དཀར་ཆག
སྣ་ཚོགས

གཙང་གྲུབ་གསུམ་པ་མཆོག་སྤྲུལ་འཇིགས་མེད་གཡུ་འབྲུག་རིན་པོ་ཆེའི་ཞབས་བརྟན་བདུད་རྩིའི་མཆོད་སྤྲིན་བཞུགས།

བཅོམ་ལྡན་རྒྱལ་བ་འཆི་མེད་ཚེ་ཡི་ལྷ།།
འཇིགས་ཀུན་ལས་སྒྲོལ་ཡིད་བཞིན་འཁོར་ལོ་དང་།།
སྣང་སྲིད་ཟིལ་གནོན་དཔའ་བོ་ཆེན་པོ་སོགས།།
དེང་འདིར་སྨོན་ལམ་འགྲུབ་པའི་དཔང་པོར་གཤེགས།།

འཕགས་ཡུལ་རིག་པ་འཛིན་པ་ཡོངས་ཀྱི་གཙོ། །
འཁོར་ལོའི་དབང་ཕྱུག་ས་ར་ཧ་པ་མཆོག།
གངས་ཅན་ལྗོངས་སུ་མི་ཡི་ཚུལ་བཟུང་བ།།
གྲུབ་པའི་ཁྱུ་མཆོག་བྱམས་པ་ཆོས་འཛིན་རྒྱལ།།

གང་དེའི་གསང་གསུམ་འབྱམས་ཀླས་དཀྱིལ་འཁོར་ལས།།
ངོ་མཚར་སྤྲུལ་པའི་རོལ་གར་ཤར་བ་གང་།།
མཚུངས་བྲལ་བསྟན་དང་འགྲོ་བའི་དཔུང་གཉེན་ཆེ།།
འཇིགས་མེད་གཡུ་འབྲུག་ཞིང་འདིར་བྱོན་པ་རྨད།།

རྒྱལ་ཀུན་ཕྲིན་ལས་དུས་ལས་མི་གཡོལ་བས།།
སྙིགས་མའི་མུན་ནག་འཁྲིགས་པའི་འཇིག་རྟེན་འདིར།།
དེང་འདིར་ཁྱོད་ཞལ་ཟླ་བ་བཞད་པའི་ཚེ།།
དཀར་ཕྱོགས་རྣམ་པའི་རྒྱལ་བའི་དགའ་སྟོན་བཀྲ།

སྔོན་གྱི་རྒྱལ་བའི་སྲས་པོའི་རྣམ་ཐར་བཞིན།།
ཐུགས་བསྐྱེད་བླ་ན་མེད་པའི་གོ་ཆ་ཡིས།།
དཔག་ཡས་འགྲོ་ལ་ཐར་པ་སྦྱིན་མཁས་པ།།
མཚུངས་བྲལ་སེམས་དཔའ་ཆེན་པོར་ཞབས་བརྟན་གསོལ།།

གསང་ཆེན་བླ་ན་མེད་པའི་གཞུང་བཟང་པོ།།
རྨད་བྱུང་རིམ་གཉིས་ཆོས་ཀྱི་བང་མཛོད་དག།
བདག་གིར་མཛད་པའི་རྡོ་རྗེ་འཛིན་པ་སྟེ།།
དོན་གྱི་རྣལ་འབྱོར་ཆེན་པོར་ཞབས་བརྟན་གསོལ།།

གདོད་མའི་མགོན་པོའི་ཐུགས་ཀྱི་ཉིང་ཁུ་ཉིད།།
ཐེག་དགུའི་ཡང་རྩེ་འོད་གསལ་རྫོགས་པ་ཆེའི།།
ལྟ་དགོངས་མ་ནོར་མངོན་དུ་མཛད་མཁས་པ།།
ཟླ་མེད་རིག་འཛིན་ཆེན་པོར་ཞབས་བརྟན་གསོལ།།

ཁ་བའི་ལྗོངས་སུ་སྙན་པ་རབ་ལྡིར་བའི།།
རིས་སུ་མ་ཆད་གྲུབ་མཐའ་འཛིན་རྣམས་ཁྲོད།།
གྲགས་པའི་བ་དན་མཁའ་རུ་བསྐྱོད་བཞིན་དུ།།
མཁྱེན་བརྩེའི་བདག་ཉིད་ཆེན་པོར་ཞབས་བརྟན་གསོལ།།

