དཀར་ཆག
དཔྱད་རྩོམ

བུད་མེད་ལ་འབོད་པའི་མིང་ཚིག་སྐོར་ལ་དཔྱད་པ།

དབྱིངས་ཀྱི་གཙོ་མོ་མཁར་ཆེན་མཚོ་རྒྱལ་དང་།།
ཨ་མ་ལབ་སྒྲོན་འགྲོ་བ་བཟང་མོ་སོགས།།
ཁ་བ་རི་པའི་མཁའ་འགྲོ་མ་རྣམས་ལ།།
མི་ཕྱེད་དད་པས་ཡང་དང་ཡང་དུ་འདུད།།

གངས་ཅན་སྐད་རིགས་ལྷ་ཡི་གསུང་སྙན་ལ།།
རྣ་བར་མི་འཇེབས་ཚིག་འགའ་མཆིས་པ་རྣམས།།
དུས་རབས་གསར་བའི་དགེ་མཚན་ཤར་དུས་འདིར།།
ཞེན་པ་མེད་པར་དོར་ན་མི་ལེགས་སམ།།

འཛམ་གླིང་ཤར་ནུབ་ཀྱི་ཕྱོགས་སུ་དར་བའི་གནའ་བོའི་གྲུབ་མཐའ་མང་བོའི་གཞུང་ལུགས་སུ། བུད་མེད་ཀྱི་རིགས་རྣམས་སྐྱེས་པ་དང་བསྡུར་ཚེ། རིགས་དམན་པ་དང་། མི་གཙང་བ་དང་། གཡོ་སྒྱུའི་རང་བཞིན་ཅན་སོགས་སུ་བརྩི་ཞིང་། མོ་རིགས་རྣམས་ལྷ་ཁང་ནང་དུ་འཛུལ་མི་ཆོག་པའམ། བླ་མ་དང་ཆོས་ཀྱི་སློབ་དཔོན་གྱི་གོ་ས་གཏན་ནས་འཛིན་མི་ཆོག་པའི་ཁྲིམས་གཏན་ལ་ཕབ་ཡོད། ད་ལྟ་དུས་རབས་ཉེར་གཅིག་པར་ཟིན་ཡང་། ཡེ་ཤུའི་གྲུབ་མཐའ་རྙིང་མ་རོ་མན་ཁ་ཐི་ལིག་གི་ཆོས་ལུགས་ཀྱིས་བུད་མེད་ལ་བླ་མའི་གོ་གནས་མི་སྤྲོད་པ་དང་། ཧིན་རྡུའི་ལྷ་ཁང་རྙིང་པ་འགའ་ཞིག་ཏུ་བུད་མེད་འཛུལ་མི་ཆོག་པ་སོགས་དཔེ་གྲངས་ཀྱིས་མི་ལངས། དེ་དག་ལས་ལྡོག་སྟེ། རང་རེ་ནང་པ་སངས་རྒྱས་པའི་ལུགས་ལ་ཕོ་མོ་གཉིས་འདྲ་མཉམ་ཡིན་པས། དེ་གཉིས་ཀར་རང་ངོས་ནས་མཆོག་དམན་གྱི་དབྱེ་བ་མེད་ཅིང་། གཉིས་ཀ་ལ་ཁྱད་མེད་དུ་བརྩི་བཀུར་བྱེད་འོས་པ་ཡིན། དཔེར་ན་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་དུ་རྩ་ལྟུང་གི་རྣམ་གཞག་གི་གསུང་སྐབས་སུ། ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པ་བྱེད་པ་བཅུ་བཞི་པ། །ཞེས་བུད་མེད་ལ་སྨོད་ན་རྩ་བའི་དམ་ཚིག་ཉམས་པར་འགྱུར་བ་སོགས་མོ་རིགས་ལ་མི་སྨོད་ཅིང་བརྩི་བཀུར་བྱེད་དགོས་པར་བསྐུལ་ཡོད། སྐབས་འདིར་བུད་མེད་ཅེས་པའི་ཚིག་ལ་འགྲེལ་སྟངས་མི་འདྲ་ཡོད་ཀྱང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་། རིག་པ་འཛིན་མ། མཚན་ལྡན་གྱི་གཟུངས་མ་ལྟ་བུ་ཁོ་ནར་མི་གོ་བར། བུད་མེད་སྤྱི་ལ་འགྲེལ་ན་ལེགས་ཤིང་ལུང་རིགས་ཀུན་དང་མཐུན། འདི་ལྟ་བུས་ནང་བའི་བསྟན་པ་ནི་རྨོངས་པའི་འཆིང་རྒྱས་མ་བཅིངས་ཤིང་། ཤེས་རབ་ཀྱི་འོད་སྟོང་འཕྲོ་ཞིང་། ལེགས་ཚོགས་ཐམས་ཅད་འབྱུང་བའི་གཞི་དམ་པ། ཡུལ་དུས་ཀུན་ཏུ་གནས་འོས་པའི་གཞུང་ལུགས་རྨད་དུ་བྱུང་བ་ཞིག་ཡིན་པ་མཚོན་ནུས།

