དཀར་ཆག
དཔེ་དེབ

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དོན་འགྲེལ་རིག་འཛིན་དགྱེས་པའི་བདུད་རྩི་བཞུགས།

ཕཿ
འཇིགས་མེད་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ངསཿ
འཁོར་འདས་མཉམ་པར་བརྡལ་བའི་དགོངས་སྤྱོད་ཀྱིསཿ
བདག་འཛིན་ལྷ་འདྲེའི་སྟེང་དུ་བྲོ་ཞིག་བརྡུངཿ
གཉིས་འཛིན་འཁོར་བའི་རྣམ་རྟོག་རྡུལ་དུ་རློགཿ
རྩ་བརྒྱུད་རིག་འཛིན་བླ་མ་བྲོ་ལ་བྱོནཿ
ཡི་དམ་དཔའ་བོ་རྒྱ་མཚོ་བྲོ་ལ་བྱོནཿ
མཁའ་འགྲོ་གནས་ཉུལ་མ་ཚོགས་བྲོ་ལ་བྱོནཿ
བརྟུལ་ཞུགས་ལམ་དུ་ལོངས་པར་བྱིན་གྱིས་རློབསཿ
ཕཊཿ
ཤར་ཕྱོགས་ལུས་འཕགས་གླིང་དུ་བརྡུངས་ཙ་ནཿ
དཔའ་བོ་མཁའ་འགྲོའི་བྲོ་ར་ཟླུམ་ལ་འཁྱིལཿ
ཞེ་སྡང་རྒྱལ་པོའི་མགོ་ལ་ཆེམས་སེ་ཆེམཿ
མེ་ལོང་ཡེ་ཤེས་གླིང་བུ་ཀྱུ་རུ་རུཿ
ཧཱུཾ་ཧཱུཾ་ཧཱུཾཿ
ཕཊཿ
ལྷོ་ཡི་འཛམ་བུའི་གླིང་ལ་བརྡུངས་ཙ་ནཿ
དཔའ་བོ་མཁའ་འགྲོའི་བྲོ་ར་ཟུར་གསུམ་དབལཿ
ང་རྒྱལ་གཤིན་རྗེའི་མགོ་ལ་ཆེམས་སེ་ཆེམཿ
མཉམ་ཉིད་ཡེ་ཤེས་ཐོད་རྔ་ཁྲོ་ལོ་ལོཿ
ཧཱུཾ་ཧཱུཾ་ཧཱུཾཿ
ཕཊཿ
ནུབ་ཀྱི་བ་ལང་སྤྱོད་ལ་བརྡུངས་ཙ་ནཿ
དཔའ་བོ་མཁའ་འགྲོའི་བྲོ་ར་ཟླ་གམ་འཁྱིལཿ
འདོད་ཆགས་སྲིན་མོའི་མགོ་ལ་ཆེམས་སེ་ཆེམཿ
སོར་རྟོག་ཡེ་ཤེས་དྲིལ་གཡེར་ཁྲོ་ལོ་ལོཿ
ཧཱུཾ་ཧཱུཾ་ཧཱུཾཿ
ཕཊཿ
བྱང་གི་སྒྲ་མི་སྙན་ལ་བརྡུངས་ཙ་ནཿ
དཔའ་བོ་མཁའ་འགྲོའི་བྲོ་ར་གྲུ་བཞི་ལམཿ
ཕྲག་དོག་དམ་སྲིའི་མགོ་ལ་ཆེམས་སེ་ཆེམཿ
བྱ་གྲུབ་ཡེ་ཤེས་ཅོད་པན་པུ་རུ་རུཿ
ཧཱུཾ་ཧཱུཾ་ཧཱུཾཿ
ཕཊཿ
དབུས་ཕྱོགས་ལྷུན་པོའི་རྩེ་རུ་བརྡུངས་ཙ་ནཿ
དཔའ་བོ་མཁའ་འགྲོའི་བྲོ་ར་བྱིན་རེ་ཆགསཿ
གཏི་མུག་ཤི་འདྲེའི་མགོ་ལ་ཆེམས་སེ་ཆེམཿ
ཆོས་དབྱིངས་ཡེ་ཤེས་ཧཱུཾ་གླུ་ཀྱུ་རུ་རུཿ
ཧཱུཾ་ཧཱུཾ་ཧཱུཾཿ
ཕཊཿ

