དཀར་ཆག
བསྟོད་ཚོགས

འཇམ་མགོན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོར་བསྟོད་པ་རིག་པའི་རོལ་རྩེད།

རིག་སྟོང་འཇམ་དཔལ་གཞོན་ནུའི་འོད་ཟེར་གྱིས།།
གང་ཐུགས་མཛེས་པའི་པད་མོ་གསལ་བྱས་པས།།
སྤོབས་པའི་གཏེར་ཆེན་གྲོལ་བའི་དཔལ་འཆང་བ།།
འཇམ་མགོན་བླ་མ་མི་ཕམ་རྒྱ་མཚོར་འདུད།།

ཕྱོགས་བཅུར་བཞུགས་པའི་འདྲེན་པ་མཐའ་དག་གི།
མཁྱེན་པའི་ཕུང་པོ་གཅིག་ཏུ་བསྡུས་པའི་གཟུགས།།
མི་ཡི་སྲིད་པར་ཤར་བའི་ཀུན་མཁྱེན་རྗེ།།
མཁས་གྲུབ་བྱེ་བའི་གཙུག་རྒྱན་ཁྱོད་ལ་བསྔག།

དུས་ཀྱི་མཐར་ཡང་རྒྱལ་བསྟན་གསོ་སླད་དུ།།
ཆོས་ལྡན་གངས་ཅན་ཞིང་གི་ཤར་ཕྱོགས་སུ།།
ངོ་མཚར་སྐུ་ཡི་རོལ་གར་བསྒྱུར་བའི་མོད།།
རྫོགས་ལྡན་གསར་བའི་དགའ་སྟོན་ས་འདིར་བཀྲ།།

ལྷག་པའི་ལྷ་ཡི་རྗེས་ཆགས་བརྩེ་བའི་རྒྱ།།
མི་འབྲལ་སྙིང་གི་རི་མོར་བཀོད་པའི་མཐུས།།
ཡུན་རིང་རྩོལ་བའི་ལས་ལ་མ་འབད་པར།།
རབ་འབྱམས་གཞུང་ཀུན་ཐོགས་པ་མེད་པར་གཟིགས།།

ལྷན་སྐྱེས་ནོར་གྱིས་ཕྱུག་པའི་དམ་པ་ནི།།
ཤེས་རབ་མེ་ཆེན་ཁོང་དུ་རབ་མཆེད་པས།།
ཆུང་ངུའི་དུས་ནས་མཁྱེན་རབ་ལང་ཚོ་ཡིས།།
མཁས་རྒུའི་བཀྲག་མདངས་ཅིར་ཡང་མོག་པོར་བྱས།།

རྒྱལ་བའི་སྲས་པོ་གངས་ཅན་ཞི་བ་ལྷ།།
ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོ་སོགས།།
རིགས་ཀྱི་བདག་པོར་གུས་པས་བརྟེན་བཞིན་དུ།།
མན་ངག་བདུད་རྩིའི་མཚོ་ཆེན་ཧུབ་ཀྱིས་བཞེས།།

སྨན་རྩིས་སྒྲ་བཟོ་ཐ་སྙད་རིག་པ་ཡི།།
ཐུན་མོང་གཞུང་ཀུན་ལེགས་པར་གཟིགས་པ་ཡིས།།
གངས་རིའི་ལྗོངས་ན་ཟླ་བོས་མ་བཟུང་བར།།
མཁས་དབང་བྱེ་བའི་དབུས་སུ་མངོན་པར་མཐོ།།

བདེན་གཉིས་རྣམ་གཞག་ཇི་བཞིན་གསལ་བའི་གཞུང་།།
དབུ་ཚད་བསྟན་བཅོས་ཆུ་གཏེར་ཆེན་པོ་རུ།།
བློ་གྲོས་གྲུ་གཟིངས་མྱུར་དུ་བསྐྱོད་པའི་འཕྲུལ།།
ཕྱོགས་ཀུན་དགའ་བའི་ལྟད་མོར་ངོམ་པ་རྨད།།

