ཤར་མདོ་སྨད་མགོ་ལོག་ཡུལ་ལྗོངས་སུ།།
ཡུལ་སྐྱིད་པོ་སྨར་ཁོག་ལུང་བ་ཞེས།།
སྟེང་ལྷ་ཡུལ་ས་ལ་འཕོས་འདྲ་བ།།
ལས་སྐལ་བ་ཅན་ཚོའི་ཕ་ཡུལ་ཡིན། །
དཔལ་རྒྱལ་བའི་དབང་པོ་ཀརྨ་པ།།
རྗེ་ཆོས་དབྱིངས་རྡོ་རྗེ་ལ་སོགས་པ།།
མགོན་བླ་མ་མང་པོ་འཁྲུངས་པའི་གནས།།
ངའི་རང་ཡུལ་བསོད་ནམས་ཆེ་བ་ལ།།
སྔོན་ཆོས་རྒྱལ་མྱ་ངན་མེད་པ་ཡི།།
ཐུགས་སྨོན་ལམ་རྒྱ་ཆེན་ལས་བྱུང་ཞིང་།།
ལྷ་དཔའ་བོ་དཔའ་མོ་འདུ་བའི་ཚལ།།
གནས་བཀྲ་ཤིས་སྒོ་མང་མཐོང་ན་གྲོལ།།
དགྲ་འདུལ་མཛད་མགོན་པོ་བིང་གི་གནས།།
ཕར་བལྟས་ན་དངོས་གྲུབ་སྟེར་བའི་རི།།
ལྷ་ཡེ་ཤེས་པ་རྣམས་བྱོན་པའི་གྲོང་།།
གནས་ལྕགས་རི་འོད་འབར་ངོ་རེ་མཚར།།
སའི་དགེ་མཚན་མ་ལུས་ཚང་བ་དང་།།
གཡང་བསོད་ནམས་འབུམ་ཕྲག་འཁྱིལ་བའི་ཡུལ།།
ས་བཟང་བོ་སེ་ལེ་ཐང་ཆེན་དེ།།
རྒྱན་མཆོད་རྟེན་དཀར་པོས་སྤྲས་པ་རྨད།།
དུས་སྙིགས་མའི་འགྲོ་བ་སྒྲོལ་བ་ལ།།
ཐབས་མཁས་པ་བདུད་འཇོམས་གླིང་པ་ཡིས།།
དངོས་ཞབས་བཅགས་བྱིན་གྱིས་བརླབས་པའི་དགོན།།
དཔལ་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དྲན།།
དོན་སྐྱེ་མེད་རྟོགས་པའི་རིག་པ་འཛིན།།
ཚེ་སྒྲུབ་པ་མཉམ་པའི་བྱ་བྲལ་པ།།
རྗེ་ཨ་གནམ་ཆོས་དབྱིངས་ཕུན་ཚོགས་ཀྱི།།
གནས་རི་ཁྲོད་སྟག་གཡག་རི་བོ་དྲན།།
བོད་གངས་ཅན་ཡུལ་ལྷའི་ནང་རོལ་ན།།
མཐུ་འགྲན་མེད་གཡུང་དྲུང་ལྕགས་རྩེ་ཞེས།།
ཁོང་རྗེ་འབངས་བཞུགས་པའི་ཕོ་བྲང་ཆེ།།
ཕྱི་རྫ་རི་སྨུག་པས་དཀྲིས་པ་དྲན།།
འགོ་གཙང་མ་རི་མཐོ་ལས་འབབ་ཅིང་། །
བར་དྲག་ཏུ་རྒྱུ་བའི་སྨར་ཆུ་དེ།།
དུས་ད་ལྟ་ཐག་རིང་གནས་ན་ཡང་། །
ངའི་སེམས་ཀྱི་ནང་དུ་ཆད་མེད་བཞུར།།