མདོ་ལུགས་སུ་གཏོགས་པའི་ནང་པའི་གསུང་རབ་ཁ་ཤས་ནང་དུ་བུད་མེད་ཀྱི་རིགས་རྣམས་ཕོ་ལས་དམན་ཚུལ་བཤད་ཀྱང་། ངེས་དོན་མ་ཡིན་པར་གནས་སྐབས་སུ་ཡུལ་དུས་ཀྱི་དབང་དུ་མཛད་པའམ། སྒྲ་ཇི་བཞིན་དུ་འགྲེལ་མི་འོས་ཏེ། ཐབས་ལ་མཁས་ཤིང་ཐུགས་རྗེ་མངའ་བ། འཇིག་རྟེན་གྱི་སྒྲོན་མེ་ཆེན་པོ། བདག་ཅག་གི་བསྟན་པའི་བདག་པོ་རྒྱལ་བ་བཅོམ་ལྡན་འདས་ཉིད་ཀྱིས། ངེད་ཀྱི་བསྟན་པ་ལ། རིགས་མི་གཙོ། རུས་མི་གཙོ། བསླབ་པ་གཙོ་ཞེས་གསུངས་པས། སྤྱིར་ཐེག་པ་ཆེ་ཆུང་གཉིས་ཀྱི་ལུགས་གང་རུང་ལྟར་ན། ཕོ་མོ་གཉིས་ལ་རང་ངོས་ནས་མཆོག་དམན་མེད་པའི་རྒྱུ་མཚན་གྱིས། ནང་པ་སངས་རྒྱས་པའི་ཆོས་གྲྭལ་ནང་དུ། རིགས་རུས་ཕོ་མོ་རྣམས་ལ་མཆོག་དམན་མེད་ཅིང་འདྲ་མཉམ་དུ་བཞེད། སྟོན་པ་ཉིད་ཞལ་བཞུགས་པའི་སྐབས་སུ། ཁོང་གིས་སྐྱེ་དགུའི་བདག་མོ་སོགས་བུད་མེད་མང་པོར་བསྙེན་རྫོགས་ཀྱི་སྡོམ་པ་གནང་ནས། དེ་དག་དགེ་འདུན་པའི་གྲལ་དུ་ཚུད་པ་མ་ཟད། དགྲ་བཅོམ་མའི་གོ་འཕང་ཐོབ་མཁན་མི་ཉུང་བ་བྱུང་།

ལོ་རྒྱུས་སྟེང་དུ་མི་རིགས་གཞན་དག་མང་པོ་དང་བསྡུར་ན། ང་ཚོ་བོད་འདི་ཕོ་མོ་འདྲ་མཉམ་ཡོད་པའི་ཡུལ་ཁམས་ཤིག་ཡིན། དེའང་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ཆ་རྐྱེན་སྣ་ཚོགས་ལ་རག་ལས་ཏེ། ནང་པའི་གྲུབ་མཐའ་སྤྱི་དང་། སྒོས་སུ་གསང་སྔགས་རྡོ་རྗེ་ཐེག་པའི་ལྟ་གྲུབ་རྣམས་སུ། ཕོ་མོ་འདྲ་མཉམ་ཡིན་པར་གསུངས་ཡོད་པའི་ཁར། སུམ་པ་ལྟ་བུ་བོད་ཀྱི་མངའ་འོག་ཏུ་ཚུད་པའི་ཡུལ་གྲུ་དག་གི་ལུགས་སྲོལ་གྱིས་བོད་ཀྱི་རིག་གཞུང་སྤྱི་ལ་ཤུགས་རྐྱེན་ཐེབས་ཡོད་སྲིད། སུམ་པ་ནི་སྔོན་ཆད་རྒྱལ་ཁམས་ཤིག་ཡིན་ཞིང་། གནའ་བོའི་རྒྱའི་ཡིག་ཚང་དུ་བུད་མེད་ཀྱི་རྒྱལ་ཁམས་ཞེས་འབོད་དེ། ཡུལ་དེར་བུད་མེད་རྣམས་དབང་ཆ་ཆེ་ཞིང་། རྒྱལ་པོ་མེད་པར་རྒྱལ་མོ་ཁོ་ནས་སྲིད་དབང་འཛིན་སྲོལ་ཡོད་པར་བཤད། 

