དཀར་ཆག
སྣ་ཚོགས

༄། །ལ་ལ་བླ་མ་ཚུར་ལོའམ་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་གསོལ་འདེབས་བྱིན་རླབས་འདོད་འཇོ་བཞུགས།

མ་དག་ཀུན་རྫོབ་འཁྲུལ་བའི་འཁོར་ལོ་ཉིད།།
ཁྱབ་བརྡལ་ཡེ་ཤེས་དབྱིངས་སུ་ཞིག་པ་ལས།།
ཟག་བྲལ་བདེ་ཆེན་རོ་ལ་རྟག་སྤྱོད་མཁན།།
རྗེ་བཙུན་བླ་མ་ཚུལ་ཁྲིམས་རྒྱ་མཚོར་འདུད།།

གཉིས་སུ་མེད་པའི་གནས་ལུགས་མངོན་གྱུར་པས།།
རྒྱལ་བའི་ཞིང་དུ་ཟབ་ཞིའི་ཏིང་ངེ་འཛིན།།
ཅིར་ཡང་རོལ་བཞིན་ཐུགས་བསྐྱེད་དག་པའི་སྒོས།།
བསམ་བཞིན་སྲིད་པ་བཟུང་ལ་གསོལ་བ་འདེབས།།

དགེ་མཚན་བཅུ་ཡིས་མཛེས་པའི་ས་ཡི་མཆོག།
མདོ་སྨད་ཡུལ་གྱི་ལྟེ་བ་སྨར་ཞེས་པར།།
རིགས་རུས་ཕུན་སུམ་ཚོགས་པའི་རྒྱན་དང་བཅས།།
ལེགས་པར་སྐུ་བལྟམས་མཛད་ལ་གསོལ་བ་འདེབས།།

གང་ཁྱོད་སྐུ་ཡི་ནར་མ་སོན་བཞིན་དུ།།
ངེས་པར་འབྱུང་དང་བྱང་ཆུབ་སེམས་ཀྱི་ནོར།།
ཐུགས་ཀྱི་བང་བར་བཀྲ་བའི་རྟགས་མཚན་གྱིས།།
གཞན་ཡིད་འཕྲོག་པར་མཛད་ལ་གསོལ་བ་འདེབས།།

རྒྱལ་བ་བྱང་ཆུབ་དངོས་སྣང་སེམས་དཔའ་ཆེ།།
བྱ་བྲལ་ཆེན་པོ་ཆོས་དབྱིངས་ཕུན་ཚོགས་ཀྱིས།།
དགོངས་པས་རྗེས་བཟུང་བྱིན་གྱིས་བརླབས་པ་ཡི།།
རིགས་ཀྱི་སྐྱེས་མཆོག་དམ་པར་གསོལ་བ་འདེབས།།

སྔོན་སྦྱངས་བག་ཆགས་བཟང་བོ་སད་པ་ལས།།
གཞན་བཞིན་རྩོལ་བའི་ཟུག་རྔུས་མ་བཅིངས་པར།།
རིག་པའི་ཕྱི་མོ་ཡི་གེ་འབྲི་ཀློག་ཀུན།།
ཐོགས་མེད་མཁྱེན་པར་མཛད་ལ་གསོལ་བ་འདེབས།།

རྒྱལ་སྲས་དག་གིས་རིག་པའི་གནས་ཐམས་ཅད།།
མ་ལུས་བསླབས་པའི་རྣམ་ཐར་ཇི་བཞིན་དུ།།
ཐུན་མོང་ཤེས་བྱ་རི་མོའི་སྒྱུ་རྩལ་སོགས།།
ལེགས་པར་ངེས་པར་མཛད་ལ་གསོལ་འདེབས།།

ལམ་གྱི་རིམ་པ་ཡོངས་སུ་རྫོགས་པའི་ཕྱིར།།
མཚན་ཉིད་ཀུན་ཚང་བླ་མ་ལེགས་བསྟེན་ནས།།
མདོ་དང་རྒྱུད་ཀྱི་དགོངས་དོན་མ་ནོར་བ།།
ནང་བྱན་ཆུད་པར་བྱས་ལ་གསོལ་བ་འདེབས།།