ཅེས་སྟེང་དུ་མཁྱེན་བརྩེ་ནུས་པའི་མངའ་བདག་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱིས་མཐོང་གྲོལ་མཚན་དཔེ་རྫོགས་པའི་སྐུས་གར་སྟབས་བསྒྱུར་ཞིང་། གསུང་ཐོས་གྲོལ་ཚངས་པའི་དབྱངས་རྡོ་རྗེའིི་ཚིག་གི་རོལ་མོ་འཁྲོལ་བ། གསུང་གསང་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་བཞུགས་པ་རྣམས་སྤྲིན་ཕུང་ལྟར་འཁྲིགས། བར་དུ་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་རྣམས་ཀྱིས་སྐུས་གར་སྟབས་དང་ཕྱག་རྒྱ་སྣ་ཚོགས་ངོམ་ཞིང་། གསུང་ཚིག་དང་བརྡ་དང་སྔགས་ལ་སོགས་པས་དྲངས་པའི་དམ་པའི་ཆོས་སྒྲོག་ཅིང་དགྱེས་པའི་གད་མོ་ལྡིར་བ། ཐུགས་འོད་གསལ་ཟག་མེད་ཀྱི་ཡེ་ཤེས་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་དུ་མི་གཡོ་བར་བཞུགས། རང་གི་འཁོར་དུ་ཞི་བའི་ཉམས་ལྡན་གྱི་མཁའ་འགྲོ་མ་དཀར་མོ། དགྱེས་པའི་ཉམས་ལྡན་གྱི་མཁའ་འགྲོ་མ་སེར་མོ། ཆགས་པའི་ཉམས་ལྡན་གྱི་མཁའ་འགྲོ་མ་དམར་མོ། ཁྲོ་བའི་ཉམས་ལྡན་གྱི་མཁའ་འགྲོ་མ་ལྗང་མོ། དགའ་ཁྲོ་ཆགས་པའི་ཉམས་ལྡན་མཁའ་འགྲོ་མ་སྔོན་མོ་འབུམ་ཚོ་མང་པོ་མཚན་མོའི་མཁའ་ལ་རྒྱུ་སྐར་གྲངས་མེད་ཤར་བ་ལྟ་བུས་བསྐོར་ཞིང་། དེ་དག་ཀྱང་ལ་ལ་དགྱེས་ཤིང་སྒེག་པའི་ཉམས་ལྡན་ཞི་བའི་གར་སྟབས་དང་ཕྱག་རྒྱ་སྒྱུར་བ། ལ་ལ་ཁྲོ་བའི་ཉམས་ཅན་མཆེ་བ་གཙིགས་ཤིང་སྐྲ་གྱེན་དུ་བརྫེས་ནས་དྲག་སྔགས་སྒྲོག་པ། ཐམས་ཅད་ཀྱིས་རྣམ་པ་དང་ཆ་ལུགས་མ་ངེས་པར་སྟོན་བཞིན་དུ། དུས་ཀུན་དུ་ཞི་རྒྱས་དབང་དྲག་གི་ལས་ལ་གཞོལ་བའི་དཀྱིལ་འཁོར་རྒྱ་ཆེ་བ་སྟོང་ཁམས་ཀུན་ཏུ་ཁྱབ་པ་བསྐྱེད། འཇིག་རྟེན་པ་ཚོ་དགྲ་ལ་མི་དངང་པ་དང་། གཅན་གཟན་ལ་མི་སྐྲག་པ་ལྟ་བུའི་སྙིང་ཁམས་ཆེ་བ་ཙམ་མ་ཡིིན་པར། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་གཟོད་མ་ནས་གནས་ཡོད་པའི་དོན་ཐེ་ཚོམ་མེད་པར་ངེས་ནས། དོན་དམ་པའི་ལྟ་བའི་ངར་དང་མི་འབྲལ་བར། སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་གནོད་མི་ནུས་པའི་ངེས་ཤེས་སྙིང་ལ་འཆང་བཞིན་དུ། རེ་དོགས་བདུད་ཀྱི་ཟློས་གར་གྱིས་རང་སེམས་གཡོ་བ་མེད་པར་བཞག་ནས། ལྷ་དེ་དག་གཙོ་འཁོར་དང་བཅས་པ་འཇིགས་པ་མེད་ཅིང་དཔའ་གདེང་ཆེན་པོས་ཐུགས་དགའ་བའི་ཉམས་ཀྱི་བདུད་རྩིས་མྱོས་བཞིན་དུ། འཁོར་འདས་དབྱེར་མེད་ཆོས་ཀུན་མཉམ་པ་ཉིད་དུ་ཤར་བའི་ལྟ་བ་དང་། དེ་ཉིད་མངོན་དུ་འཁྱེར་བའི་བརྟུལ་ཞུགས་ཧེ་རུ་ཀའི་སྤྱོད་པ་ཆེན་པོར་རོལ་བའི་ངང་དུ། ཤར་ཕྱོགས་ལུས་འཕགས་གླིང་དུ་བྲོ་ར་ཟླུམ་པོར་ཞེ་སྡང་རང་མཚན་པའི་རང་གཟུགས་རྒྱལ་པོའི་མགོ་ལ་རྡོ་རྗེའི་བྲོ་རྡུང་ཚེ། མེ་ལོང་ཡེ་ཤེས་སུ་དག་པའི་བརྡར་རྐང་གླིང་ཀྱུ་རུ་རུ། ལྷོ་ཕྱོགས་འཛམ་བུའི་གླིང་དུ་བྲོ་ར་ཟུར་གསུམ་པར་ང་རྒྱལ་རང་གཟུགས་གཤིན་རྗེའི་མགོ་ལ་རྡོ་རྗེའི་བྲོ་རྡུང་ཚེ། མཉམ་ཉིད་ཡེ་ཤེས་སུ་དག་པའི་བརྡར་ཐོད་རྔ་ཁྲོ་ལོ་ལོ། ནུབ་ཕྱོགས་བ་ལང་སྤྱོད་དུ་བྲོ་ར་ཟླ་གམ་གྱི་དབྱིབས་ཅན་དུ་འདོད་ཆགས་རང་གཟུགས་སྲིན་མོའི་མགོ་ལ་རྡོ་རྗེའི་བྲོ་རྡུང་ཚེ། སོར་རྟོགས་ཡེ་ཤེས་སུ་དག་པའི་བརྡར་དྲིལ་གཡེར་ཁྲོ་ལོ་ལོ། བྱང་ཕྱོགས་སྒྲ་མི་སྙན་དུ་བྲོ་ར་གྲུ་བཞིར་ཕྲག་དོག་གི་རང་གཟུགས་དམ་སྲིའི་མགོ་ལ་རྡོ་རྗེའི་བྲོ་རྡུང་ཚེ། བྱ་གྲུབ་ཡེ་ཤེས་སུ་དག་པའི་བརྡར་ཅོད་པན་པུ་རུ་རུ། དབུས་ཕྱོགས་ལྷུན་པོའི་རྩེ་རུ་བྲོ་ར་ཉམས་དགའ་ཞིང་བྱིན་ཆགས་པར་གཏི་མུག་རང་གཟུགས་ཤི་འདྲེའི་མགོ་ལ་རྡོ་རྗེའི་བྲོ་རྡུང་ཚེ། ཆོས་དབྱིངས་ཡེ་ཤེས་སུ་དག་པའི་བརྡར་སྐྱེ་མེད་ཆོས་སྐུའི་རང་སྒྲ་ཧཱུཾ་གླུ་ཀྱུ་རུ་རུ་སྒྲོག་བཞིན་པ་བསྐྱེད། དེ་ནས་བདག་དང་མཐའ་ཡས་པའི་འགྲོ་བ་མ་ལུས་པའི་རྒྱུད་ཀྱི་ཉོན་མོངས་རྟོག་ཚོགས་མཐའ་དག་ཕྱིར་ཤར་བའི་རང་གཟུགས། སྲིད་པར་གནས་ཤིང་རྒྱུ་བའི་ལྷ་འདྲེ་མཆིས་སོ་ཅོག་ཀ་དག་སྤྲོས་བྲལ་གྱི་ལྟ་བའི་རྒྱལ་པོའི་བྲན་དུ་དབང་མེད་པར་བཀུག་ཅིང་ཟིལ་གྱིིས་མནན་ནས། རང་ཡང་སྨྲ་བསམ་བརྗོད་བྲལ་ཁྱབ་བརྡལ་གཉུག་མ་འོད་གསལ་ཆེན་པོའི་དབྱིངས་སུ་རེ་དོགས་མེད་