སྲོང་བཙན་སྒམ་པོའི་སྐབས་སུ། མོ་བཙུན་བཀའ་ལ་མི་འདོགས་ཞེས་བུད་མེད་ལ་སྲིད་དབང་མི་སྟེར་བའི་ཁྲིམས་ཤིག་བྱུང་བ་ནི། རྒྱལ་པོ་རང་ཉིད་ཀྱིས་སྐབས་དེའི་བོད་ཡུལ་དང་། འཛམ་གླིང་གི་མི་སྤྱིའི་བསམ་བློ་དང་རིག་གཞུང་ལ་བསྟུན་ནས་བཟོས་པ་ལས། ནང་པ་སངས་རྒྱས་པའི་གཞུང་ལུགས་དང་འབྲེལ་བ་ཅི་ཡང་མེད། རྒྱལ་པོ་རང་ཉིད་ཀྱི་སྐུ་སྒེེར་ངོས་ནས་ནང་པ་བ་ཞིག་ཡིན་པ་མ་ཟད། ཉམས་རྟོགས་མཐོ་བའི་སྐྱེས་བུ་དམ་པ་ཞིག་ཡིན་ཀྱང་། ཡུལ་ཁྲིམས་མང་པོ་ཞིག་ནི་སྐབས་དེའི་བོད་ཀྱི་ལུགས་སྲོལ་ལ་བསྟུན་ནས་བཟོས་པ་ལས། ཡོད་ཚད་ནང་པའི་རིག་གཞུང་ལ་རྒྱབ་བཅོལ་ནས་བཟོས་པ་མ་རེད། ཁོང་གིས་སྐབས་དེའི་བོད་ཀྱི་ལུགས་སྲོལ་ལ་མ་བརྟེན་པར་རྒྱལ་ཁྲིམས་གསར་དུ་བཟོ་ན། བློན་པོ་སོགས་གཞན་གྱི་ངོ་ལོག་བྱེད་འོང་བའི་དཀའ་ངལ་ཡོད་པ་སྨྲོས་ཅི་དགོས། གལ་ཏེ་ནང་པའི་གཞུང་ལུགས་གཅིག་པུ་ལ་བརྟེན་ནས་ཡུལ་ཁྲིམས་བཟོ་ཚེ། བུད་མེད་རྣམས་ཐོབ་ཐང་སྐྱེས་པ་དང་འདྲ་བར་བརྩི་བཀུར་བྱེད་དགོས་པས། བུད་མེད་རྣམས་ཀྱིས་བླ་མ་དང་དཔོོན་པོ་སོགས་ཀྱི་ལས་ཀ་གང་བྱེད་ཀྱང་ཆོག།གང་ལྟར་ཀྱང་བོད་ནི་གནའ་བོའི་སྤྱི་ཚོགས་ནང་ནས་བུད་མེད་ལ་ཐོབ་ཐང་ཆེ་ཤོས་ཤིག་རེད་ཅེས་སྨྲ་ན་ལོ་རྒྱུས་ཀྱི་བདེན་དཔང་ཡོད་པའི་གཏམ་མོ།།

བོད་ཡུལ་དུ་གཙོ་བོར་ཐེག་པ་ཆེན་པོའི་ཆོས་སྤྱི་དང་སྒོས་སུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱ་ཆེར་དར་ནས། གོམས་སྲོལ་དང་། བསམ་བློའི་འཁྱེར་སོ། སྐད་ཡིག་རྣམས་ཀྱི་ཐོག་ལ་དགེ་མཚན་ལྡན་པའི་ཕོ་མོ་འདྲ་མཉམ་ཀྱི་ལྟ་བའི་ཤུགས་རྐྱེན་གཏིང་ཟབ་མོ་ཐེབས་ཀྱང་། དེ་དང་མཉམ་དུ་གོང་སྨྲོས་ཀྱི་མདོ་ལུགས་སུ་གཏོགས་པའི་གསུང་རབ་ཁ་ཤས་ནང་དུ་ཚིག་ཙམ་ལ་བུད་མེད་དམན་པར་གསུངས་པས། དེ་ཚོའི་ཤུགས་རྐྱེན་རང་རེའི་རིག་གཞུང་ལ་ཐེབས་ཡོད་པ་སྨྲོས་ཅི་དགོས། བོད་སྐད་ནང་དུ་བུད་མེད་ཀྱི་མིང་ཚིག་དུ་མ་ཡོད་པ་ལས། ཕལ་ཆེ་ཤོས་ནི་སྨོད་ཚིག་མ་ཡིན་པས་སྐྱོན་ཅིའང་མེད། བུད་མེད། མོ། སྐྱེས་མ། སྐྱེ་དམན། ནག་མོ་རྣམས་ནི་བུད་མེད་ཀྱི་ཐ་སྙད་ཡིན་ཞིང་། ཁ་ཤས་ནི་འདོད་རྒྱལ་ཐོག་མའི་མིང་དང་། ཁ་ཤས་ནི་རྗེས་གྲུབ་འདོད་ལྡན་ཀྱི་མིང་དུ་སོང་། སྐྱེ་དམན་ཞེས་པའི་སྒྲ་ནི་མོ་རིགས་རྣམས་སྐྱེས་པ་དང་བསྡུར་ཚེ་རིགས་ངན་པའམ་དམན་པའི་དོན་ཡིན་པ་མ་ཟད། མདོ་ལུགས་ཀྱི་གསུང་རབ་ཉུང་ངུའི་ཤུགས་རྐྱེན་དག་བོད་ཀྱི་སྤྱི་ཚོགས་ལ་རྒྱ་ཁྱབ་དར་ནས་ཐ་སྙད་དེ་འདྲ་བྱུང་བ་ལས། བོད་ཀྱི་གདོད་མིའི་རིག་གཞུང་ནང་དུ་མེད་པ་འདྲ།