སྔ་འགྱུར་རིང་ལུགས་ནང་རྒྱུད་ཡོ་ག་ཡི།།
དབང་ལུང་ཁྲིད་ཀྱི་ཕ་ནོར་ཉེར་བཞེས་ཤིང་།།
རིག་འཛིན་གོང་མའི་གཤེགས་ཤུལ་ལ་བསྙེགས་པའི།།
བླ་མེད་འཕགས་པའི་སྐྱེས་བུར་གསོལ་བ་འདེབས།།

ཁྱད་པར་ཡབ་རྗེ་ཕྲིན་ལས་གླིང་པའི་ཞབས།།
མཉེས་པ་གསུམ་གྱིས་གཙུག་ཏུ་བསྙེན་བཞིན་དུ།།
ཟབ་གཏེར་རྒྱ་མཚོའི་མཇིངས་ལ་བགྲོད་པ་པོ།།
བསྟན་པའི་མངའ་བདག་ཆེན་པོར་གསོལ་བ་འདེབས།།

འདི་སྣང་མཐུན་མཇུག་སྒྱུ་མ་ལྟར་གཟིགས་ནས།།
འཇིག་རྟེན་ཆོས་བརྒྱད་བཙོན་དོང་རྒྱབ་དོར་ཏེ།།
ཡེངས་མེད་ཚེ་གཅིག་སྒྲུབ་ལ་གཞོལ་བ་ཡི།།
ཀུན་སྤངས་རྣལ་འབྱོར་མཆོག་ལ་གསོལ་བ་འདེབས།།

བགྲང་བྱ་མང་བོར་གཉན་པོ་གཡུ་རྩེ་དང་།།
སྒ་སྟོད་བདེ་ལུང་རྨ་བྱའི་སྒང་སོགས་སུ།།
ཐུགས་དམ་ལ་གཞོལ་ལྷག་པའི་ལྷ་མཇལ་བ།།
འཁོར་ལོའི་མགོན་པོ་ཁྱོད་ལ་གསོལ་བ་འདེབས།།

པད་མའི་ཞལ་སྐྱིན་ཀློང་གསལ་སྙིང་པོ་ཡི།།
གཏེར་གྱི་ཡང་ཞུན་ཡེ་ཤེས་རབ་འབར་ཆེའི།།
འཛབ་སྔགས་དྲག་པོ་དུང་ཕྱུར་བཞི་བཟླས་པས།།
དངོས་གྲུབ་རྣམ་གཉིས་བརྙེས་ལ་གསོལ་བ་འདེབས།།

ངོ་མཚར་གྲོལ་ལུགས་བཞི་ཡི་ཁྱད་ཆོས་བཅས།།
ཆོས་ཉིད་ཀ་དག་རིག་སྟོང་འོད་གསལ་བ།།
ཐུགས་ལ་གོམས་པས་རྟོགས་པ་ཀློང་གྱུར་མཁན།།
གསང་ཆེན་བསྟན་པའི་དབང་བོར་གསོལ་བ་འདེབས།།

རྒྱུ་རྐྱེན་རྩོལ་བའི་དྲི་མས་མ་གོས་པར།།
རང་གནས་དྲི་མེད་ཆོས་སྐུ་ལྷུན་གྲུབ་གདངས།།
དག་པའི་སྣང་ཆ་དབྱིངས་སུ་རྫོགས་པའི་མཐར།།
གཉུག་མའི་རང་ས་ཟིན་ལ་གསོལ་བ་འདེབས།།

ཕྱི་ནང་རྐྱེན་ངན་བདུད་ཀྱི་ཆོ་འཕྲུལ་གྱིས།།
ཕལ་མོ་ཆེ་རྣམས་རེ་དོགས་ཀྱིས་མནར་ཚེ།།
འཇིགས་མེད་ལྟ་བའི་བཙན་རྫོང་ལ་བཞུགས་པའི།།
མཚུངས་མེད་རིག་པའི་རྗེ་བོར་གསོལ་བ་འདེབས།།