ཡར་སྤང་རི་མཐོན་པོའི་རྩེ་མོ་ན།།
སེམས་གུ་ཡངས་དགའ་བས་ཁེངས་པ་ཡི།།
གཞོན་འབྲོག་མོས་གླུ་གཞས་གྱེར་བའི་སྒྲ།།
ངའི་ཡིད་ནས་བསུབ་ཐབས་ག་ལ་ཡོད།།
ས་སྤང་ལྗོངས་མེ་ཏོག་རྒྱན་ཆ་ཅན།།
ཕྱུགས་ར་ལུག་རྩེད་མོ་རོལ་བའི་གནས།།
གདན་གྲམ་རྩེ་བཞིན་དུ་འཇམ་པ་ལ།།
དྲི་ཞིམ་པོ་ཕྱོགས་ཀུན་ལྡང་བ་དྲན།།
ཕྱི་ལོངས་སྤྱོད་འབྱོར་བས་མ་དྲེགས་ཀྱང་།།
སེམས་གཤིས་ཀ་མདའ་བཞིན་དྲང་བ་ལ།།
བྱམས་སྙིང་རྗེ་དགེ་བློ་རབ་ཆེ་བའི།།
རང་ཡུལ་གྱི་བོད་མི་སྤུན་ཟླ་དྲན།།
ལུགས་མི་གཅིག་བཀའ་རྙིང་ཇོ་སོགས་ཀྱི།།
དགོན་ལྷ་སྡེ་ཐམས་ཅད་མཛའ་མཐུན་སྒོས།།
སེམས་དག་སྣང་འོད་ཀྱིས་ཁྱབ་པ་ཡི།།
སྨར་ལུང་བའི་སྐྱ་སེར་རྣམས་ཀྱང་དྲན།།
གོས་ངུར་སྨྲིག་རྒྱལ་མཚན་ཐོགས་བཞིན་དུ། །
ཆོས་བཀའ་པོད་ཐོས་བསམ་ལ་བརྩོན་ཞིང་།།
ནང་ཏིང་ངེ་འཛིན་ལ་གཞོལ་བ་ཡི།།
སྡོམ་ཚུལ་ཁྲིམས་གཙང་བའི་འདུས་སྡེ་དྲན།།
ལམ་བསྐྱེད་རྫོགས་གཉིས་ལ་དབང་འབྱོར་ཞིང་།།
ཆོས་ཨ་ཏི་ཡོ་གས་རྒྱུད་ཕྱུག་པའི།།
ནང་ཉམས་རྟོགས་མཐོ་བའི་གྲུབ་པ་ཅན།།
རྒན་རྣལ་འབྱོར་པ་ཚོ་སྙིང་ནས་དྲན།།
ཆུ་གཙང་མ་ཡན་ལག་བརྒྱད་ལྡན་ནང་།།
ཤར་རྒྱ་ཇ་དྲི་བཟང་འཐུལ་བ་ལ།།
འབྲི་བཟང་མོའི་འོ་དཀར་བླུགས་པ་ཡི།།
འབྲོག་ཨ་མའི་ཇ་དེ་ད་དུང་དྲན།།
རྫས་དུག་རིགས་དྲི་མས་མ་བསླད་པས།།
ཁར་ཟ་ན་རོ་མཆོག་བརྒྱ་ལྡན་ལ།།
ཁོག་མིད་ན་ལུས་ལ་ཟུངས་སྟེར་བ།།
བོད་གངས་ཅན་པ་ཡི་ཟ་མ་དྲན།།
ལས་རླུང་དམར་དྲག་པོས་རྒྱབ་དེད་ནས།།
ས་ཕྱོགས་མེད་མང་བོར་ཉུལ་བའི་མཐར།།
ཕྱི་ཨ་རིའི་ཡུལ་དུ་ལྷག་པ་ང་།།
རང་སྐྱེ་ས་ནམ་ཡང་བརྗེད་མི་སྲིད།།
ལུགས་མི་མཐུན་སྐད་རིགས་མི་འདྲ་བའི།།
རིགས་ཐ་དད་གཞན་གྱི་མི་ཡུལ་ནས།།
རྒྱང་ཐག་རིང་ཕ་ཡུལ་དྲན་སྐབས་སུ།།
ཟས་རྩམ་པ་འདྲ་བའི་སྐྱོ་རོགས་མེད།།
ཡིད་དྲན་གདུང་འོག་ཏུ་རབ་ལྷུང་ནས།།
མིག་ནང་དུ་མཆི་མ་འཁྲུགས་པའི་ཚེ།།
རྣར་སྙན་པའི་བོད་གླུ་ཐོས་པ་ན།།
ངའི་གདོང་ལ་མཛུམ་མདངས་དབང་མེད་བཀྲ།།
ཕྱོགས་ཀུན་ན་བཞུགས་པའི་གཉེན་ཉེ་རྣམས། །
ཁྱིམ་དྲོན་མོ་གཅིག་ལ་མཉམ་འཛོམས་ཏེ།།
བོད་གནམ་ལོ་གསར་བའི་དགའ་སྟོན་ལ།།
སྐྱིད་འདོད་ཡོན་ལོངས་སུ་སྤྱད་པ་དྲན།།
ཡར་རི་བོ་མཐོན་པོའི་རྩེ་མོ་རུ།།
ཕར་རང་ཡུལ་ཕྱོགས་ལ་སེམས་གཏད་ནས།།
ལྷ་དཀར་ཕྱོགས་སྲུང་མ་བོས་པའི་ཚེ།།
ངའི་ཡིད་ལ་སྔར་མེད་དཔའ་གདེངས་སྐྱེས།།
མདངས་རྨི་ལམ་འདྲ་བའི་འཇིག་རྟེན་འདི།།
སེམས་ཇི་འདྲ་ཆགས་ཀྱང་འབྲལ་འོང་ན།།
མཐར་གནས་གྲོགས་ཚང་མ་བསྐྱུར་དགོས་པས།།
ད་བསམ་གྱིན་མི་སྐྱོ་དབང་མེད་བྱུང་།།
ཡུལ་གསར་བ་བར་དོའི་འཕྲང་ལྟ་བུར།།
གཞན་རྒྱུས་མེད་རྣམས་དང་བཤིབས་པའི་ཚེ།།
བློ་གཏད་ས་མེད་པའི་དཀའ་སྡུག་ངང་།།
མི་ཤི་བོའི་རྣམ་ཤེས་འཁྱམས་པ་འདྲ།།
དུས་སྔ་འཕྱི་ཙམ་ཞིག་མ་གཏོགས་པ།།
ཡུལ་ཕ་མ་མིང་སྲིང་ལྟ་ཅི་ཞོག།
ཤ་ལུས་པོ་འདི་དང་འབྲལ་དགོས་ན།།
སེམས་སྐྱོ་བར་དགོས་པ་ཅང་མ་མཆིས།།
ས་གང་དུ་འགྲོ་ཡང་རང་གི་ཡུལ།།
མི་སུ་དང་འགྲོག་ཀྱང་རང་གི་རིགས།།
ཟས་ཅི་ཞིག་སྤྱོད་ཀྱང་ཕ་མའི་ཟས།།
སའི་གོ་ལ་རྒྱལ་ཁབ་གཅིག་ཡིན་ནོ།།
ཞེས་བོད་ཤར་ཕྱོགས་རོང་མ་འབྲོག་གི་ཡུལ་ཞིག་ཏུ་སྐྱེས་ཤིང་། མར་རྩམ་ལ་རོལ་བཞིན་འཚར་ལོངས་བྱུང་བའི་སྨར་བ་ཨ་གནམ་ཐུབ་བསྟན་དུ་འབོད་པས། ས་ཐག་རིང་མཐའི་རྒྱ་མཚོའི་ཕ་རོལ་ཞིག་ནས། དྲན་གདུང་སེལ་སླད་དུ་བྲིས་སོ།།