དབུས་གཙང་ཕྱོགས་སུ། མི་གཞན་པའི་ཁྱོ་མོ་སོགས་ལ་སྐྱེ་དམན་ཞེས་འབོད་སྲོལ་རྒྱ་ཆེན་པོ་དར་བ་མ་ཟད། དེང་སང་བྱེས་སྡོད་བོད་མིའི་འཚོ་བའི་ནང་དུ་ཚིག་དེ་རྒྱུན་དུ་བཀོལ་སྤྱོད་བྱེད་བཞིན་མཆིས། ཁ་སྐད་ཙམ་དུ་མ་ཟད། མངོན་བརྗོད་ཀྱི་གཞུང་དུ། སྐྱེས་པའི་མིང་ལ་སྐྱེ་བས་མཐོ་དང་། བུད་མེད་ལ་སྐྱེ་བས་དམན་ཞེས་བརྗོད། མངོན་བརྗོད་ཀྱི་གཞུང་དུ་གྲགས་པའི་ཐ་སྙད་མང་པོ་ནི་རིག་བྱེད་ཀྱི་གཏམ་རྒྱུད་ལ་སྦྱར་བ་དང་། དངོས་པོའི་ཆོས་ཉིད་དང་མ་བསྟུན་པར། འཇིག་རྟེན་ལ་གྲགས་པའི་གཏམ་ལ་ཁུངས་བཅོལ་ནས་བྱུང་བས་ཐ་སྙད་ཇི་བཞིན་དུ་ཁས་ལེན་མི་དགོས། སྔོན་གྱི་མཁས་པ་དུ་མས་གསུང་རྩོམ་ནང་དུ་མངོན་བརྗོད་ཀྱི་མིང་ཚིག་བཀོལ་སྤྱོད་མཛད་མོད་ཀྱང་། དེ་རྣམས་གོ་དཀའ་བའམ། སྟབས་མི་བདེ་བའི་དབང་གིས་དེང་སྐབས་དེ་དག་བཀོལ་སྤྱོད་བྱེད་མཁན་ཉིན་རེ་བཞིན་དུ་ཇེ་ཉུང་འགྲོ་བཞིན་ཡོད།

སྔོན་མ་ཞིག་ལ། མི་ཁ་ཤས་ཀྱིས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འགའ་རེར། བདེ་ཆེན་ཞིང་གི་བཀོད་པ་གསུང་སྐབས་སུ། དེར་བུད་མེད་གཅིག་ཀྱང་མེད་པ་མ་ཟད། དེར་སྐྱེ་ཚད་རིགས་བཟང་པོ་ཤ་སྟག་གི་ལུས་ལེན་པར་བསྟན་ཡོད་པས། གསུང་འདི་དག་དབྱིན་ཡིག་སོགས་མི་རིགས་གཞན་གྱི་སྐད་ཡིག་ཏུ་སྒྲ་ཇི་བཞིན་པར་བསྒྱུར་ན། དེང་སྐབས་བུད་མེད་ཀྱི་རང་དབང་རྩོད་པའི་དུས་སུ། ནང་ཆོས་ལ་མི་དགའ་བའི་བསམ་ཚུལ་འབྱུང་ཉེན་ཆེ་བས་ཇི་ལྟར་བྱེད་དགོས་ཞེས་བགྲོ་གླེང་བྱས་བྱུང་། ཕྲན་གྱིས་ལན་དུ། བུད་མེད་ཅེས་པའི་ཚིག་དེ་ཐད་ཀར་དུ་མི་བསྒྱུར་བར་རིགས་དམན་པའམ་སྐྱེ་བ་ངན་པའི་ལུས་མི་ལེན་པར་གོ་འོས་ཞེས་སྨྲ་མྱོང་། ནུབ་ཕྱོགས་པ་སོགས་མི་རིགས་གཞན་པ་གཅིག་པུ་མ་ཡིན་པར། མ་འོངས་པར་བོད་ཀྱི་བུད་མེད་ཤེས་ཡོན་ཅན་ཆོས་ལ་དད་པ་ཡོད་མཁན་རྣམས་ཀྱིས་འདིའི་སྐོར་ལ་དོགས་འདྲི་བྱུང་ཚེ། དུས་རབས་དང་མཐུན་པའི་ལན་འོས་འཚམས་ཤིག་འདེབས་རྒྱུ་ཡོད་པ་གལ་ཆེ་བར་མཐོང་།