པའི་དོན་ལ་གནས་པར་བྱ། ཧཱུཾ་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་མཚོན་ཅིང་། དགྲ་བགེགས་གནོད་བྱེད་ཟིལ་གྱིས་གནོན་ཅིང་འདུལ་བའི་དྲག་སྔགས་ཡིན་ཏེ། རྡོ་རྗེ་རྩེ་མོར། ཡི་གེ་ཧཱུཾ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམ་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང་། །གདུག་པ་སྔངས་ཤིང་གསོད་བྱེད་པའི། །ཧཱུཾ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་གསུངས། ཡང་ན་ཧ་ཧ་ཁྲོ་བོའི་གད་རྒྱངས་དང་ཧི་ཧི་ཁྲོ་མོའི་གད་རྒྱངས་སུ་བཞེད་པ་ལྟར་དུ། དཔའ་བོ་དཔའ་མོའི་གད་རྒྱངས་ཡིན་ཅིང་། ཧཱུཾ་དང་པོས་ངོ་བོ་སྟོང་པ་ཆོས་སྐུའི་ཡེ་ཤེས་ཀྱི་རྡོ་རྗེའི་གླུ་དང་བྲོ། གཉིས་པས་རང་བཞིན་མ་འགག་པ་ལོངས་སྐུའི་ཡེ་ཤེས་ཀྱི་རྡོ་རྗེའི་གླུ་དང་བྲོ། གསུམ་པས་ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུའི་ཡེ་ཤེས་ཀྱི་རྡོ་རྗེའི་གླུ་དང་བྲོ་མཚོན་པའམ། ཧཱུཾ་དང་པོས་རྩ་བརྒྱུད་བླ་མ་རྣམས་དང་། གཉིས་པས་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་། གསུམ་པས་གནས་གསུམ་གྱི་མཁའ་འགྲོའི་ཐུགས་བསྐུལ་ནས། དེ་དག་བྱོན་ཏེ་རྡོ་རྗེའི་བྲོ་རྡུང་བར་མཚོན་པ་སོགས་འགྲེལ་ཚུལ་དུ་མ་མཆིས། གཉན་ས་བཙལ་ཟིན་ཚེ། རྣལ་འབྱོར་པའི་ཅོག་པུར་འབུབས་པ་ལ། རང་ཉིད་ལྷའི་ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་པ་དང་། མཐུ་དང་རྫུ་འཕྲུལ་ལ་དབང་འབྱོར་ཞིང་སྟོང་ཁམས་ཀུན་ལ་ཐོགས་པ་མེད་པར་སྐད་ཅིག་གིས་མྱུལ་ནུས་པའི་ལས་བྱེད་ཕོ་ཉ་མོ་གྲངས་མེད་པའི་ཚོགས་འཕྲོས་པར་བསྒོམ། དེ་དག་གིས་སྐད་ཅིག་མ་གཅིག་ལ་སྣང་སྲིད་ལྷ་འདྲེའི་དཔུང་དཔག་ཏུ་མེད་པ་དང་། ས་དེར་གནས་པའི་ལྷ་འདྲེ་གདོན་བགེགས་བདུད་ཀྱི་རིགས་ཀུན་རང་དབང་མེད་པར་བཀུག་ནས་གན་རྐྱལ་དུ་ཉལ་བའི་མགོ་དང་རྐང་ལག་ལ་ཕུར་པ་འདེབས་པ་ལ།