མཐའ་བྲལ་ཆོས་ཉིད་ནམ་མཁའ་ཡི་ཀློང་ན།།
བཟང་ངན་བདེ་སྡུག་རྣམ་རྟོག་ཀུན་ཞིག་ཚེ།།
དོན་དམ་མཆོག་གི་བདུད་རྩི་ལ་རོལ་ནས།།
ས་འདིར་དཀོན་པའི་བདེ་སྐྱིད་ཅིག་ཐོབ་འོང་།།
སྐབས་སུ་འདི་སྣང་རྨི་ལམ་གྱི་རོལ་རྩེད།།
གཞན་དུ་བདེན་བདེན་སྲིད་པ་ཡི་འཁོར་ལོ།།
ཉིན་ལྟར་རྫོགས་མེད་ཅིར་ཡང་དུ་ཤར་བཞིན།།
དགའ་སྐྱོའི་ཚོར་བ་ཚར་རྒྱུ་ནི་མི་འདུག།
མ་རིག་ཡོལ་བས་རང་སེམས་དེ་གབ་པས།།
དབང་ཐང་ཆེ་བའི་ཁས་དྲག་གི་དཔོན་པོ།།
སྲང་མདོར་ཉལ་བའི་ཉམ་ཐག་གི་སྤྲང་བོ།།
གཅིག་ལས་གཅིག་ལྷག་འཁྲུལ་བ་ལ་ལྟོས་དང་།།
བདེན་མེད་སྒྱུ་མའི་ཆོ་འཕྲུལ་གྱི་སྣང་བར།།
བཟང་ངན་མཐོ་དམན་ཐ་དད་དུ་བཟུང་ནས།།
མ་བརྟག་ཉམས་དགའ་ཀུན་རྫོབ་ཀྱི་འོབས་སུ།།
ཡུན་རིང་ལུས་པའི་འགྲོ་བ་རྣམས་མང་བ།།
སྲིད་ན་རྙེད་དཀའ་ཡིད་བཞིན་གྱི་ནོར་བུ།།
དལ་འབྱོར་ཀུན་ལྡན་རིན་བྲལ་གྱི་མི་ལུས།།
ད་རེས་ཐོབ་པ་སྐལ་བ་ཞིག་བཟང་བས།།
དོན་མེད་ཆུད་ཟོས་གཏོང་མཁན་དེ་སྐྱོ་བ།།
ད་ནི་ནམ་འཆི་ཆ་མེད་དེ་རྟོགས་ནས།།
ལོང་ཡོད་ལེ་ལོའི་བག་ཆགས་དེ་དོར་བཞིན།།
ངེས་དོན་ཆོས་ཀྱི་སྙིང་བོ་ལ་རོལ་དང་།།
ཚེ་འདིར་གདོད་མའི་བཙན་ས་རུ་སླེབས་སྲིད།།
མ་རིག་བདུད་ཀྱི་དགྲ་དཔུང་གི་ཁྲོད་ན།།
འཇིག་རྟེན་ཆོས་བརྒྱད་མཚོན་ཆ་ཡིས་བཏབ་ཚེ།།
སྙེམས་བྲལ་ལྟ་བའི་ཡ་ལད་དེ་ཐོགས་དང་།།
ཕྱོགས་ལས་རྣམ་རྒྱལ་དཔའ་རྟགས་ཤིག་ངོམ་ངེས།།
ཚོགས་དྲུག་ཡུལ་ལ་ཇི་འདྲ་ཞིག་དཔྱད་རུང་།།
འདི་ཞེས་གཟུང་བྱ་རྡུལ་ཙམ་ཡང་མེད་པ།།
རང་གི་སེམས་ལ་ངེས་ཤེས་བཅས་འཆར་ཚེ།།
ད་གཟོད་ལྟ་བའི་དཔྱད་པ་ནི་རྫོགས་སོ།།
བརྒྱད་ཁྲི་བཞི་སྟོང་དམ་ཆོས་ཀྱི་སྙིང་པོ།།
གཅིག་ཤེས་ཀུན་གྲོལ་ཉམས་ལེན་གྱི་ཡང་ཞུན།།
ད་ལྟའི་སེམས་ཀྱི་གསང་བ་འདི་རྟོགས་ཚེ།།
