ཞོགས་པའི་ཉི་འོད་དྲོན་མོ་ས་གཞི་ལ་ཕོག་ཚེ།།
མདང་དགོང་དལ་བུར་ཆགས་པའི་རྩ་རྩེ་ཡི་ཟིལ་ཐིགས།།
ཡིད་དུ་འོང་བའི་བཀྲག་ལྡན་མུ་ཏིག་དང་འདྲ་བ།།
ཡུན་རིང་མི་གནས་ཡལ་བའི་ངང་ཚུལ་འདི་སྐྱོ་བྱུང་།།
སྐྱེ་རྒུའི་ཡིད་དབང་འཕྲོག་པའི་ནམ་མཁའ་ཡི་ལྷ་མོས།།
རྫུ་འཕྲུལ་པིར་གྱིས་བྲིས་པའི་བར་སྣང་གི་འཇའ་ཚོན།།
འགྲོ་བ་མི་རྣམས་དགྱེས་པའི་ལྟད་མོ་རུ་ལེགས་ཀྱང་།།
སྐད་ཅིག་ཙམ་ལ་རྗེས་ཤུལ་མེད་པ་རུ་གྱུར་སོང་།།
འཛམ་གླིང་རྩེ་མོ་མ་ཡུམ་གངས་ཅན་གྱི་ལྗོངས་སུ།།
མཐའ་ཡས་སྤང་ཐང་ས་ཡི་གྲུམ་ཙེ་ཡི་སྟེང་དུ།།
དབྱར་གསུམ་བཞད་པའི་སྣ་ཚོགས་མེ་ཏོག་གི་ལོ་མ།།
རིམ་གྱིས་བཀྲག་མདངས་ཉམས་ནས་སྐམ་རྒུད་དུ་འཐོར་བྱུང་།།
སྐྱེ་སྔོན་ལས་དང་སྨོན་ལམ་བཟང་བོ་ཡིས་འབྲེལ་ཞིང་།།
སྔོན་ཚེ་མཉམ་པོར་ཆོས་ཀྱི་དགའ་སྟོན་ལ་རོལ་མཁན།།
དཀྱིལ་འཁོར་གཅིག་ཏུ་འགྲོགས་པའི་རྡོ་རྗེ་ཡི་མཆེད་ལྕམ།།
ཐག་རིང་ཡུལ་ལ་བཞུགས་པ་མཇལ་འདོད་ཅིག་ཆེའོ།།
གོས་ཀྱི་རྩེས་གཡོགས་ཟས་ཀྱི་དྭངས་མ་ཡིས་བསྐྱངས་ཤིང་།།
རང་ལས་གཅེས་པར་གཉོར་བའི་དྲིན་ལྡན་གྱི་ཕ་མ།།
འཇིག་རྟེན་གཞན་དུ་གཤེགས་པའི་དྲན་གདུང་གི་ཚོར་བ།།
ལོ་དང་ཟླ་བའི་ཕྲེང་བར་སེམས་ནང་དུ་ཉལ་འདུག།
ལི་ཁྲིའི་མདངས་ལས་མཛེས་པའི་ཉི་ནུབ་ཀྱི་འོད་ཟེར།།
ཡངས་ཤིང་ཟབ་པའི་མཐའ་ཡི་རྒྱ་མཚོ་ཡི་ངོགས་སུ།།
དལ་བུར་བབས་པས་ཡིད་སེམས་སྤྲོ་འཇམ་དུ་གནས་ཚེ།།
གློ་བུར་ཡལ་བ་འདི་ཡང་རང་བྱུང་གི་ཆོས་ཉིད།།
ལྷན་སྐྱེས་བརྩེ་བའི་མདུད་རྒྱ་རྡོ་རྗེ་ཡི་ཞགས་པས།།
མཉམ་དུ་བཅིངས་པས་འབྲལ་མེེད་གྲིབ་བཞིན་དུ་འགྲོག་ཅིང་།།
