲོག་པའི་མཚེར་ཤུལ། སྲང་མདོ་ཚོང་འདུས་རྣམས་ལ་བསེ་རག་མཁའ་ལ་རྒྱུ་བའི་ཡི་དྭགས་དང་གྲི་བོ་གྲི་མོ་གནས། དུར་ཁྲོད་རོ་ཁུང་མི་ཤི་ཤུལ་རྣམས་དང་། དཔའ་བོ་གཡུལ་དུ་བསད་པའི་ཤུལ་དག་ལ་མ་མོ་དང་གཤིན་རྗེ་སྲོག་བདག་གནས། ལྷ་ཁང་དང་དཀོར་ཁང་གི་ཁྱམས། མཆོད་རྟེན། སྒྲུབ་ཁང་དང་དབེན་པ་སོགས་སུ་རྒྱལ་པོ་དང་སྲོག་བདག་པེ་ཀར་སོགས་གནས་པར་གསུངས་ཀྱང་། ས་དེར་སླེབས་མ་ཐག་ཏུ་འཇིགས་སྣང་སྐྱེ་ཞིང་སྐྱུག་བྲོ་བ། སེམས་བག་ལ་ཕེབས་དཀའ་བ། སྣང་བ་དགྲ་རུ་ཤར་སླ་བ། རྣམ་རྟོག་འདྲ་མིན་བུ་ཡུག་བཞིན་འཚུབ་འོང་བ། ལུས་ཀྱི་བ་སྤུ་ཟིང་བར་བྱེད་པའི་གནས་ནི་གཉན་ས་འགྲིམ་ཡུལ་གྱི་མཆོག་ཡིན་ཞིང་། དེ་ལྟའི་གནས་སུ་འགྲིམས་ནས་ལམ་ཉམས་སུ་ལེན་པ་གསང་སྔགས་ཀྱི་གཞུང་གཞན་དང་མཐུན་ཏེ། བརྟག་གཉིས་ལས། ཤིང་གཅིག་དང་ནི་དུར་ཁྲོད་དང་། །མ་མོའི་ཁྱིམ་དང་མཚན་མོ་དང་། །ཡང་ན་དབེན་པའི་བས་མཐའ་རུ། །བསྒོམ་པ་བཟང་བར་བརྗོད་པར་བྱ། །ཞེས་དང་། རྒྱུད་ཉི་ཟླ་ཁ་སྦྱོར་དུ་བརྟུལ་ཞུགས་རླུང་འཛིན་གྱི་སྤྱོད་པ་བདུན་དུ་བསྡུས་སྐབས་སུ། སེང་གེ་ལྟ་བུའི་སྤྱོད་པ་ཡིས། །འཇིགས་པའི་སེམས་སྤངས་དུར་ཁྲོད་རྒྱུ། །ཞེས་སོགས་གསུངས་པས་ཤེས་སླ། དོན་དུ་ཕྱིའི་གཉན་ས་ལ་བརྟེན་ནས་ནང་སེམས་ཀྱི་གཉན་ས། ཞེ་སྡང་རྒྱལ་པོ་ངར་སྐད་འདོན་པ། ང་རྒྱལ་གཤིིན་རྗེ་མིག་ནས་གློག་དམར་འཁྱུག་པ། འདོད་ཆགས་སྲིན་མོ་སྦྲུལ་གྱི་རྒྱན་ཆས་བཀླུབ་པ། ཕྲག་དོག་དམ་སྲི་དུག་རླངས་ཁ་ནས་ཐུལ་བ། གཏི་མུག་ཤི་འདྲེ་རོ་ལངས་ཀྱི་ཚུལ་དུ་རྒྱུག་པ། འཁུ་འཕྲིག་ཁྭ་ཏ་ཐན་སྐད་སྒྲོག་པ། བརྣབ་སེམས་འུག་པ་གད་མོ་དགོད་པ། གནོད་སེམས་སྡིག་པ་ར་ཙས་ཕྱོགས་ཀུན་ཁྱབ་པ། ལོག་རྟོག་ཆུ་སྲིན་མི་ཤ་ཟ་ནས་ཡོད་སར་འགྲིམས་ཏེ། ཉལ་བ་རྣམས་ཡར་བསླངས། རྒྱུ་བ་རྣམས་དང་གདོང་གཏུག་བྱས་ནས། དེ་དག་གཅིག་ཀྱང་མ་ལུས་པ་སྙིང་རྗེའི་ཡ་ལད་མ་དོར་བའི་ངང་ནས་ཡར་སྐྱེ་མེད་ཀྱི་གནས་སུ་གཅོད་པ་ཡིན་པས། གནད་འདི་མ་ཤེས་ཚེ་གཉན་སར་མང་དུ་འགྲིམ་ཡང་འབྲས་བུ་ཡང་དག་པ་འབྱུང་དཀའ། སྔོན་གྱི་རྣལ་འབྱོར་པ་མང་པོ་དུར་ཁྲོད་དུ་ཕེབས་ནས་གཅོད་ཉམས་སུ་ལེན་སྲོལ་དར་ཆེ་བ་བྱུང་མོད་ཀྱང་། དེང་སང་ཡུལ་གྲུ་མང་པོར་དུད་ཁྲོད་དག་ནི་བཀོད་པ་ལེགས་ཤིང། ལྟ་ན་སྡུག་པ་ཡོད་པས་སྐྱི་གཡའ་བ་མེད་པས། མི་དང་འདུ་འཛི་ཉུང་ཡུལ་རི་གསེབ་ནགས་ཁྲོད་བྱེ་ཐང་སོགས་སུ་འགྲིམ་ན་བོགས་འདོན་ལ་ཕན་པ་ཆེ་འོང་སྙམ། དང་པོར་དུར་ཁྲོད་དུ་འགྲོ་བའི་དུས་ལ། རྣལ་འབྱོར་པ་རབ་དུས་ངེས་མེད་ཐོལ་བྱུང་དུ་འགྲོ་བ་དང་། རྣལ་འབྱོར་པ་འབྲིང་སྲོད་དང་ནམ་ཕྱེད་ལ་འགྲོ་བ། རྣལ་འབྱོར་པ་ཐ་མ་ཉིན་མོར་འགྲོ་བའི་དབྱེ་བ་བཤད་སྲོལ་མཆིས་ཀྱང་། དགོང་མོ་དང་མཚན་ལ་འདྲེ་གདོན་དང་འཇིགས་སྐྲག་གི་སྣང་བ་འབྱུང་སླ་བས་འགྲོ་བའི་དུས་ཁྱད་པར་བ་ཡིན་ཏེ། སཾ་བྷུ་ཊི་ལས། རྡོ་རྗེ་ཉི་མ་ནུབ་པ་དང་། །དེ་འོག་སྒྲུབ་པ་བརྩམ་པར་བྱ། །ཞེས་གསང་སྔགས་ཀྱི་གཞུང་གཞན་དུ་མཚན་མོར་གསང་སྤྱོད་འགྲོ་བར་གསུངས་པ་དང་མཐུན། དེ་ལྟར་གཉན་སར་འགྲོ་ནུས་ཚེ་མི་ཕོད་པ་ཐོག་ཏུ་བརྫི་བ་ཞེས་རོ་སྙོམས་བརྟུལ་ཞུགས་ཀྱི་སྤྱོད་པར་སོང་ཚར་རོ། །གསུམ་པ་ཟིལ་གནོན་གྱི་དམིགས་པ་ནི། དེ་ནས་དམིགས་པའི་གཉན་ས་མཐོང་སར་ཕྱིིན་ཚེ། རང་གི་སྙིང་ཀར་གནམ་ལྕགས་ལས་གྲུབ་པའི་རྡོ་རྗེ་རྩེ་དགུ་པ་མེ་དབལ་ཚ་ཚ་འཕྲོ་བ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་ཅན་ཞིག་སྒོམ། ཕཊ་ཅེས་དྲག་པོ་ས་གཞི་གཡོས་སོང་སྙམ་པ་བརྗོད་ནས། དེ་ཉིད་དཔག་ཆེན་ གྱི་མདའ་འཕངས་པ་བཞིན་དུ་དམིགས་ཟིན་པའི་གཉན་སར་ཕོག་ཏེ་མེ་དཔུང་དང་འོད་ཟེར་འབར་ཞིང་འཐོར་ནས། དེར་གནས་ལྷ་འདྲེ་དབང་མཐོ་དམན། ཁས་དྲག་ཞན། སྟོབས་ཆེ་ཆུང་ཅན་ཡོད་དོ་ཅོག་སྐྱི་གཡའ་བར་བྱས་ནས་བཙོན་དུ་བཀུག་པ་བཞིན་དེ་ཀར་དབང་མེད་དུ་བསྡུས་ནས། རྣལ་འབྱོར་པ་རང་ཉིད་ཀྱི་ཡིད་ལ། ཆོས་ཉིད་ཀྱི་མཐུ་དང་། གསང་སྔགས་ཀྱི་བྱིན་རླབས་དང་། མཆོག་གསུམ་གྱི་བདེན་སྟོབས། རྩ་བ་གསུམ་གྱི་གཟི་བརྗིད། འཇིགས་བྲལ་ཀ་དག་གི་ལྟ་བའི་གདེང་གིས་དེ་དག་ཐམས་ཅད་དུས་གཅིག་ཏུ་ཟིལ་གྱིས་གནོན་པར་བསྒོམས་ཏེ་གོམ་པ་སྤོ། དེ་ཡང་ཐ་མལ་པའི་རྣམ་རྟོག་ངན་པའི་དབང་དུ་མ་ཤོར་བར་ཚུལ་འཆོས་དང་ངོ་ཚའི་བློ་ཕར་གཡུགས་ནས་འགྲོ། འགྲོས་སྟངས་ལ། དཔའ་བོའི་འགྱིང་འགྲོས། དཔའ་མོའི་འཆམ་འགྲོས། སྦྲུལ་ནག་གི་འཁྱུག་འགྲོས། ལྟ་བའི་གདེངས་འགྲོས་བཅས་བཞི་ཡོད། འགྲོས་སྟངས་བཞིའི་རྣམ་གྲངས་མི་འདྲ་བ་མཆིས་ལ། དེ་རེ་རེར་འགྲེལ་བ་བརྒྱབ་སྟངས་སྣང་མོད། འདིར་ནི། རྩ་བར། འགྲོ་ལུགས་རྣམ་པ་བཞི་དག་ལསཿ ལྟ་བའི་གདེངས་འགྲོས་ཤུགས་ཀྱིས་འགྲོཿ ཞེས་རྣལ་འབྱོར་བའི་གདེང་འགྲོས་སུ་གྲགས་པ་དང་མཐུན་པར་འགྲོ་བའི་ཚུལ་ནི། ས་གསུམ་ན་གནས་པའི་འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་ཙམ་ལས། དོན་དུ་དེ་དག་གཅིག་ཀྱང་རང་ངོས་ནས་མ་གྲུབ་པས། ཅི་དང་གང་ལའང་མི་འཇིགས་པའི་བློ་དང་བཅས་ཏེ། དོན་དམ་སྟོང་པ་ཉིད་ཀྱི་ལྟ་བ་དང་མ་འབྲལ་བའི་སྒོ་ནས། སྡར་མ་གཡུལ་ལ་ཆས་པ་ལྟ་བུ་མ་ཡིན་པར། ད་ལྟ་ཉིད་དུ་སྣང་སྲིད་དབང་དུ་བསྡུ་ཞིང་ཟིལ་གྱིས་གནོན་ནུས་སོ་སྙམ་པའི་དཔའ་གདེང་གིས་འགྲོ་བ་ཡིན་ཞིང་། ས་དེར་སླེབས་ཚེ། ཉོན་མོངས་དུག་ལྔའི་རང་གཟུགས་ལྷ་འདྲེ་གདོན་བགེགས་ཐམས་ཅད་གནས་དེར་བཙོན་དུ་བཅིར་ནས། དེ་དག་གི་རྐང་པ་འཇུས་ཏེ་ལན་གསུམ་གནམ་ལ་བསྐོར་ནས་ས་ལ་བརྡབ་སྙམ། དེ་ནས་རང་ཉིད་སྐད་ཅིག་གིས་རྣམ་སྨིན་གྱི་ལུས་འདིའི་ངོ་བོ་གནས་གྱུར་ནས་དུས་གསུམ་རྒྱལ་བའི་ཤེས་རབ་ཀྱི་རྣམ་སྤྲུལ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྟོང་ཆེན་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་ལ། དེ་ཉིད་ཇི་སྲིད་འཁོར་བ་མ་སྟོང་བར་དུ་འགྲོ་ཀུན་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ། དེ་དག་གི་སེམས་རྒྱུད་ཐར་ལམ་ལ་བཀུག་ཅིང་། དམིགས་མེད་སྙིང་རྗེས་ཐུགས་གསང་རབ་ཏུ་ཕྱུག་པས་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་འཚེར་བ་ཉིན་བྱེད་སྟོང་གི་འོད་མདངས་འཕྲོག་ནུས་པ།
དཀར་ཆག