ནང་པའི་བསྟན་བཅོས་རྙིང་པ་རྣམས་ཀྱི་ནང་དུ། བུད་མེད་ཀྱི་ལུས་མི་གཙང་བར་བསྟན་པ་ནི། སྐྱེས་པ་རྣམས་དང་། ཁྱད་པར་བཙུན་པ་རྣམས་འཁྲིག་སྤྱོད་ཀྱི་འདོད་ཆགས་ཀྱི་དབང་དུ་མི་འགྲོ་བའི་ཆེད་དུ་གཉེན་པོའི་ཚུལ་དུ་བསྟན་པ་ཙམ་མ་གཏོགས། བུད་མེད་ཀྱི་ལུས་རང་ངོས་ནས་མི་གཙང་བར་གསུངས་པ་ག་ལ་ཡིན། དོན་དམ་བདེན་པའི་ལྟ་བ་དང་བསྟུན་ཚེ། ཆོས་ཐམས་ཅད་རང་ངོས་ནས་གང་དུའང་མ་གྲུབ་པར། སྟོང་པ་ཉིད་ཀྱི་རང་བཞིན་ལས་མ་འདས་པས། གཙང་དང་མི་གཙང་འཛིན་པའི་རྣམ་རྟོག་ཐམས་ཅད་ཀྱང་སྤྲོས་པའི་དྲྭ་རྒྱར་ཚུད་ཡོད་པས། མཐར་དེ་དག་ཐམས་ཅད་ལས་གྲོལ་དགོས། གནས་སྐབས་ཙམ་དུ། བུད་མེད་ཀྱི་ལུས་ཙམ་མ་ཡིན་པར། མོ་རྣམས་འདོད་ཆགས་ཀྱི་འཆིང་རྒྱ་ལས་གྲོལ་བའི་ཆེད་དུ། གཙང་བ་དང་མཛེས་པར་འཛིན་པའི་རྣམ་རྟོག་གི་གཉེན་པོར་སྐྱེས་པ་རྣམས་ཀྱི་ལུས་རྣམས་མི་གཙང་བར་ཤུགས་ལ་བསྟན། དེས་ན་རིན་ཆེན་ཕྲེང་བ་སོགས་སུ་བུད་མེད་ཀྱི་ཁ་ནི་ཁ་ཆུ་རུལ་བའི་སྣོད་དང་། སྣ་ནི་རྣག་སྣབས་ཀྱི་སྣོད་དང་། ལྟོ་བའི་ཁོང་ནི་གཤང་ལྕིའི་སྣོད་ཡིན་པ་རྣམས་རྒྱུ་མཚན་དུ་བཟུང་ནས་བུད་མེད་ཀྱི་ལུས་མི་གཙང་བར་བསྒྲུབས་ཡོད་ལ། རིགས་པ་དེ་དག་ནི་སྐྱེས་པའི་ལུས་ལའང་འཇུག་པས་ཤེས་ནུས། མངོན་པའི་གཞུང་སོགས་སུ། ཕ་མ་དང་གཉེན་ལ་ཆགས་པའི་འདོད་ཆགས་དང་། མི་ཚངས་སྤྱོད་པའི་འདོད་ཆགས་གཉིས་ཡོད་པ་ལ། དང་པོའི་གཉེན་པོར་བཏང་སྙོམས་དང་། གཉིས་པའི་གཉེན་པོར་མི་གཙང་བ་བསྒོམ་པར་བཤད་ཡོད་ཅིང་། དེ་གཉིས་ཀ་ཕོ་མོ་ཚང་མས་ཉམས་སུ་ལེན་དགོས་པར་བསྟན་པ་ལས། དང་པོ་ནི་ཕོ་མོ་གཉིས་ཀས་ཉམས་སུ་ལེན་དགོས་པ་དང་། གཉིས་པ་ནི་སྐྱེས་པ་ཁོ་ནས་ཉམས་སུ་ལེན་དགོས་ཞེས་མ་གསུངས་པར། གཉིས་པ་ནི་ཕོ་མོ་གཉིས་ཀྱི་རང་རྒྱུད་ཀྱི་འཁྲིག་སྤྱོད་ཀྱི་འདོད་ཆགས་མགོ་གནོན་པའི་ཐབས་སུ་བསྟན་པ་བཞིན་ནོ།།

ང་ཚོའི་གླེང་མོལ་བྱེད་སྐབས་སུ། སྐྱེ་དམན་ག་གེ་མོ་སྐྱེ་བ་མཐོ་རབས་དང་། མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་དང་། མ་ཅིག་ལབ་ཀྱི་སྒྲོན་མ་སྐྱེ་དམན་རེད་ཅེས་ལབ་ན་ངག་ཐོག་ཏུ་བརྗོད་མི་བདེ་བ་ལྟར་ཡོད་སྟེ། མཁའ་འགྲོ་མ་ཞེས་ཡར་བསྟོད་མ་ཐག་ཏུ་སྐྱེ་དམན་ཞེས་མར་སྨད་པ་གཏམ་ནང་འགལ་ཅན་དུ་སྣང་། མཁའ་འགྲོ་མ་འགྲོ་བ་བཟང་མོ་བུད་མེད་ཞིག་རེད་ཟེར་ན་རྗོད་པ་པོས་བརྗོད་བདེ་བ་དང་། ཉན་པ་པོས་ཉན་བདེ་བ་ཞིག་ཡོད། གཞན་ཡང་དེང་སང་མི་མང་པོས་རང་གི་ཁྱོ་མོ་མི་གཞན་ལ་ངོ་སྤྲོད་བྱེད་སྐབས་སུ། འདི་ངའི་སྐྱེ་དམན་རེད་ཅེས་ཟེར་བཞིན་ཡོད། མནོ་བསམ་ཞིབ་མོ་བཏང་ཚེ། དེ་ནི་མ་གུས་པའི་མཚོན་རྟགས་ཤིག་ཏུ་སོང་ཡོད་པས། ཀ་ཁ་ཀློག་མི་ཤེས་པའི་འབྲོག་མོ་ཞིག་གི་སེམས་ལ་མི་གནོད་ཀྱང་། ཤེས་ཡོན་ཅན་གྱི་བུད་མེད་ཞིག་གི་སེམས་ལ་ང་ལ་སྨ་འབེབས་བྱས་སོང་སྙམ་ནས་གནོད་པ་ཕོག་སྲིད་ལ། མོ་ལ་སེམས་ཕམ་འབྱུང་བར་རྒྱུ་མཚན་གལ་གནད་ཅན་ཡོད་པས། རང་རེ་ཚང་མས་དེའི་སྐོར་ལ་དོ་སྣང་གང་ཟབ་གནང་ནས། ཚིག་དེ་མི་སྤྱོད་པར་རང་གིས་དམ་བཅའ་དང་། གཞན་ལ་དེ་ལྟར་དུ་སྐུལ་སློང་བྱེད་ན་ལེགས་སྙམ།