ཁ་ཏོག་མཛེས་པའི་སྒྲོ་རྩལ་ཕྱོགས་ཀུན་ཏུ་ངོམས་མཁན།།
ངང་སེར་ཟླ་གྲོགས་འཆམ་ཡང་འཆི་བ་ལས་མ་ཐར།།
དུས་བཟང་སྟོན་གྱི་གཡའ་བྲལ་ནམ་མཁའ་ཡི་དབྱིངས་སུ།།
དུང་གི་ཟླ་བ་ཉ་གང་ཀུན་དགའ་ཡི་བཞིན་རས།།
མུན་ནག་མཐའ་རུ་བསྐྲད་པས་གཟི་མདངས་དེ་མཚར་ཀྱང་།།
ཉིན་རེ་བཞིན་དུ་འགྲིབ་པ་སྤྱི་མཐུན་གྱི་ལས་ཡིན།།
མཁའ་དབྱིངས་བརྗིད་ཆགས་ལྷ་ཡི་དགའ་ཚལ་དུ་བཞུགས་པའི།།
རབ་སྟུག་སྤྲིན་གྱི་སྦྲུམ་ལས་དལ་མོ་རུ་ཕེབས་པ།།
མཛེས་སྡུག་ཁ་བའི་མེ་ཏོག་ལག་པ་རུ་འཆང་ཚེ།།
སྐད་ཅིག་ཉིད་ལ་ཆུ་ཐིགས་ཕྲན་མོ་རུ་གྱུར་་སོང་།།
དྲང་སྨྱུག་ལུས་འཇམ་སྐྱོན་གྱི་དྲི་མ་ཡིས་མ་གོས།།
གནག་སྣུམ་ལྕང་ལོ་ཅན་གྱི་ལྷ་མོ་དང་འདྲ་བའི།།
དུང་དཀར་སོ་ཕྲེང་ལྡན་པའི་ལོ་གཞོན་གྱི་སྒེག་མོ།།
རྒས་འཁོགས་ལག་དབྱུག་འཆང་བའི་དུས་སྐབས་དེ་ཉེ་བ།།
ལུས་ཀྱི་ཟུངས་བཟང་ཁོག་སྟོད་སེང་གེ་དང་འདྲ་བ།།
ནད་མེད་རྩལ་ལྡན་དཔུང་བའི་ཤ་རྒོད་དེ་རྒྱས་ཤིང་།།
གང་ལ་ཅི་མི་སྙམ་པའི་ཕོ་རྒོད་ཚོ་རྫིག་ཀྱང་།།
དཔྲལ་བ་གཉེར་མས་བཀབ་པའི་མི་རྒན་དུ་འགྱུར་འགྲོ།།
མི་བཟད་དྲག་པོའི་དམག་གིས་དགྲ་དཔུང་ཀུན་བཏུལ་ནས།
ས་ཆེན་དབང་དུ་བསྡུས་པའི་ཐབས་ཇུས་ཀྱི་བདག་པོ།།
གྲགས་པ་ཉམས་མེད་ཇིང་གིར་གནམ་བསྐོས་ཀྱི་གོང་མའི།།
ཀེང་རུས་ཙམ་ཡང་ད་ལྟ་མི་རྙེད་པ་སྐྱོ་བ།།
དད་པ་ཆེ་བའི་འབྱོར་ལྡན་སྦྱིན་བདག་གི་ཚོགས་དང་།།
གུས་ཞབས་ཅན་གྱི་སློབ་མས་རྒྱལ་པོ་ལྟར་བཀུར་ཞིང་།།
འདོད་ཡོན་ལྔ་ཡིས་དྲེགས་པའི་སྙིགས་དུས་ཀྱི་བླ་མ།།
ཕྱི་མའི་ཡུལ་དུ་འཁོར་མེད་གཅིག་པུ་རུ་བྱོན་ངེས།།
རབ་འབྱམས་མདོ་སྔགས་གཙུག་ལག་རྒྱ་མཚོ་ཡི་གྲོང་ཁྱེར།།
