དཀར་ཆག
སྙན་མགུར

དགའ་སྐྱོ་ཟུང་མའི་གཏམ་ཐུང་།

འཛམ་གླིང་ས་ཡི་ཡང་རྩེ་གངས་ལྗོངས་སུ།།
ལུས་ཀྱི་ལྟེ་ཁྲག་དམར་པོ་དོར་ན་ཡང་།།
ལས་རླུང་དྲག་པོས་རྒྱང་རིང་ལ་དེད་ནས།།
གཞན་གྱི་ཡུལ་དུ་མི་ཚེ་བསྐྱལ་དགོས་བྱུང་།།

གྲངས་མང་རྩ་རྩེའི་ཟིལ་བ་ཡལ་བ་བཞིན།།
སྙིང་ནས་བརྩེ་བའི་གཉེན་ཉེ་གྲོགས་པོ་རྣམས།།
གཅིག་རྗེས་གཉིས་མཐུད་ཕྱི་མར་འགྲོ་བའི་ཚུལ།།
མཐོང་བས་ཚེ་འདི་རྨི་ལམ་ལྟ་བུར་སྣང་།།

རྙེད་དཀའི་དལ་འབྱོར་མི་ལུས་ལྡན་བཞིན་དུ།།
དོན་མེད་བྱ་བའི་ཀློང་དུ་མགོ་འཁོར་མཐར།།
མི་ཚེ་ཕྱེད་ཀ་རྫོགས་པ་འདི་མཐོང་ཚེ།།
རང་མགོ་རང་གིས་གཡོགས་པ་ད་གཟོད་ཤེས།།

ཕྱི་ནང་རིག་གཞུང་མཆིང་བུའི་བང་མཛོད་ལ།།
མི་ལོ་མང་བོར་སྦྱང་བརྩོན་བྱས་དྲགས་པས།།
ནོར་གྱི་སྙིང་བོ་ཆོས་སྐུའི་དགོངས་པ་ཉིད།།
ཡུན་རིང་སྣང་མེད་བཏང་བ་གྱོང་རེ་ཆེ།།

རང་ལོ་ལྔ་བཅུའི་ནང་དུ་སླེབས་པ་ན།།
མི་ཚེའི་ནང་དུ་ཅི་བྱས་དཔྱད་སྐབས་སུ།།
ཆོས་དང་འཇིག་རྟེན་བྱ་གཞག་རླབས་པོ་ཆེ།།
གཅིག་ཀྱང་བསྒྲུབས་མ་ནུས་པར་བློ་ཡིད་ཕམ།།

ལུས་གྱི་གོན་པ་ལྟོ་བར་མཁོ་བའི་ཟས།།
དྲོན་པོའི་སྡོད་གནས་ཡིད་མཐུན་གྲོགས་བཟང་རྣམས།།
ཐམས་ཅད་བདག་ལ་འཛོམས་པའི་སྐལ་བ་ནི།།
ལས་སྨོན་རྣམ་པར་དག་པའི་འབྲས་བུར་སྙམ།།

བྱིས་པས་བརྩིགས་པའི་བྱེ་མའི་མཁར་འདྲ་བའི།།
བདག་ཏུ་བཟུང་བའི་ཟང་ཟིང་ཅུང་མཆིས་པ།།
རྟག་པ་མེད་པའི་རང་བཞིན་ལ་འཇིགས་ནས།།
རང་སེམས་དལ་དུ་མེད་པ་རྒོད་རེ་བྲོ།།

ཤར་དང་ནུབ་ཀྱི་ཡུལ་ཁམས་གྲངས་མང་བོར།།
ཡུན་རིང་འགྲུལ་བས་ཟས་རིགས་སྣ་ཚོགས་དང་།།
འདྲ་མིན་ལྟད་མོར་རོལ་བས་ཐང་ཆད་པས།།
ད་ནི་རི་བོའི་སུལ་དུ་ཡིབ་འདོད་འཆར།།

ལོ་གཞོན་དུས་སུ་འཇིག་རྟེན་དཔལ་ཡོན་ལ།།
ཤིན་ཏུ་སྲེད་པས་ནང་དུ་རབ་གཟིར་བས།།
རེ་དོགས་སེམས་ཀྱི་འདམ་དུ་ལྷུང་བ་ང་།།
དེང་སང་གུ་ཡངས་བློ་བདེར་འཚོ་ལ་རེངས།།

ཁ་སང་ངེས་འབྱུང་སྤུ་ཙམ་སྐྱེས་པའི་དུས།།
ཐམས་ཅད་བློས་གཏོང་ནུས་པའི་ཉམས་ཤར་རུང་།།
དེ་རིང་མི་རྟག་འཆི་བ་མ་དྲན་ནས།།
བྱ་བ་བརྒྱ་ཕྲག་རྩོམ་པའི་རྣམ་རྟོག་ལྡང་།།

སྙན་གྲགས་སྐམ་པོ་ཆེད་དུ་མ་གཉེར་བར།།
རང་གིས་འབད་པས་བརྩམས་པའི་གཞུང་ལུགས་དག།
སྐྱེ་བོ་འགའ་ལ་ཕན་པའི་རྒྱུར་མཐོང་བས།།
ས་སྟེང་འདི་ན་ལག་རྗེས་ཆུང་ངུ་བཞག།

གཞན་ལ་གནོད་པའི་བསམ་པ་མ་འཆང་བར།།
རྟག་ཏུ་ཕན་པ་ཅི་ནུས་བསྒྲུབས་ཡོད་པས།།
ནམ་ཞིག་མལ་སར་འཆི་བའི་དུས་བྱུང་ཚེ།།
འགྱོད་མེད་སྤྲོ་ལྷོད་ངང་དུ་ཆས་འགྲོ་ངེས།།