བོད་སྐད་དུ་བུད་མེད་ཀྱི་ཐ་སྙད་དུ་མའི་གྲུབ་ཆའམ་དེ་དག་གི་སྒྲ་བཤད་ལ་ཞིབ་དུ་དཔྱད་ན། ཕལ་ཆེ་ཤོས་མུ་མཐུད་དུ་བཀོལ་ཀྱང་དེང་དུས་ཀྱི་ལྟ་སྤྱོད་དང་འགལ་བ་མེད་པར་འདུག་སྟེ། འདིར་ཅུང་ཙམ་གླེང་ན། དཔེར་ན་བུད་མེད་ཅེས་པའི་སྒྲ་བཤད་ནི། མཚན་མ་ཕྱིར་མ་བུད་པས་བུད་མེད་ཅེས་ཐོགས་པ་རེད་ཟེར་མཁན་ཡོད་ཀྱང་། ལོ་རྒྱུས་ཀྱི་སྟེང་དུ་ཚིག་དེ་ཇི་ལྟར་བྱུང་ཚུལ་ཞིབ་འཇུག་ལེགས་པོ་མ་བྱས་ཚེ། དོན་དུ་སྒྲ་བཤད་མ་ནོར་བ་གང་ཡིན་ཐག་གཅོད་པ་མི་སླ་ཡང་། གོང་ལྟར་དུ་དེའི་སྒྲ་བཤད་འགྲེལ་ན་མི་ཆོག་པ་མེད། དེས་ན་བུད་མེད་ཀྱི་ཐོབ་ཐང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། རྒྱལ་སྤྱིའི་བུད་མེད་དུས་ཆེན། བུད་མེད་ཀྱི་བདེ་ཐང་། བུད་མེད་ཀྱི་གྱོན་ཆས་ཚོང་ཁང་སོགས་བུད་མེད་ཅེས་པའི་ཐ་སྙད་བཀོལ་ཁྱབ་ད་སྐབས་ཧ་ཅང་ཆེ་ལ། མ་འོངས་པར་མུ་མཐུད་དུ་བཀོལ་ན་འགལ་སྐྱོན་མེད། བུད་མེད་ཅེས་པའི་དགག་སྒྲ་ནི་དམན་པའི་དོན་མ་ཡིན་པས་སྨོད་ཚིག་དུ་མི་འགྲོ་སྟེ། དབུ་ཅན་མ་ཡིན་པའི་ཡིག་གཟུགས་ལ་དབུ་མེད་འབོད་པ་དང་མཚུངས། བདག་གི་སྙམ་ཚོད་ལ། བུད་མེད་ཀྱི་ཐ་སྙད་ལ་སྐྱེས་མ་ཞེས་པའི་ཚིག་ཁྱབ་ཆེ་བར་བཀོལ་སྤྱོད་བྱེད་ན་ལེགས་སྟེ། དེ་ནི་གནས་ལུགས་དང་མཐུན་ཞིང་བརྗོད་བདེ་ལ། སྒྲ་བཤད་ཀྱང་མིའི་རྣ་བར་འགྲོ་སླ་བ་ཡོད། སྐྱེས་མའི་སློབ་གྲྭ། སྐྱེས་མའི་རྐང་རྩེད་སྤོ་ལོ་ཚོགས་པ། སྐྱེས་མའི་སྨན་ཁང་། སྐྱེས་མའི་མཐུན་ཚོགས་སོགས་མིང་ཚིག་དག་ནི་བརྗོད་བདེ་ཞིང་ཡུལ་དུས་ཀྱི་ལུགས་སྲོལ་དང་མི་མཐུན་པའི་འགལ་སྐྱོན་ཅི་ཡང་མེད།