སྣང་སེམས་གཉིས་མེད་དགོངས་པ་མངོན་གྱུར་པས།།
ཡ་མཚན་གྲུབ་པའི་རྟགས་ཀྱི་འཁོར་ལོ་ཡིས།།
གཞན་སྣང་དབང་དུ་སྡུད་པའི་མཐུ་སྟོབས་ཅན།།
འཁྲུལ་ཞིག་དཔའ་བོ་ཆེན་པོར་ཞབས་བརྟན་གསོལ།།

ཕྱི་ཡི་འབྱུང་ཁམས་སྒྱུ་མའི་རྩེད་མོར་བསྒྱུར།།
ནང་གི་རྩ་རླུང་དག་པའི་རོལ་བར་འཆར།།
གསང་བ་སེམས་ཉིད་ཆོས་སྐུ་ཉག་གཅིག་གཟིགས།།
གྲུབ་པའི་རྒྱལ་པོ་ཆེན་པོར་ཞབས་བརྟན་གསོལ།།

སྐྱེ་རྒུའི་ཐར་བའི་སྲོག་རྩ་ལ་རྒོལ་བའི།།
ནག་ཕྱོགས་བདུད་ཀྱི་སྡེ་དཔུང་མཆིས་སོ་ཅོག།
མངོན་སྤྱོད་དྲག་པོས་ལྷག་མེད་བྱེད་མཛད་པ།།
བདུད་འདུལ་ཁྲོ་བོ་ཆེན་པོར་ཞབས་བརྟན་གསོལ།།

རང་གནས་བདེ་བར་གཤེགས་པའི་སྙིང་པོ་ལ།།
ལས་སྨོན་རྣམ་པར་དག་པའི་རྐྱེན་བཏབས་པའི།
སྐལ་བ་ལྡན་དག་སྨིན་ཅིང་གྲོལ་མཛད་པ།།
འགྲོ་བའི་དེད་དཔོན་ཆེན་པོར་ཞབས་བརྟན་གསོལ།།

མཚན་དཔེའི་ཕུང་པོ་ངོམས་པས་དད་པ་སྐྲུན།།
གསུང་མཆོག་རྡོ་རྗེའི་སྒྲ་ཡིས་འགྲོ་ཡིད་འགུག།
ཐུགས་རྒྱུད་རྟོགས་པས་གཞན་སེམས་བྱིན་གྱིས་བརླབས།།
མཚུངས་མེད་འཕགས་པ་ཆེན་པོར་ཞབས་བརྟན་གསོལ།།

གང་སྐུ་ཉེར་འཚེའི་ཡོལ་བས་མི་སྒྲིབ་པར།།
རྟག་བརྟན་འགྱུར་བ་མེད་པའི་ལང་ཚོ་བཅས།།
སྣ་ཚོགས་ཐབས་བརྒྱས་འགྲོ་མང་འདུལ་བཞིན་དུ།།
སྲིད་འདིར་དབུ་འཕང་རབ་ཏུ་མཐོ་བར་ཤོག།

ཆོས་ཉིད་སྤྲོས་པ་བྲལ་བའི་རང་བཞིན་དང་།།
ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་མཐུས།།
ཇི་ལྟར་སྨོན་པ་གེགས་མེད་འགྲུབ་གྱུར་ནས།།
དགེ་བའི་སྣང་བ་ཕྱོགས་ཀུན་ཁྱབ་པར་སྨོན།།

ཞེས་བོད་གངས་ཅན་གྱི་གྲུབ་ཐོབ་ཆེན་པོ་བྱམས་པ་ཆོས་འཛིན་དང་། གྲུབ་དབང་གཡུ་བྷའི་ཡང་སྲིད་མ་ནོར་བ་མཆོག་སྤྲུལ་འཇིགས་མེད་གཡུ་འབྲུག་གི་ཞབས་པད་བརྟན་ཞིང་། མཛད་འཕྲིན་གོང་ནས་གོང་དུ་རྒྱས་སླད་དུ། ཡང་སྲིད་མཆོག་གི་མ་ཡུམ་རྣལ་འབྱོར་མ་ཆེན་མོ་དྲིལ་བུ་སྒྲོལ་མ་སོགས་ཀྱིས་སྐུལ་ངོར་བདག་ཨ་གནམ་ཐུབ་བསྟན་དུ་འབོད་པས། ཨ་མེ་རི་ཀའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་སན་ཧྥི་རན་སི་སུ་ཁོ་ཞེས་པའི་ཉེ་འདབས་སུ་སྦྱར་བའོ།།