མཐའ་བྲལ་ཆོས་དབྱིངས་ཁྱབ་བརྡལ་ནམ་མཁའ་ཡི་ཀློང་ལས།།
ངེས་པ་ལྔ་ལྡན་དགའ་བའི་སྟོན་མོ་ལ་རོལ་བཞིན།།
སྣ་ཚོགས་ཅིར་ཡང་རོལ་བ་འགྲོ་འདུལ་གྱི་དབང་ཕྱུག །
སྐུ་གསུམ་ཀུན་འདུས་འཇིགས་མེད་གླིང་པ་ཉིད་མཁྱེན་ནོ།།
མཚོ་སྐྱེས་རྒྱལ་བའི་བྱིན་རླབས་བདུད་རྩི་ཡིས་མྱོས་པའི།།
ལས་ཅན་སྐལ་བ་བཟང་པོའི་དགའ་སྟོན་གྱི་བྲོ་རར།།
རང་བྱུང་རྡོ་རྗེའི་གསང་གསུམ་ཆད་མེད་དུ་བཞད་ཚེ།།
དུས་ལས་མི་གཡོལ་ཕྲིན་ལས་ཕྱོགས་ཀུན་ཏུ་བརྡལ་སོང་།།
སྐྱེ་འགག་ཡོངས་བྲལ་ཀ་དག་གདོད་མ་ཡི་ཚལ་དུ།།
རྩོལ་བ་ཀུན་ཞིག་དོན་གྱི་ངལ་གསོ་ལ་རོལ་བཞིན།།
སྲིད་འདིར་སླར་ཡང་སྤྲུལ་བའི་ཟློས་གར་དེ་ངོམས་ནས།།
ཕྲིན་ལས་འོད་ཀྱིས་ཞགས་པས་ས་སྟེང་འདི་བཏབ་སོང་།།
འཛམ་གླིང་ས་ཡི་ཡང་རྩེ་གངས་ཅན་གྱི་ཡུལ་ན།།
ཆོས་སྲིད་བྱེ་བའི་གཏེར་མཛོད་དབུས་གཙང་གི་ཞིང་དུ།།
མཚལ་མདོག་ལྟེ་བའི་བདུད་རྩི་དམར་པོ་དེ་བྲན་པས།།
འུ་ཅག་ཁ་བ་རི་པ་བསོད་ནམས་རེ་ཆེ་སོང་།།
རྒྱལ་དང་རྒྱལ་སྲས་ཆེན་པོའི་རྣམ་ཐར་ལ་བསྙེགས་ནས།།
ལོ་ན་ཆུང་ཡང་ངེས་འབྱུང་དད་པ་ཡི་ནོར་ལ།།
ངོམས་པ་མེད་པར་རོལ་བའི་བག་ཆགས་དེ་སད་ཚེ།།
ཁྱོད་བློ་རྣམ་གྲོལ་ཕྱོགས་ལ་ཤོར་ཚུལ་འདི་རྨད་དོ།།
གཞོན་ནུའི་དུས་ནས་འདི་སྣང་སྒྱུ་མ་ལྟར་གཟིགས་ཤིང་།།
ཟང་ཟིང་སྲེད་པའི་ཞགས་པ་རྒྱང་རིང་དུ་དོར་ཏེ།།
ཆོས་བརྒྱད་མཐུན་མཇུག་བྱིས་པའི་རྩེད་མོ་ལས་གྲོལ་བ།།
མང་པོའི་གསེབ་ན་མི་ཡི་ཁྱུ་མཆོག་བཞིན་འཕགས་སོང་།།
ལྷན་སྐྱེས་ཤེས་རབ་རྣོན་པོའི་མེ་དཔུང་གི་རྦ་རླབས།།
སྦྱངས་སྟོབས་ཡོན་ཏན་རླུང་གི་གཡབ་མོ་ཡིས་བསྐྱོད་དེ།།