དཔལ་མགོན་ཀླུ་སོགས་དམ་པའི་སྐྱེ་བོ་ཡི་བསྟི་གནས།།
ནཱ་ལེནྡྲ་ཞེས་གྲགས་པ་ལོ་རྒྱུས་ཀྱི་ནོར་བུ།།
ད་ལྟ་གྱང་ཤུལ་ཙམ་ལས་མེད་པ་ལ་ལྟོས་ཤིག།
རྟག་རྟག་འདྲ་བའི་འཇིག་རྟེན་ས་ཆེན་གྱི་དཀྱིལ་འཁོར།།
སྣོད་བཅུད་ཕུན་སུམ་ཚོགས་པ་བསྐལ་བཟང་གི་ཞིང་ཁམས།།
ཞོགས་པའི་རྨི་ལམ་བཟང་བོ་རང་ས་རུ་ཐིམ་བཞིན།།
མེ་བདུན་ཆུ་ཡི་འཇིག་པས་རྩ་མེད་དུ་འཇོམ་འོང་།།
སྐད་ཅིག་རེ་ལ་གྲངས་མེད་སེམས་ཅན་གྱི་རྣམ་ཤེས།།
སྐྱེ་བ་ལེན་དང་འཆི་བའི་ཡོ་ལངས་ཀྱི་འདུ་འཁྲུག།
དགུན་ཁའི་བུ་ཡུག་འཚུབ་བཞིན་གཞལ་ཡུལ་ལས་འདས་པ།།
འདུས་བྱས་བརྟན་པ་མེད་པ་རང་ཉིད་ཀྱིས་གསལ་ལོ།།
ད་ལོ་ལྷོད་མེད་དཀའ་བ་འབུམ་ཕྲག་གིས་བསྒྲུབས་པའི།།
རྒྱུ་ནོར་གཅེས་པར་འཛིན་པའི་ཁེངས་པ་ཡིས་བརྒྱགས་ཚེ།།
སང་ལོ་མི་འདོད་རྐྱེན་ངན་གློ་བུར་དུ་བབས་ནས།།
ཡོད་ཚད་ཤོར་ནས་ལག་སྟོང་ལུས་མཁན་ནི་མང་ངོ་།།
མཐོ་ཚེ་ཀུན་གྱིས་བཅོས་མའི་མཛུམ་དཀར་གྱིས་བསུ་ཞིང་།།
ཅི་བཤད་བཀའ་བཞིན་སྒྲུབ་པའི་གཡོ་སྒྱུ་ཡིས་བསླུ་མོད།།
ནོར་དང་དབང་ཆས་དབུལ་བའི་ཕལ་བ་རུ་གྱུར་ཚེ།།
སྔར་གྱི་སྙིང་གྲོགས་རྣམས་ཀྱིས་དགྲ་བཞིན་དུ་གཡོལ་འོང་།།
སེམས་ཀྱི་རྟོག་ཚོགས་འདུ་འཕྲོ་རྒྱ་མཚོ་ཡི་རྦ་རླབས།།
གཅིག་ཤར་གཉིས་འཕྲོ་སྔར་ལས་ཇེ་མང་དུ་མཆེད་པ།།
ཅི་ཡང་མི་གནས་རྗེས་བསྙེགས་ཟིན་མེད་ཀྱི་ཡོ་ལངས།།
ཆུ་ཡི་ལྦུ་བ་འདྲ་བར་སྙིང་བོ་ཞིག་མ་འཚོལ།།
ལོ་ཆུང་བྱིས་པས་བརྩིགས་པའི་བྱེ་མ་ཡི་མཁར་རྫོང་།།
ཇི་ལྟར་བརྗིད་ཀྱང་མྱུར་དུ་འཐོར་ཞིག་ཏུ་འགྲོ་བཞིན།།
རང་རེས་དོན་དུ་གཉེར་བའི་སྲིད་པ་ཡི་ཕུན་ཚོགས།།