ཡང་བོད་ཤར་ཕྱོགས་མདོ་སྨད་ཀྱི་ཡུལ་གྲུ་དུ་མར། བུད་མེད་སྤྱི་དང་ཁྱོ་མོ་ལ་ནག་མོ་ཞེས་འབོད་སྲོལ་ཡོད། ཚིག་མཛོད་འགའ་རེར་བུད་མེད་ཀྱི་མགོ་བོའི་ཕྱོགས་གནག་པ་ཡིན་པའི་ཕྱིར་ནག་མོ་ཞེས་ཐ་སྙད་བྱུང་བ་ཡིན་པར་བཤད་པ་མཐོང་ལ། ལོ་སྟོང་ཕྲག་ལོན་པའི་སྲིད་པ་རྒན་པོ་ཞིག་ལ་འདྲི་ན་མ་གཏོགས། ལོ་རྒྱུས་ཐོག་ཏུ་ནག་མོ་ཞེས་པའི་ཐ་སྙད་དེ་ཅི་ལྟར་དུ་ཆགས་པ་ཐག་གཅོད་དཀའ། འོན་ཀྱང་དོན་ལ་འགལ་བ་མེད་པས་སྒྲ་བཤད་དེ་ལྟར་དུ་འགྲེལ་ན་མི་འོས་པ་མ་མཆིས། སྤྱིར་ལུས་དང་ལུས་ཀྱི་ཆ་ཤས་ཀྱི་ཁ་དོག་ལ་བརྟེན་ནས་མིང་འདོགས་སྲོལ་ཡོད་དེ། སྐུ་མདོག་ནག་པའི་ལྷ་མོ་འགའ་ལ་ཁྲོས་མ་ནག་མོ་སོགས་འབོད་པས་མཚོན། བོད་སྐད་ནང་དུ་མགོ་ནག་མི་ཞེས་པའི་ཚིག་མང་པོ་རྙེད་རྒྱུ་ཡོད། དེ་ནི་བོད་མི་སོགས་ཡ་གླིང་གི་མི་རྣམས་ཀྱི་མགོ་སྐྲའི་མདོག་ནག་པོ་ཡོད་པས་ཐ་སྙད་དེ་འདྲ་བཏགས་པ་རེད། ཡ་མཚན་པ་ཞིག་ལ། ང་ཚོ་བོད་པ་ལས་རིག་གཞུང་དང་རྒྱང་ཐག་ཤིན་ཏུ་རིང་བའི་གནའ་བོའི་མི་རིགས་གཞན་གྱི་སྐད་ནང་དུ་མགོ་ནག་མི་ཞེས་པའི་ཚིག་དེ་བྱུང་། ལོ་ངོ་སྟོང་ཕྲག་ལྔ་ལྷག་གི་སྔོན་དུ་དར་ཞིང་། ཐོག་མར་ཡིག་རིགས་གསར་གཏོད་བྱེད་མཁན་སུ་མིར་ Sumer ཞེས་པ་ནི་མི་རིགས་ཀྱི་ཡར་ཐོན་སྤྱི་ཚོགས་ཐོག་མ་རྙིང་ཤོས་ཡིན་ལ། ཁོ་ཚོས་ཁོ་རང་ཚོ་ལ་ས་རྒི་རྒ་ saĝ-gíg-ga ཞེས་འབོད་ཅིང་སྒྲ་དེའི་དོན་ནི་མགོ་ནག་མི་ཞེས་པ་ཡིན། སུ་མིར་ཆགས་པའི་ས་ཆ་ནི་དེང་སྐབས་ཨི་རག་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་ཤིང་། ཡིག་གཟུགས། འཁོར་ལོ། ཨང་རྩིས། སྐར་རྩིས། གྲུ་གཟིངས་སོགས་གསར་གཏོད་བྱས།

གཞན་ཡང་བཟའ་ཟླ་མོ་ལ་ཆུང་མའམ། ཁྱོ་མོ་ཞེས་གང་རུང་འབོད་ན་ཁྱད་པར་ཆེན་པོ་མེད་སྙམ། འོན་ཀྱང་ཁ་ཅིག་གིས་ཆུང་མ་ཞེས་པའི་མིང་ཚིག་དེ་དམན་པའི་སྒྲར་གོ་ཉེན་ཡོད་པས། རང་ངམ་གཞན་གྱི་བཟའ་ཟླ་མོ་ལ་ཁྱོ་མོ་ཞེས་འབོད་ན་མི་ལེགས་པ་ཅི་ཡང་མ་མཐོང་། མི་སྣ་མཐོན་པོའི་བཟའ་ཟླ་མོ་ལ་གུས་ཚིག་ཏུ་ལྷ་ལྕམ་དང་ལྕམ་མོ་ཞེས་འབོད་ན་ཆོག།ཡང་རྣལ་འབྱོར་པ་དང་སྔགས་པ་རྟོགས་ལྡན་སོགས་ཆོས་ལུགས་མི་སྣ་བཀུར་འོས་པ་རྣམས་ཀྱི་བཟའ་ཟླ་མོ་ལ་རིག་མ་དང་། གསང་ཡུམ། མཁའ་འགྲོ་མ་སོགས་འབོད་སྲོལ་ཡོད་ཅིང་། ཐ་སྙད་དེ་དག་གཙོ་བོ་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་དང་བསྟུན་ནས་བྱུང་བ་ཡིན་པས། སྒྲ་བཤད་ཟབ་ཅིང་རྒྱ་ཆེ་བ་འགྲེལ་ཚུལ་ཡོད། དཔེར་ན། མཁའ་འགྲོ་མའི་ཐ་སྙད་ནི་ཡེ་ཤེས་ཀྱི་ལྷ་མོ་དང་། རྟོགས་པ་མཆོག་ལྡན་རྣལ་འབྱོར་མ་སོགས་ལ་འཇུག་ཅིང་། དེའི་སྐད་དོད་དུ་ལེགས་སྦྱར་ལ་ཌཱཀི་ནཱི་ཞེས་བྱ། འོན་ཀྱང་མིང་མཐར་མ་ཡིག་མེད་པར་མཁའ་འགྲོ་ཞེས་བརྗོད་ན། དེ་ནི་ཕོ་མོ་གང་རུང་ལ་འཇུག་ནུས་པ་མ་ཟད། ལྷ་དང་ལྷ་མོ་ཞེས་བརྗོད་ཚེ་མིང་དང་པོ་ཕོ་ལ་འཇུག་པ་བཞིན་དུ། མཁའ་འགྲོ་དང་མཁའ་འགྲོ་མ་ཞེས་བྱུང་ཚེ་ཚིག་དང་པོ་ཕོ་ལ་གོ་དགོས་ཚུལ་ནི། ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་གཏེར་མ་ཡུམ་ཀ་བདེ་ཆེན་རྒྱལ་མོའི་རྩ་སྒྲུབ་ལས། མཁའ་འགྲོ་དང་ནི་མཁའ་འགྲོ་མཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ ཞེས་གསུངས་པ་ལྟར་རོ།།