དུས་གསུམ་རྒྱལ་བའི་ཐུགས་ཀྱི་གསང་བ་སྟེ།།
བགྲང་ཡས་གསར་རྙིང་རྒྱུད་སྡེའི་རིམ་པ་གཉིས།།
ཉེ་ལམ་རྡོ་རྗེ་ཐེག་པའི་ཆོས་ཚུལ་ལ།།
གཞན་དྲིང་མི་འཇོག་དོན་གྱི་པཎྜི་ཏ།།

སེམས་ཀྱིས་མ་བཟོས་ཆོས་སྐུའི་དགོངས་པ་མཆོག།
ཐེག་པ་ཡོངས་ཀྱི་རྒྱལ་པོ་རྫོགས་པ་ཆེའི།།
གཞི་ལམ་འབྲས་བུའི་རྣམ་གཞག་རིན་ཆེན་གཏེར།།
ཐུགས་ཀྱི་བང་བར་བཀོད་པའི་ཀུན་བཟང་རྗེ།།

ཅོལ་ཆུང་རྨོངས་པའི་ཚོགས་ཀྱིས་བཏུད་པ་ཡིས།།
སྟོབས་དང་འཁོར་གྱིས་དྲེགས་པའི་བཤེས་གཉེན་ཀྱི།།
རྗེས་སུ་མ་འབྲངས་སྦས་པའི་རྣལ་འབྱོར་བ།།
རྟོགས་པའི་དབང་ཕྱུག་ངེས་དོན་ཆོས་ཀྱི་རྗེ།།

ས་དང་ལམ་གྱི་གོ་འཕང་མཐོན་པོ་རུ།།
མངོན་པར་གཤེགས་ཀྱང་བསྟན་ལ་སྨན་པའི་སླད།།
བག་ཡོད་ཞི་ཞིང་དུལ་བའི་བརྟུལ་ཞུགས་ཀྱིས།།
ལྷག་པའི་བསླབ་པ་གསུམ་ལ་གཞོལ་བར་མཛད།།

རབ་སྙན་རྗོད་བྱེད་ཚིག་གི་སྒྱུ་རྩལ་ལས།།
འཁྲུལ་མེད་ལུང་དང་གཏན་ཚིགས་རླབས་པོ་ཆེས།།
རྒྱལ་བའི་དགོངས་པ་གཏན་ལ་ཕབ་མཁས་པ།།
དྲན་དབང་ཁྱོད་འདྲ་སྲིད་པ་འདི་ན་དཀོན།།

གྲུབ་མཐའི་ཆགས་སྡང་ཀུན་སློང་མ་འདྲེས་པར།།
རྒྱལ་བསྟན་མཛེས་བྱེད་དགག་གཞག་རོལ་རྩེད་ཀྱིས།།
རང་ལུགས་དྲི་མ་མེད་པའི་བ་དན་དཀར།།
སླར་ཡང་དགུང་དུ་འདེགས་ལ་འཇིགས་པ་བྲལ།།

ཐར་བའི་གྲོང་དུ་འཇུག་པའི་སྒོ་མོ་ཆེ།།
ཟབ་མོ་སྟོང་བ་ཉིད་ཀྱི་ལྟ་བ་ཉིད།།
དཔལ་ལྡན་ཀླུ་ཡི་དགོངས་པ་ཇི་བཞིན་དུ།།
གསལ་བར་བཀྲལ་བའི་བཀའ་དྲིན་གཞལ་དུ་མེད།།

བདེ་གཤེགས་ཀུན་འདུས་འཁོར་ལོའི་མགོན་པོའི་གསུང་།།
རྒྱུད་ཀྱི་རྒྱལ་བོ་གསང་བ་སྙིང་བོ་སོགས།།
གབ་སྦས་བདག་ཉིད་ཅན་གྱི་གཞུང་རྣམས་ལ།།
སྔར་མེད་བླ་ན་མེད་པའི་ལེགས་འགྲེལ་མཛད།།