མཐའ་ཡས་མདོ་སྔགས་གཞུང་ཀུན་ཐོགས་མེད་དུ་གཟིགས་པ།།
ཤེས་བྱའི་ནམ་མཁར་མཁྱེན་པའི་གར་སྟབས་ཤིག་བསྒྱུར་སོང་།།
རིགས་དང་ཆོ་ལོའི་གཡོ་སྒྱུའི་འབག་ཆས་དེ་དོར་ཡང་།།
བཅོས་མིན་ཉམས་རྟོགས་རྣལ་མའི་ལོངས་སྤྱོད་ལ་དགྱེས་ཤིང་།།
མཁས་དང་གྲུབ་པའི་ཡོན་ཏན་རྒྱ་མཚོ་ཡིས་ཕྱུག་པས།།
ཞབས་ཀྱི་རེ་ཁ་དམ་པའི་ཟུར་ཕུད་ལ་བྲིས་སོ།།
རིན་ཆེན་བྱང་ཆུབ་སེམས་ཀྱི་དུང་ཟླ་ཡི་འཛུམ་མདངས།།
བྱམས་དང་སྙིང་རྗེའི་འོད་དཀར་ལྷན་ནེ་རུ་འཕྲོ་བཞིན།།
རིས་སུ་མ་ཆད་འགྲོ་བློའི་ཀུན་ད་ལ་རེག་པས།།
གྲུ་འཛིན་བདག་པོ་མི་ཡི་རྣམ་པ་རུ་ཤར་འདུག།
རྣམ་མང་མདོ་སྔགས་གཙུག་ལག་མཐའ་དག་གི་དགོངས་དོན།།
ཐོས་བསམ་སྒོམ་པའི་ལམ་ནས་རང་རྒྱུད་ལ་འབྱོངས་ནས།།
རྒྱལ་བའི་ཆོས་ཚུལ་གཟིགས་པའི་མཁྱེན་སྤྱན་དེ་ཡངས་པ།།
འཇམ་དཔལ་གཞོན་ནུའི་བྱིན་རླབས་ཐུགས་གསང་དུ་བཞད་དོ།།
མི་བཟད་གཉུག་མའི་ཡེ་ཤེས་དགྲ་འདུལ་གྱི་མཚོན་རྣོན།།
ནག་ཕྱོགས་བདུད་བཞིའི་དཔུང་གི་ཙིརྟ་ལ་བསྣུན་པས།།
སྣང་སྲིད་དབང་དུ་སྡུད་པའི་དངོས་གྲུབ་ཀྱི་དབང་ཕྱུག།
རབ་འཇིགས་གསང་བའི་བདག་པོ་མངོན་སུམ་དུ་ཕེབས་སྙམ།།
བཟང་ངན་གཉིས་འཛིན་སྤྲིན་གྱི་ཡོལ་བ་ལས་གྲོལ་བའི།།
སྤྲོས་བྲལ་ལྟ་བའི་ནམ་མཁའ་ཡངས་པ་རུ་གཤེགས་ཀྱང་།།
རྒྱུ་འབྲས་སྤང་བླང་ཞིབ་པའི་བརྟུལ་ཞུགས་ལ་གཞོལ་མཁན།།
མཚན་ལྡན་དོན་གྱི་བླ་མ་ཁྱོད་འདྲ་ནི་དཀོན་འདུག།
སྔོན་གྱི་དམ་པ་དག་གི་གཤེགས་ཤུལ་ལ་བསྙེགས་ནས།།
སྲིད་པའི་འབྱོར་བ་ཆུ་ཡི་ལྦུ་བ་ལྟར་གཟིགས་ཤིང་།།
ལྷོད་མེད་རྟག་གུས་སྦྱོར་བས་གཙུག་ལག་ཀུན་སྦྱངས་ཏེ།།
སྙིང་བོའི་སྒྲུབ་ལ་གཞོལ་བའི་རྣམ་ཐར་འདི་མཛེས་པ།།