གཏི་མུག་བཙོན་ཁང་འདྲ་བའི་མི་ཡུལ་འདིར།།
ཕལ་མོ་ཆེ་དག་གཞན་རྗེས་འབྲང་བ་ལས།།
བདེན་རྫུན་དབྱེ་བ་འབྱེད་ལ་མི་མཁས་པས།
དྲང་གཏམ་སྨྲ་ས་དཀོན་པར་ཡིད་སྐྱོ་བྱུང་།།

རྟེན་འབྲེལ་ཕུན་སུམ་ཚོགས་པའི་འབྲས་བུ་རུ།།
གཞུང་དྲང་ཁོག་བཟང་བློ་གྲོས་ལྡན་པ་ཡི།།
ཡ་རབས་ཆོས་ཀྱི་གྲོགས་པོས་བསྐོར་བ་བདག།
དེ་འདྲ་བསམ་གྱིན་སྙིང་ཁུང་གཏིང་ནས་སྤྲོ།།

སྐད་རིགས་ཆ་ལུགས་མི་མཐུན་གཞན་ཡུལ་ན།།
གཞོན་ནུའི་ལང་ཚོ་རིམ་གྱིས་འགྲིབ་བཞིན་དུ།།
ལུས་ཀྱི་ཟུངས་ཉམས་མགོ་བོའི་སྐྲ་དཀར་ཚེ།།
རང་ཡུལ་དྲན་པའི་མིག་ཆུ་ཇེ་མང་ཐལ།།

འཛམ་གླིང་ཡངས་པའི་ཐ་གྲུ་མང་བོའི་ཁྲོད།།
བསོད་ནམས་འབུམ་ལྡན་ཆོས་ཀྱི་རྒྱལ་ཁམས་ཆེ།།
བྷོ་ཊའི་ལྗོངས་ཞེས་གྲགས་པའི་ཞིང་ཁམས་སུ།།
མི་ལུས་བླངས་པ་ཡ་མཚན་ཆེ་འདུག་སྙམ།།

བདག་ལ་བཅོས་མིན་བྱམས་དང་བརྩེ་བའི་སྒོས།།
གོས་ཀྱི་རྩེ་དང་ཟས་ཀྱི་ཕུད་གནང་ནས།།
དཀའ་བ་འབུམ་གྱིས་གཅེས་པར་བསྐྱངས་མཁན་ཚོར།།
དྲིན་ལན་མཇལ་ཡོད་སྙམ་པའི་གདེངས་ཤིག་ཡོད།།

ཐེག་པའི་ཡང་རྩེ་འོད་གསལ་རྫོགས་པ་ཆེ།།
རི་རབ་བཞིན་དུ་དཔང་མཐོ་རྒྱ་ཆེ་བ།།
ཀུན་མཁྱེན་བླ་མའི་གཞུང་གི་བཀའ་དྲིན་ལས།།
ཟུར་ཙམ་མཐོང་བས་ཚེ་འདི་དོན་ལྡན་གྱུར།།

སྐབས་རེར་ཚེ་འདིར་དགོས་པའི་གྲགས་པ་དང་།།
སྟོབས་དང་ལོངས་སྤྱོད་ཅི་ཡང་མ་འཛོམས་པར།།
གྲང་རླུང་འགོག་པའི་སྤྱིལ་བུ་ཧྲུལ་བོའི་ནང་།།
ཇ་རྩམ་བྱུང་ན་དེ་ཡིས་ཆོག་སྙམ་སྐྱེས།།

ས་ཆེན་གཤེགས་པའི་སྐྱེས་བུ་དུ་མ་ཡི།།
ཞལ་མཇལ་གསུང་ཐོས་སྐལ་བ་ཐོབ་པའི་མཐུས།།
ཚེ་འདིར་བཟང་ངན་རྐྱེན་སྣང་ཅི་ཤར་ཡང་།།
མི་བསླུའི་སྐྱབས་ཤིག་སེམས་ཀྱི་གཏིང་ནས་རྙེད།།

གློ་བུར་རྐྱེན་ངན་བར་ཆད་འཕྲད་པའི་ཚེ།།
སྡར་མ་བཞིན་དུ་རྒྱང་བྲོས་མི་བྱེད་པར།།
ཆོས་ཉིད་ལྟ་བས་ཐོག་བརྫི་བྱེད་པ་ཡི།།
ཟབ་མོའི་གདམས་ངག་རྙེད་པས་སྐྱིད་པ་ལ།།

རང་སེམས་དྭངས་གསལ་རྒྱ་མཚོ་ཆེན་པོའི་ངོགས།།
སྣ་ཚོགས་རྣམ་རྟོག་རླབས་ཕྲེང་འགྱུ་བ་ལས།།
སྐབས་འགར་དགའ་འམ་སྐྱོ་བ་མྱོང་བ་དག།
ཤར་མར་ཡི་གེའི་གཟུགས་སུ་བཀོད་པ་ལགས།།

ཞེས་ས་མཐར་འཁྱམས་པའི་ལྡོམ་བུ་པ་ཨ་གནམ་ཐུབ་བསྟན་དུ་འབོད་པས། རང་གི་མི་ཚེའི་ནང་དུ་དགའ་སྡུག་ཟུང་གི་ཚོར་སྣང་བྱུང་བ་རྣམས་ཤོ་ལོར་ཀར་བསྟར་བའོ།།