ཀུན་གཟིགས་ཆེན་པོ་རོང་ཀློང་རྣམ་གཉིས་གཙོས།།
པད་མའི་ཞལ་སྐྱིན་རིག་འཛིན་བརྒྱུད་པའི་ལུགས།།
རྟོག་གེའི་ཚིག་དོན་གཡའ་ཡིས་མ་གོས་པར།།
ལེགས་པར་བསྟན་པའི་མཛད་པ་རྨད་དུ་བྱུང་།།

སྔོན་གྱི་ཆེན་པོ་དུ་མས་མ་དཔོག་པའི།།
གཞུང་བརྒྱའི་དཀའ་གནད་ཤིན་ཏུ་ཕྲ་བ་དག།
དཀའ་བ་མེད་པར་དཔྱད་པ་རྫོགས་པ་འདིས།།
དུས་གསུམ་མཁས་པ་ཡོངས་ཀྱི་རྗེ་བོར་གྱུར།།

རྒྱལ་བའི་དབང་བོ་མཚོ་སྐྱེས་བླ་མ་ཡིས།།
སྔ་འགྱུར་གྲུབ་མཐའ་སྐྱོང་བའི་བདག་པོ་རུ།།
བྱིན་རླབས་དབུགས་དབྱུང་བཀའ་ཡི་ཅོད་པན་ཉིད།།
ཁྱོད་ལ་ཕོག་པའི་སྐལ་བ་ཀུན་ནས་ཤིས།།

ཕྱི་རུ་ཚུལ་ཁྲིམས་གཙང་མའི་རྒྱན་ཆས་སྤུད།།
ནང་དུ་བྱང་སེམས་བསླབ་པའི་དབྱིག་གིས་ཕྱུག།
གསང་བ་བདེ་སྟོང་ཡེ་ཤེས་བཅུད་ཀྱིས་མྱོས།།
ཁྱབ་བདག་རྡོ་རྗེ་འཛིན་པའི་ངོ་བོར་ཆས།།

མཛེས་སྡུག་ཆོས་ཉིད་སྒེག་མོའི་རྣམ་འགྱུར་ལ།།
ཤེས་རབ་གཞོན་ནུའི་ཡིད་དབང་ཤོར་བ་ལས།།
དོན་དམ་མཇལ་བའི་མཆོག་གི་བདེ་བ་ཆེར།།
ཚིམ་མེད་རོལ་བའི་དཔའ་བོ་ཕྱོགས་ལས་རྒྱལ།།

ཐ་མལ་བློ་དང་ཉམས་སྣང་ལས་ཐོན་པའི།།
གྲགས་འདོད་བསྟན་བཅོས་དག་དང་མི་མཚུངས་པར།།
མཐའ་བྲལ་ཀློང་ཡངས་ཆོས་སྐུའི་བང་མཛོད་ལས།།
གང་གསུངས་དགོངས་གཏེར་དྲི་མ་མེད་པར་བཞུགས།།

སཱ་ལའི་ལྗོངས་སུ་སྙན་པ་རབ་འབར་བའི།།
ཆོས་སྤྱན་ལྡན་པའི་སྐྱེ་བོའི་ཁྱུ་ཞིག་གིས།།
ཁྱོད་ཀྱི་ཞབས་ཟུང་པུན་ད་རི་ཀ་ནི།།
སྙེམས་པ་མེད་པར་སྤྱི་བོའི་རྒྱན་དུ་བཞེས།།

གང་གི་ཞལ་གདམས་བདུད་རྩིར་ལོངས་སྤྱོད་པའི།།
རྗེས་འཇུག་རིག་པའི་མྱུ་གུ་མང་དག་གིས།།
བཤད་དང་སྒྲུབ་པའི་ལུགས་བཟང་ཕྱོགས་ཀུན་དུ།།
ཀློག་སྤོང་བྱ་བའི་འཁོར་ལོ་གསུམ་གྱིས་སྤེལ།།

འོག་མིན་ཀ་དག་ཆེན་པོའི་ཕོ་བྲང་ནས།།
ཀུན་རྫོབ་རགས་པའི་བརྡ་ལ་མ་ལྟོས་པར།།
འགྲོ་བའི་མགོན་པོ་ཨ་བྷྱའི་མཚན་ཅན་ལ།།
དགོངས་བརྒྱུད་རྟོགས་པའི་ཕ་ཕོག་ཅིར་ཡང་བསྩལ།།