རྣམ་དཔྱོད་ལང་ཚོ་གསར་བའི་ཟུངས་ལྡན་ཞིང་།།
བརྩོན་འགྲུས་གོ་ཆ་ཐོགས་པའི་བློ་གསར་ལ།།
སྣ་ཚོགས་བྷོ་ཊའི་གཙུག་ལག་བསླབས་མཛད་པའི།།
མཚུངས་མེད་སློབ་དཔོན་དམ་པར་གསོལ་བ་འདེབས།།

སྐལ་ལྡན་གདུལ་བྱའི་སེམས་ཀྱི་ཞིང་ས་རུ།།
ཉམས་རྟོགས་ལོ་ཏོག་གཡུར་དུ་ཟ་བའི་ཕྱིར།།
དབང་ལུང་ཁྲིད་ཀྱི་ཆར་བ་འབེབས་མཁས་པ།།
དྲིན་ལྡན་རྡོ་རྗེ་འཛིན་པར་གསོལ་བ་འདེབས།།

དད་དང་དམ་ཚིག་འགྱུར་བ་མེད་པ་ཡི།།
སྐལ་བ་བཟང་ལྡན་ལས་ཅན་གང་ཟག་ལ།།
སྤྲོས་མེད་ངོ་སྤྲོད་རིན་པོ་ཆེ་ཡི་མཛོད།།
ཅིག་ཅར་གནང་བའི་འདྲེན་པར་གསོལ་བ་འདེབས།།

སྤྲུལ་བའི་གཏེར་ཆེན་འཇིགས་མེད་རྡོ་རྗེ་སོགས།།
སྙན་པ་རབ་འབར་ཚད་མའི་བསྟན་འཛིན་གྱིས།།
གང་ཞབས་སྤྱི་བོའི་ཅོད་པན་གྱིས་བཏུད་ནས།།
རིགས་ཀྱི་བདག་པོར་བཀུར་ལ་གསོལ་བ་འདེབས།།

དམིགས་མེད་སྙིང་རྗེའི་རླུང་གིས་ཉེར་བསྐྱོད་ཚེ།།
མངོན་སྤྱོད་མེ་དཔུང་འབར་བའི་དཀྱིལ་འཁོར་དུ།།
བར་ཆད་རྩོམ་པའི་ཕ་རོལ་བགེགས་ཀྱི་དཔུང་།།
ཐལ་བར་བསྲེག་པའི་དཔའ་བོར་གསོལ་བ་འདེབས།།

སྔོན་གཤེགས་འཕགས་པའི་སྐྱེ་བོ་མང་དག་གིས།།
ཞབས་བཅགས་བྱིན་བརླབས་དཔའ་བོ་མཁའ་འགྲོའི་གྲོང་།།
སྨར་མདོ་བཀྲ་ཤིས་དགའ་འཁྱིལ་ལ་སོགས་པར།།
གཞན་དོན་རླབས་ཆེན་བསྐྲུན་ལ་གསོལ་བ་འདེབས།།

རིགས་བདག་བླ་མའི་གདན་ས་རྨད་བྱུང་བ།།
བསྟན་གཉིས་དར་རྒྱས་གླིང་གི་ཆོས་ཀྱི་ཁྲིར།།
ཞབས་ཟུང་བཀོད་ནས་འདུས་སྡེ་རྒྱ་ཆེན་པོར།།
བརྒྱུད་པའི་སྐྱེས་བཟང་འགྱེད་ལ་གསོལ་བ་འདེབས།།

མི་ཡི་སྲོལ་དུ་དཔའ་མཛངས་ཀུན་ཚང་ཞིང་།།
ཆོས་ལྟར་མཁས་བཙུན་བཟང་བའི་བདག་ཉིད་ཅན།།
སྤྱོད་པ་བླངདོར་གཞུང་དང་མི་འགལ་བ།།
དམ་པའི་དམ་པ་ཁྱོད་ལ་གསོལ་བ་འདེབས།།