སྙིང་བོས་དབེན་ཅིང་མྱུར་དུ་འགྱུར་བ་ཡི་ཆོས་ཡིན།།
ཇི་ལྟ་ཇི་སྙེད་གཟིགས་ལ་ཟླ་བོ་ཡིས་དབེན་པ།།
ཐེག་གསུམ་སྟོན་མཁས་བཅོམ་ལྡན་ཟས་གཙང་གི་སྲས་པོས།།
དངོས་པོ་ཐམས་ཅད་འཇིག་པའི་རང་བཞིན་དུ་གནས་པ།།
སྔར་ནས་གསུངས་པར་ཁྱོད་ཀྱིས་ཐོས་བསམ་ཞིག་གནང་རོགས།།
ཕོ་མོ་མཐོ་དམན་སྐྱ་སེར་སྤྲང་ཕྱུག་གི་སྐྱེ་བོ།།
གཤིན་རྗེའི་ཁ་ལས་ཐར་བ་གཅིག་རེ་ཙམ་མེད་ན།།
ནམ་ཞིག་རང་ཅག་རིམ་གྱིས་འཆི་བ་དེ་བརྗེད་ནས།།
དོན་མེད་ཆོས་བརྒྱད་གསེབ་ཏུ་འཛུལ་བ་འདི་སྐྱོ་བ།།
བཟའ་ཚང་ཚོང་འདུས་མགྲོན་པོ་བྱམས་བརྩེ་ཡིས་སྐྱོང་ཞིང་།།
གཉོམ་ཆུང་དབུལ་བོར་སྦྱིན་པ་ཅི་ནུས་རེ་གཏོང་བཞིན།།
འདོད་རྔམས་ཆུང་ངུས་ལོངས་སྤྱོད་བག་ཡོད་དུ་རོལ་དང་།།
འདི་སྣང་མི་ཡི་ལུས་ལ་བདེ་སྐྱིད་ཅིག་འཛོམ་འོང་།།
ད་ལྟ་རང་དང་འགྲོག་པའི་མཛའ་མཐུན་གྱི་གཉེན་རོགས།།
དངོས་སམ་ཤུགས་ཀྱིས་འཚེ་བའི་སྡང་བ་ཡི་དགྲ་རྣམས།།
གཅིག་ཀྱང་མི་སྡོད་ཕྱི་མར་འགྲོ་ཚུལ་འདི་སྙམ་ན།།
ཆགས་སྡང་ལས་ལ་གཞོལ་བ་བླུན་པོ་ཡི་ལུགས་སོ།།
ཚེ་འདིའི་བྱ་གཞག་མ་ལུས་ཞེན་མེད་དུ་གཡུག་མཁན།།
སྔོན་བྱོན་དམ་པའི་རྗེས་སུ་སྙེག་བློ་དེ་ཆུང་རུང་།།
ཀུན་ཀྱང་རྟག་པ་བྲལ་བའི་གནས་ལུགས་ལ་གཟིགས་དང་།།
སེམས་ལ་བཏེགས་པའི་རེ་དོགས་ཁུར་བོ་དེ་ཡང་འགྲོ།།
རྟག་དང་མི་རྟག་མཚན་མ་སྤྲོས་བཅས་ཀྱི་སྒྲོ་སྐུར།།
གཟུང་འཛིན་སེམས་ཀྱིས་བཟོས་པའི་གཉིས་སྣང་གི་འཁོར་ལོ།།
མ་ལུས་ཡོངས་སུ་ཞིག་པ་གདོད་མ་ཡི་དབྱིངས་སུ།།
ངལ་གསོ་བྱེད་པའི་དུས་ཚོད་ད་ལྟ་རང་ཡིན་ནོ།།
ཞེས་པད་མ་ཆོས་ཉིད་རྡོ་རྗེའམ་ཡོངས་གྲགས་སུ་ཨ་གནམ་ཐུབ་བསྟན་དུ་འབོད་པས་སྦྱར་བའོ།།