ཐར་བའི་གོ་ས་ཐག་རིང་ན་མི་འདུག།
འདུས་བྱས་རྣམ་གཞག་བསླུ་བ་དང་བྲལ་བས།།
ལུས་ངག་དགེ་བར་བསོད་ནམས་རེ་མཆིས་མོད།།
གཏན་གྱི་བདེ་བ་མངོན་སུམ་དུ་བྱེད་པར།།
གནས་ལུགས་མཇལ་བའི་ཤེས་རབ་ཉིད་ཚང་དགོས།།
རང་སེམས་སངས་རྒྱས་ཡིན་ནོ་ཞེས་གསུངས་པའི།།
བཀའ་བརྒྱད་གོང་མའི་གྲུབ་མཐའ་དེ་ཟབ་པ།།
སེམས་ཉིད་ཆོས་སྐུའི་དགོངས་པ་རུ་བཞེད་པའི།།
ཀུན་མཁྱེན་བླ་མའི་དམ་བཅའ་དེ་བརླིང་བ།།
དཔལ་མགོན་ཀླུ་ཡི་གཞུང་ལུགས་ལ་སློབ་དང་།།
ནམ་ཞིག་ཆོས་ཀུན་སྒྱུ་མ་བཞིན་རྟོགས་ཤིང་།།
གསང་ཆེན་ཐེག་པའི་གདམས་པ་རེ་ནོད་དང་།།
འོད་གསལ་ཡེ་ཤེས་རང་རྒྱུད་ལ་འཆར་འགྲོ།
དམ་པའི་གཞུང་ལ་ཐོས་པ་ཞིག་མེད་ན།།
ལག་རྡུམ་བྲག་ལ་འཛེག་པ་ལྟར་འགྲོ་ཡང་།།
རང་སེམས་གདམས་ངག་ཐ་དད་དུ་གྱེས་ན།།
དཔེ་ཀློག་བྱས་པ་དོན་སྙིང་རེ་ཆུང་སྙམ།།
དཔེ་དང་གཏན་ཚིགས་སྣ་ཚོགས་ཀྱི་སྒོ་ནས།།
ཡིད་ལ་བདེན་མེད་འཛིན་སྟངས་ཅན་འཆར་བའི།།
སེམས་བྱུང་ཤེས་རབ་སྐམ་པོ་ལ་འཁྲིལ་བས།།
རྟོག་གེ་རྒན་པོའི་གོ་ས་རུ་ལུས་འགྲོ།
ཨེ་མ་སྔ་འགྱུར་གྲུབ་མཐའ་ཡི་བདག་པོ།།
ཀུན་མཁྱེན་རྣམ་བཞི་དགོངས་པ་དེ་བརླིང་པས།།
ཐེག་དགུའི་ཡང་རྩེ་རིག་འཛིན་གྱི་བགྲོད་ལམ།།
མ་ནོར་བཀྲལ་བ་བཀའ་དྲིན་ཞིག་ཆེ་འོ།།
ཚིག་དང་ཁས་ལེན་འཛིན་སྟངས་ཙམ་མ་གཏོགས།།
དོན་དུ་གསར་རྙིང་གོང་མ་ཚོའི་བཞེད་དགོངས།།
ཆོས་ཉིད་ཆེན་པོའི་ལྟ་བ་རུ་མཐུན་པས།།
ཀུན་ལ་དག་སྣང་རིས་མེད་དུ་སྦྱོང་རོགས།།
ཁ་ནས་གཅོད་ཡིག་དབྱངས་སྙན་དུ་གྱེར་ཞིང་།།
དབུ་རྫོགས་ཆོས་ཚིག་མཐོན་པོ་རྣམས་བསྒྲག་བཞིན།།
དོན་དུ་འཇིག་རྟེན་འབའ་ཞིག་ལ་དད་མཁན།།
ང་དང་ང་འདྲའི་སྐྱེ་བོ་ཡིས་གང་འདུག།
ཡང་དག་དོན་ལ་ཉམས་མྱོང་ཙམ་མེད་པར།།