ཆོས་ཉིད་འགྱུར་བ་མེད་པའི་བཙན་རྫོང་ལ་བཞུགས་ནས།།
བདེན་མེད་སྒྱུ་མའི་ཆོ་འཕྲུལ་དགའ་སྡུག་གི་ཡོ་ལངས།།
སྣང་བ་ཐམས་ཅད་རོ་མཉམ་ཕྱག་རྒྱ་ཡིས་བཏབས་པས།།
འཇིགས་མེད་དཔའ་བོའི་མཚན་གྱི་བ་དན་དེ་མཐོ་སོང་།།
རྒྱལ་བའི་དབང་པོ་དྲི་མེད་འོད་ཟེར་གྱི་གཟི་བྱིན།།
གང་གི་སྙིང་དབུས་པད་མོར་ལན་མང་དུ་ཕོག་པས།།
རྣམ་རྟོག་ཀུན་ཞིག་གཉུག་མ་འོད་གསལ་གྱི་དགའ་བ།།
ཉིན་མཚན་རྒྱུན་གྱི་འཁོར་ལོར་དགྱེས་པ་དེ་མཚར་རོ།།
བརྒྱུད་གསུམ་རྒྱལ་བ་གོང་མའི་ཐུགས་དཀྱིལ་ལས་བཞད་ཅིང་།།
མ་དང་མཁའ་འགྲོ་སྲུང་མ་སྙིང་བཞིན་དུ་དགྱེས་པ།།
ཟབ་རྒྱས་གསང་ཆེན་ཐེག་པའི་འཛད་མེད་ཀྱི་བང་བ།།
བདག་གིར་བྱས་པའི་རྣམ་ཐར་ཕྱོགས་ཀུན་ཏུ་མཛེས་བྱུང་།།
རང་བཞིན་ཀ་ནས་དག་པའི་གནས་ལུགས་ཀྱི་གཤིས་ལ།།
ཡོད་མེད་རྣམ་གཞག་ཞིག་པའི་ཆོས་ཉིད་ཀྱི་སྡོད་ལུགས།།
ལྟ་བ་གྲོང་ཁྱེར་རྒྱུན་གཅོད་སེང་གེ་ཡི་ང་རོ།།
སྐལ་ལྡན་སྙན་ལ་སྒྲོགས་པའི་དཔའ་གདེངས་དེ་ཆེ་བ།།
རྣམ་རྟོག་གང་ཤར་ཆོས་སྐུ་འོད་གསལ་གྱི་རང་མདངས།།
མ་འགག་རིག་པའི་རོལ་རྩལ་སྣ་ཚོགས་ཀྱི་ཡོ་ལངས།།
དགག་སྒྲུབ་མེད་པར་མ་བཅོས་སེམས་ཉིད་དུ་བཞུགས་པ།།
རང་བབས་བསམ་གཏན་རྒྱལ་པོ་མྱོང་བ་ལ་མཁས་པ།།
གང་ལ་མི་ཞེན་སྤང་དང་བླང་བྱ་ཀུན་ཞིག་ཏེ།།
སྣང་བ་ཐམས་ཅད་ཆོས་སྐུའི་རོལ་བ་རུ་མཁྱེན་ནས།།
ཚོགས་དྲུག་སྒྱུ་མའི་ལྟད་མོ་འགོག་མེད་དུ་བཀྲ་བ།།
རང་སར་གྲོལ་བའི་བླ་མེད་སྤྱོད་པ་ལ་དཔའ་བ།།
རྒྱུ་ཡིས་མ་བསྐྱེད་གདོད་མ་ལྷན་སྐྱེས་ཀྱི་ཡེ་ཤེས།།
མ་འགག་རིག་སྟོང་འཇམ་དཔལ་གཞོན་ནུ་ཡི་དཀྱིལ་འཁོར།།