རྒྱ་ཆེན་གཙུག་ལག་གཞལ་བའི་མཁྱེན་རབ་དང་།།
རིགས་ལམ་ཐོགས་མེད་བཀྲ་བའི་རྣམ་དཔྱོད་བཅས།།
འཆད་རྩོད་རྩོམ་པའི་ངོ་མཚར་ལྟད་མོ་ཡིས།།
འཇིག་རྟེན་འདི་ན་དགེ་མཚན་བྱེ་བ་བསྐྲུན།།

རླུང་སེམས་དབྱིངས་སུ་དག་པའི་བརྡ་རྟགས་སུ།།
རང་སྣང་རྣམ་དག་རྩ་གསུམ་ཞིང་ཁམས་ནས།།
ཆོས་ཉིད་འོད་གསལ་དཔའ་བོ་མཁའ་འགྲོ་ཡིས།།
ཕྲིན་ལས་རྣམ་བཞིའི་གཟིགས་མོ་ཁྱོད་ལ་བསྟབས།།

རིན་ཐང་བྲལ་བའི་འགྲོ་བ་མི་ཡི་ནོར།།
བྷོ་ཊའི་རིག་གཞུང་ཆུ་སྐྱེས་དགའ་བའི་ཚལ།།
ལེགས་གསུང་ཉི་མའི་འོད་ཀྱིས་བཏབས་པ་ན།།
བློ་གསར་བྷྲ་མ་ར་དག་དགའ་བར་བྱས།།

གང་གི་མཛད་འཕྲིན་གང་གཱའི་རྒྱུན་བཟང་པོ།།
ཆད་པ་མེད་པར་དུས་ཀྱི་མཐའ་མ་རུ།།
ཡངས་པའི་ས་ཆེན་འདི་ན་རྒྱུ་བཞིན་དུ།།
སྙན་པའི་སྒྲ་དབྱངས་སྒྲོག་པ་ཅིས་མི་མཚར།།

རེ་ཞིག་མཐོང་གྲོལ་གཟུགས་སྐུའི་དཀྱིལ་འཁོར་ནི།།
མི་མངོན་ཞི་བའི་ཀློང་དུ་ཐིམ་གྱུར་ཀྱང་།།
མ་སྨད་མཛད་རྗེས་བཟང་བོའི་གཟི་མདངས་ཀྱིས།།
ལྷུན་པོའི་རྩེ་མོར་འཁྱུད་པའི་གྲགས་པ་ལྡིར།།

ཁྱོད་ཀྱི་གསང་གསུམ་བླ་ན་མེད་པའི་མཛོད།།
ནམ་མཁའི་མཐའ་བཞིན་ཤིན་ཏུ་དཔོག་དཀའ་བ།།
དེ་ཡི་ཆ་ཙམ་བརྗོད་པའི་ལེགས་བྱས་ཀྱིས།།
བདག་ཀྱང་ཡང་དག་དོན་ལ་འབྱོར་བར་ཤོག།

ཅེས་འཇམ་མགོན་བླ་མའི་གསུང་རབ་ཀྱི་རྗེས་སུ་འབྲང་མཁན་སྙོམས་ལས་པ་ཨ་གནམ་ཐུབ་བསྟན་གྱིས། ཨ་མེ་རི་ཀའི་ནུབ་ཕྱོགས་ཀྱི་མཚོ་འགྲམ་དུ་ཡོད་པའི་སྦིག་རྒི་སིར་ཞེས་འཛམ་གླིང་ན་སྙན་གྲགས་ཆེ་ཞིང་། ཤིན་ཏུ་མཛེས་པའི་ཡུལ་ལྗོངས། སྙན་ངག་གྲགས་ཅན་པ་དུ་མའི་བསྟི་གནས་ཀྱི་དབེན་ཁྲོད་ཞིག་ཏུ་བྲིས་པའོ།།