མིང་དང་གོ་ས་རྫིག་པོ་ལ་བསྟེན་ནས།།
རང་ཉིད་གཞན་ལས་ལྷག་པ་རུ་བཟུང་ན།།
ང་རྒྱལ་ནད་ཀྱིས་སེམས་རྒྱུད་འདི་བསླད་འགྲོ།།
ཚོགས་དྲུག་སྣང་བ་ངེས་མེད་ཀྱི་ལྟད་མོ།།
བློ་ཡིས་འདི་དང་དེ་ཞེས་སུ་བཏགས་པ།།
དོན་དམ་རིགས་པས་ཞིབ་མོ་རུ་དཔྱད་ཚེ།
གཞི་མེད་རྩ་བྲལ་ཁོ་ནས་ལས་མི་འདུག།
སྟོང་བ་ཉིད་ཀྱི་རྨང་གཞི་དེ་མེད་བཞིན།།
དག་པ་རབ་འབྱམས་ལྟ་བ་ལ་གཞོལ་ཡང་།།
དངོས་པོར་འཛིན་པའི་རྣམ་རྟོག་ལ་ལུས་པས།།
གསེར་སྒྲོག་རྒྱན་ཆར་ཐོགས་པ་དང་འདྲ་འོ།།
འཁོར་འདས་ཟུང་གིས་བསྡུས་པ་ཡི་ཆོས་ཀུན།།
གདོད་ནས་རྡུལ་ཙམ་མེད་པ་རུ་རྟོགས་ཚེ།།
ད་གཟོད་དག་གཟིགས་ཚད་མ་ཡི་སྒོ་ནས།།
སྣང་བ་ལྷ་ཡི་རང་བཞིན་དུ་མཇལ་རོགས།།
མན་ངག་སྒོ་ནས་སྣང་བ་ཀུན་སེམས་ཙམ།།
སེམས་ཀྱང་སྟོང་བ་ཁོ་ན་རུ་གོ་ཞིང་།།
སྟོང་བ་དེ་ཉིད་རིག་པ་རུ་སད་ནས།།
དབྱིངས་རིག་གཉིས་མེད་ཆོས་སྐུ་རུ་འཆར་རོ།།
ཀུན་བཟང་བླ་མའི་བྱིན་རླབས་ཀྱི་བང་མཛོད།།
ཀློང་ཆེན་རྒྱལ་བའི་ཐུན་མིན་གྱི་ལུགས་ནས།།
སྐད་ཅིག་ཉིད་ལ་རྟོགས་རིམ་ཀུན་རྫོགས་པ།།
ཨེ་མ་དབང་བོ་ཡང་རབ་ཀྱི་ཆོས་སྐལ།།
ཇི་ལྟར་མཚོ་ལས་མཚོ་རླབས་དག་འཕྱུར་བཞིན།།
གཅིག་རྗེས་གཉིས་འཕྲོ་གྲངས་མེད་ཀྱི་རྣམ་རྟོག།
དགག་པས་མི་ཟློག་རང་སེམས་ཀྱི་ཆོ་འཕྲུལ།།
རྗེས་སུ་མ་འབྲང་ཡུལ་མེད་དུ་ཞོག་ཅིག།
ཡང་དག་མཚན་མེད་མཉམ་བཞག་གི་ངོ་རུ།།
གང་ཤར་ཐམས་ཅད་རིག་པ་ཡི་རོལ་བ།།
འཁོར་འདས་ཆོས་ཀུན་དབྱེར་མེད་དུ་རྟོགས་ཚེ།།
སྤང་བླང་ཡོངས་ཟད་ཆིག་གྲོལ་དུ་གནས་སོ།།
མྱང་འདས་ཟེར་བའི་སྐད་གྲགས་ཅན་དེ་དང་།།
སངས་རྒྱས་བྱ་བའི་ཡིད་སྨོན་ཞིག་བྱེད་ཡུལ།།
ལོགས་སུ་བཙལ་བའི་དཀའ་བ་དེ་དོར་ནས།།
ད་ལྟ་ཉིད་དུ་རང་སེམས་ནས་རྙེད་རོགས།།