རིག་རྩལ་ཆོས་རབ་རྣམ་འབྱེད་ཤེས་རབ་དེ་འབར་ཚེ།།
མཁྱེན་བརྩེའི་འོད་ཟེར་འབུམ་ཕྲག་ཕྱོགས་ཀུན་དུ་བརྡལ་སོང་།།
རྒྱ་ཆེ་ཟབ་བརླིང་བརྗོད་བྱའི་མུ་ཏིག་གི་ཕྲེང་བ།།
སྐྱོན་བྲལ་སྙན་འཇེབས་ཚིག་གི་སྲད་བུ་ལ་བརྒྱུས་ཏེ།།
གཟུར་གནས་དྲན་དབང་འབུམ་གྱི་གཟིགས་མོ་རུ་བཀོད་པས།།
གྲགས་པའི་བ་དན་དཀར་པོ་དགུང་སྔོན་དུ་བསྐྱོད་ཐལ།།
དབྱིངས་དང་ཡེ་ཤེས་ཟུང་འཇུག་རིག་སྟོང་གི་སྦུབས་ནས།།
ཆོས་སྐུའི་མཁྱེན་ཆ་དགོངས་གཏེར་འཛད་མེད་དུ་བརྡོལ་བ།།
བླ་མེད་གསང་ཆེན་ཐེག་པའི་ལམ་བཟང་གི་བང་མཛོད།།
ཚེ་གཅིག་འོད་སྐུར་བགྲོད་པའི་རིང་ལུགས་ཤིག་གནང་བྱུང་།།
རང་བྱུང་འདུས་མ་བྱས་པའི་ཆོས་དབྱིངས་ཀྱི་ཞིང་དུ།།
འཕོ་འགྱུར་མེད་པར་གདོད་མའི་བཙན་ས་རུ་བཞུགས་ནས།།
ཐུགས་རྗེའི་སྒྱུ་འཕྲུལ་རོལ་བ་ཅིར་ཡང་དུ་སྤྲོས་པས།།
ང་ཚོ་གདུལ་བྱ་རྣམས་ནི་སྐལ་བ་རེ་བཟང་སྙམ།།
གངས་ཅན་ཞིང་ན་དཔལ་དང་སྟོབས་འབྱོར་གྱིས་དྲེགས་ཤིང་།།
ཀུན་གྱིས་མངོན་པར་བཏུད་པའི་སྐྱེ་བོ་ཡི་ཚོགས་རྣམས།།
གང་གི་རྨད་བྱུང་འཕགས་པའི་ཡོན་ཏན་ལ་རངས་ནས།།
ཞབས་རྡུལ་སྤྱི་བོར་བཏེགས་པའི་ལོ་རྒྱུས་དེ་སྙན་ཨང་།།
སྔར་བྱོན་མཁས་གྲུབ་ནམ་མཁའི་རྒྱུ་སྐར་གྱི་ཁྲོད་ན།།
བཀྲག་ལྡན་རབ་གསལ་ཟླ་བ་དཀར་བོ་བཞིན་བརྗིད་པ།།
རིག་འཛིན་བྱེ་བའི་རྗེ་བོ་འགྲོ་སྒྲོལ་གྱི་མགོན་པོ།།
དུས་གསུམ་ཀུན་ཏུ་བདག་གི་སྙིང་དབུས་སུ་བཞུགས་གསོལ།།
ཞེས་ཀུན་མཁྱེན་བླ་མའི་དགོངས་སྤྱོད་ལ་སྙིང་ནས་གུས་ཤིང་། གང་གི་དགོངས་གཏེར་ཟབ་མོའི་བྱིན་རླབས་ཀྱི་འོད་ཟེར་གྱིས་སྙིང་གི་པད་མོར་རེག་པའི་སྐལ་བ་ཅན་ཨ་གནམ་ཐུབ་བསྟན་གྱིས་སྤེལ།།