འདིར་རང་རེ་བོད་རིགས་ཀྱི་གྲོགས་པོ་རྣམས་ལ་ཞུ་རྒྱུར། ད་ནས་བཟུང་། ཡི་གེ་དང་ཁ་སྐད་ནང་དུ་སྐྱེ་དམན་ཞེས་པའི་ཚིག་དེ་བཀོལ་སྤྱོད་མི་བྱེད་ན་ལེགས་སྙམ། དེང་སང་ཡར་ཐོན་ཡོད་པའི་མི་རིགས་མང་པོས་མི་རིགས་དང་མི་གཞན་ལ་སྨ་འབེབས་དང་། བརྙས་བཅོས་ཀྱི་ཚིག་རྣམས་ཕར་གཡུགས་བཞིན་པའི་དུས་སྐབས་འདིར། འུ་ཅག་བོད་པ་རྣམས་ཀྱིས་གཞན་གྱི་ཡ་རབས་ཀྱི་སྤྱོད་བཟང་མིག་དཔེར་བཟུང་ནས། ང་ཚོས་ཉིན་རེའི་འཚོ་བའི་ནང་དུ་བཀོལ་བཞིན་པའི་ཐ་སྙད་མང་པོ་ནི་ནང་བསམ་བློའི་འཁྱེར་སོ་ལ་བརྟེན་ནས་བྱུང་བ་དང་། དེ་དག་གིས་ང་ཚོའི་སེམས་ཐོག་ལ་ལྟ་བ་དང་འདུ་ཤེས་བཟོ་བསྒྱུར་བྱེད་པའི་ནུས་པ་ཆེན་པོ་ཡོད་པ་ཧ་གོ་སྟེ། མི་འོས་པའི་ལྟ་སྤྱོད་རྣམས་རྒྱང་རིང་དུ་དོར་ཕྱིར་དུ། ཡིག་ཐོག་ཏུ་འབྲི་བའམ། ངག་ཐོག་བརྗོད་པའི་ཐ་སྙད་རྣམས་ལ་བརྟག་དཔྱད་ཞིབ་མོ་གནང་ནས། གང་སྤྱོད་འོས་དང་མི་འོས་ཐད་ལ་རྒྱུན་དུ་དྲན་ཤེས་བསྟེན་ན། ནང་སེམས་ཀྱི་གོ་རྟོགས་གོང་འཕེལ་དུ་འགྲོ་ཞིང་། ཕྱིའི་ཀུན་སྤྱོད་ཀྱི་ཐད་ལ་གཞན་གྱིས་ཡིད་སྨོན་བྱེད་འོང་ངེས་ལགས།

སྐྱེ་ལུས་ཕོ་མོ་གང་གི་གཟུགས་ཡིན་ཡང་།།
སྐྱེ་བ་མཆོག་དམན་འདྲ་མཉམ་ཡིན་པས་ན།།
སྐྱེ་འདིར་བཀའ་དྲིན་ཆེ་བའི་ཨ་མ་ལ།།
སྐྱེ་དམན་ཞེས་པའི་སྨོད་ཚིག་མ་འབོད་ཅིག།

ཕོ་ལ་རིགས་ངན་སྐྱེ་དམན་སོགས་འབོད་ན།།
ཕོ་རྣམས་མྱུར་དུ་ཚིག་པ་ཟ་འོང་བས།།
ཕོ་ལ་བསྟོད་ཅིང་མོ་ལ་སྨད་པའི་ཚིག།
ཕོ་རྒན་ཚོ་ཡིས་བཟོས་པ་སྨྲོས་ཅི་དགོས།།

ཞེས་སྙོམས་ལས་པ་ཨ་གནམ་ཐུབ་བསྟན་གྱིས་ལྷག་བསམ་གྱི་སྒོ་ནས་སྤེལ་བར། སྤུན་ཟླ་བོད་པ་ཚོའི་ཐུགས་དང་འགལ་བ་མཆིས་ན་བཟོད་གསོལ་ཞུའོ།།