སེམས་ཉིད་སྐྱེ་མེད་ཀ་དག་གི་རིག་པ།།
དུས་གསུམ་རྒྱལ་བ་ཡོངས་འདུས་ཀྱི་ངོ་བོ།།
ཐོག་མའི་མགོན་པོ་རྗེན་པ་རུ་བཞུགས་པ།།
ང་ཚོར་མཆིས་པར་སྙིང་གཏིང་ནས་སྤྲོ་བྱུང་།།
ལོངས་སྤྱོད་ལྡན་ཚེ་གཏི་མུག་གི་རྐྱལ་བ།།
རྐྱེན་ངན་བབས་ན་སྙིང་ཆུང་གི་སྡར་མ།།
དུས་མཐའི་ཆོས་པས་བཟང་མདོག་རེ་བྱེད་རུང་།།
སོ་དབལ་མེད་པའི་རལ་གྲི་དང་འདྲ་འོང་།།
འཇིགས་བྲལ་ལྟ་བའི་བཙན་ས་རུ་བཞུགས་ནས།།
སྐྱིད་སྡུག་མི་རྟག་བདེན་མེད་དུ་ངེས་བཞིན།།
ཐམས་ཅད་རོ་སྙོམས་བརྟུལ་ཞུགས་ཀྱི་སྤྱོད་པས།།
གུ་ཡངས་བློ་བདེའི་དགའ་སྟོན་ལ་སྤྱོད་ཨང་།།
གང་དུ་གནས་ཀྱང་འོག་མིན་གྱི་ཞིང་ཁམས།།
རྒ་དང་འཆི་བ་རྣམ་རྟོག་ལས་མ་འདས།།
འགྲོ་འོང་མེད་པ་གཉུག་མ་ཡི་སྡོད་སྟངས།།
དེ་འདྲ་རྟོགས་པའི་སྐྱེས་བུ་ཚོ་སྐྱིད་པ།།
ས་སྟེང་མི་ཡུལ་ཚོང་འདུས་ཀྱི་ཁྲོམ་ར།།
འུ་ཅག་ཚང་མ་ཕྱོགས་འོང་གི་མགྲོན་པོ།།
བྱ་སྤྱོད་ཡོད་ཚད་བྱིས་པ་ཡི་རྩེད་མོ།།
ཞེན་འཛིན་བྱེད་པ་སྨྱོན་པ་ཡི་བྲོ་གར།།
གང་དང་ཅི་ལའང་ཆགས་པ་ཀུན་བྲལ་ཞིང་།།
ཡོད་མེད་སྤྲོས་པའི་དྲྭ་བ་ལས་འདས་པ།།
མི་གནས་ཡེ་ཤེས་མཉམ་བཞག་གི་མཚན་ཉིད།།
ཐ་མལ་སྐྱེ་བོའི་སྤྱོད་ཡུལ་ཞིག་མ་ཡིན།།
ཚོགས་དྲུག་རང་གྲོལ་རྩོལ་བ་ཞིག་མི་དགོས།།
མ་བཅོས་ལྷུག་བཞག་སྒོམ་པ་ཡི་རྒྱལ་བོ།།
གཉུག་མའི་རང་ཞལ་རང་ས་ནས་མཇལ་བའི།།
པད་མ་ཀཱ་རའི་གདམས་པ་ལ་ཕྱོགས་ཤོག།
བྱས་པའི་ཆོས་ཀུན་རྣམ་རྟོག་གི་སྣོན་མ།།
ཅི་ཙམ་བསྒྲུབས་ཀྱང་འཁོར་བ་ཡི་བྱ་གཞག།
དེ་བས་མ་བཅོས་གཉུག་མ་ཡི་དོན་ལ།།
རྩོལ་མེད་རང་བབས་བསམ་གཏན་གྱིས་རོལ་ཅིག།
ཅེས་མདོ་སྔགས་ཟུང་འབྲེལ་གྱི་ལྟ་བའི་མགུར་དབྱངས་འདི་ལྟ་བུ་ཞིག་ཨ་གནམ་ཐུབ་བསྟན་ནམ་པད་མ་ཆོས་ཉིད་རྡོ་རྗེས་སྨྲས་སོ།།