དགོངས་པའི་རྩལ་ཆེན་ཡོངས་སུ་བརྟས་པའི་བརྡར།།
ལྐོག་གྱུར་གཞན་གྱི་ཁམས་དབང་བསམ་པ་སོགས།།
འཇིག་རྟེན་ཕལ་བའི་སྤྱོད་ཡུལ་མ་གྱུར་པ།།
ཇི་བཞིན་གཟིགས་པར་མཛད་ལ་གསོལ་བ་འདེབས།།

འདུས་བྱས་ཆོས་ཉིད་མི་རྟག་སྒྱུ་མའི་མཚང་།།
སྟོན་སླད་ཚུར་མཐོང་འགྲོ་བའི་སྣང་ངོ་རུ།།
མཐོང་གྲོལ་སྐུ་ཡི་བཀོད་པ་བསྡུས་ན་ཡང་།།
མཛད་འཕྲིན་བྱིན་རླབས་ཉམས་པ་མེད་པར་གནས།།

དེང་ནས་བྱང་ཆུབ་སྙིང་པོ་མ་རེག་པར།།
དམ་པ་གང་གིས་བརྩེ་བས་མི་འདོར་བར།།
བདག་སོགས་གདུལ་བྱ་ཐར་བའི་ལམ་བཟང་ལ།།
ཡང་དང་ཡང་དུ་དཀྲི་བའི་དམ་བཅའ་མཛོད།།

དུས་གསུམ་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད།།
མཁྱེན་བརྩེའི་བདག་ཉིད་ཁྱོད་ཞལ་དྲན་པའི་མོད།།
བདག་ཡིད་སྒྲིབ་པའི་སྤྲིན་ཚོགས་ལས་གྲོལ་ཏེ།།
འོད་གསལ་སེམས་ཉིད་སྣང་བ་གསལ་གྱུར་ཅིག།

ཅེས་ཁྱབ་བདག་འཁོར་ལོའི་མགོན་པོ་ལ་ལ་བླ་མ་ཚུར་ལོའམ་ཚུལ་ཁྲིམས་རྒྱ་མཚོ་ནི། སྐུ་ཚེ་གང་བོར་ཉམས་ལེན་འབའ་ཞིག་གནང་བ་མ་ཟད། མཆོག་གི་དངོས་གྲུབ་བརྙེས་ཤིང་། ཨ་པང་གཏེར་ཆེན་ཕྲིན་ལས་གླིང་པས་ཆོས་ཀྱི་བདག་པོར་གཟེངས་བསྟོད་པས། སྙིགས་དུས་འདིར་འབྱུང་དཀའ་བའི་སྐྱེས་བུ་ཆེན་པོ་ཞིག་ཡིན་་ཞིང་། རང་ཡང་དམ་པ་ཉིད་ཀྱི་དྲུང་ནས། ལོ་ན་གཞོན་དུས་ནས་ཡིག་གཟུགས་དང་ལྷ་རིས་འབྲི་ལུགས་བསླབས་པའི་ཁར། རིག་འཛིན་བདུད་ཀློང་གཉིས་ཀྱི་གཏེར་ཆོས་མང་བོའི་དབང་ལུང་དང་། ཀར་གླིང་ཞི་ཁྲོ། བདེ་གཤེགས་གླིང་པའི་དྲག་ཁྲོས་ཀྱི་དབང་སོགས་དང་། ཐོལ་བྱུང་ལུགས་ཀྱི་གདམས་པ་མི་ཉུང་བ་ཐོབ་པས། ཁོང་ཉིད་རྩ་བའི་བླ་མ་གཙུག་གི་ནོར་བུ་ཡིན་པའི་འདུ་ཤེས་སྙིང་ལ་རྟག་ཏུ་བཟུང་བའི་སྙོམས་ལས་པ་ཨ་གནམ་ཐུབ་བསྟན་དུ་འབོད་པས། གང་གི་བཀའ་དྲིན་དྲན་པའི་གདུང་བ་དྲག་ཏུ་སྐྱེས་པ་ན། རྒྱལ་ཁབ་ཆེན་པོ་ཨི་ཊ་ལིའི་རྒྱལ་ས་རོམ་དུ་སྦྱར་བ་དགེའོ།།