དཀར་ཆག
སྙན་མགུར

གཡག་རྒན་ལགས།

མཛེས་སྡུག་གི་ཧི་མ་ལ་ཡའི།།
རི་རྒྱུད་ཀྱི་ས་གཞིའི་བདག་པོ།།
བྷོ་ཊ་ཡི་གཅེས་ནོར་གཅིག་པུ།།
བརྗེད་ཐབས་ཤིག་བྲལ་བའི་གྲོགས་མཆོག།
གཡག་རྒན་ཁྱེད་བདེ་མོར་བཞུགས་སམ།།

མི་ལོ་ནི་བཅུ་ཕྲག་རིང་ལ།།
ང་རང་ཉིད་ཐག་རིང་དུ་འཁྱམས་ནས།།
ཕ་ཡུལ་ལ་ལོག་ཁོམ་མ་བྱུང་།།
གཞན་ཡུལ་ལ་མགོ་བོ་འཁོར་ནས།།
རང་ཡུལ་དེ་རེ་ཞིག་བརྗེད་སོང་།།
སྙིང་གཏིང་ནས་དགོངས་འགལ་མེད་རོགས།།
གཞན་པ་ཡི་ངག་ལ་ཉན་ཚེ།།
གང་སྐུ་ནི་ཤིན་ཏུ་བགྲེས་ཤིང་།།
སྔོན་ཆད་ཀྱི་ལང་ཚོ་ཉམས་ནས།།
ལུས་སྲོག་གི་ཟུངས་རྣམས་ཟད་འདྲ།།
ཚེ་སྲོག་འདི་དུས་ཡུན་ཐུང་བས།།
འུ་ཅག་གཉིིས་མཇལ་ལོང་མེད་སྙམ།།
འཛམ་གླིང་གི་ས་ཆ་ཀུན་དུ།།
སྔར་མེད་གྱི་འགྱུར་ལྡོག་གསར་བ།།
ས་ཁྱབ་དང་རྡོ་ཁྱབ་འགྲོ་བཞིན། །
སྔོན་ཆད་ཀྱི་འཚོ་བ་སྐྱེལ་སྟངས།།
དགོང་ཀ་ཡི་ཉི་མ་ལྟར་དུ།།
རིམ་བཞིན་དུ་ཡལ་བར་འགྱུར་འདུག།
དེང་སང་གི་དུས་རབས་འདི་ལ།།
གནམ་གྲུ་དང་མོ་ཊ་བཀོད་ཅིང་།།
ཆོ་མེན་དང་མན་ཐོར་དགའ་ནས།།
ནས་རྩམ་ནི་ཟ་མཁན་ཇེ་ཉུང་།།
རྩག་པ་ཞིག་གོན་ཀྱང་མི་མཛེས།།
ཕ་སྐད་རེ་བཤད་ན་མི་སྙན།།
སྐྱ་སེར་དང་ཕོ་མོ་ཚང་མས།།
སྲོལ་གསར་ལ་ཡིད་སྨོན་བྱེད་ཅིང་།།
གཞན་ནོར་གྱིས་རང་མགོ་བསླུས་པས།།
གཞན་རིགས་ཀྱི་དངུལ་ལ་དགའ་ཡང་།།
སློབ་སྦྱོང་དང་ལག་རྩལ་ཐད་ནས།།
ཡར་ཐོན་གྱི་གྲལ་དུ་མ་སླེབས།།
རང་ཅག་ཚོ་མགོ་བོ་འཁྲུལ་སྐབས།།
གཡག་རྒན་ཁྱེད་མཁོ་མཁན་ཇེ་ཉུང་།།
ཕ་མེས་ཀྱི་ལོ་རྒྱུས་ནང་དུ།།
ཁྱེད་ཉིད་ནི་གངས་ཅན་པའི་སྲོག་ཤིང་།།
གྲང་ངར་གྱིས་རབ་ཏུ་གཟིར་བའི།།
རང་བྱུང་གི་ཁོར་ཡུག་བཙན་པོར།།
དཀའ་ཚེགས་ཀུན་རྡོག་པས་བརྫིས་ཏེ།།
དཔའ་སྙིང་གི་གཟི་བརྗིད་འབུམ་གྱིས།།
མཐོ་སྒང་གི་ཞིང་ཁམས་བསྐྲུན་ཡོད།།
གཡག་རྒན་ཁྱེད་བཀའ་དྲིན་ཆེ་ཚུལ།།
སེམས་ནང་ལ་ཤར་ཐེངས་རེ་ལ།།
མིག་གཉིས་པོ་མཆི་མས་བཀང་ཐལ།།
རྩི་སྐུད་ཀྱིས་བཟོས་པའི་སྦྲ་དང་།།
འབྲི་བཟང་གི་མར་ཆུ་ཞིམ་པོ།།
འདི་གཉིས་པོ་དང་བོར་མེད་ན།།
ཁ་བ་ཡིས་གཡོགས་པའི་ཞིང་དུ།།
ང་ཚོ་ཡི་རིགས་རྒྱུད་ཆགས་དཀའ།།
ང་རང་ནི་ཆུང་ངུའི་དུས་ནས།།
ནམ་རྒྱུན་དུ་ཁྱེད་ལ་སྨོན་ཡོད།།
འཇིག་རྟེན་གྱི་སྲོག་ཆགས་ནང་ནས།།
ཁྱེད་ཉིད་ནི་སྙིང་སྟོབས་ཆེ་ཤོས།།
ཁྱེད་ཉིད་ནི་གཟི་བརྗིད་ཆེ་ཤོས།།
ཁྱེད་ཉིད་ནི་བཟོད་སྲན་ཆེ་ཤོས།།
ཁྱེེད་ཉིད་ནི་སུ་ལ་མི་འཇིགས།།
ཁྱེད་ཉིད་ནི་གང་ལ་མི་ཞུམ།།
ཤར་གླིང་གི་ཐ་གྲུ་མང་བོ།།
སྲིད་ཐབས་ཀྱིས་དབང་བསྒྱུར་མཛད་མཁན།།
གདོང་དམར་གྱི་བཙན་པོ་རྣམས་ཀྱང་།།
ཁྱེད་མེད་ན་མངའ་ཐང་མེད་དོ།།
དཀའ་སྡུག་གི་འཚོ་བ་མ་མྱངས།།
ཟས་ཞིམ་ཀྱིས་ཛ་ལང་ཤོར་ཞིང་།།
ཁ་པར་ལ་མགོ་བོ་འཁོར་བས།།
ཚེགས་ཆུང་ལ་སྐད་ངན་ཤོར་མཁན།།
དེང་དུས་ཀྱི་ན་གཞོན་རྣམས་ཀྱིས།།
གཡག་རྒན་གྱི་བཀའ་དྲིན་བརྗེད་འདུག།
མདང་དགོང་གི་རྨི་ལམ་ནང་ལ།།
གཡག་རྒན་གྱི་དགུང་ལོ་བགྲེས་ནས།།
འཆི་ནད་ཀྱིས་བཏབ་པ་མཐོང་བྱུང་།།
གྲོགས་ཁྱེད་ཀྱི་ཚེ་སྲོག་ཟད་ནས།།
འཇིག་རྟེན་འདི་བསྐྱུར་ལ་ཉེ་འདུག།
གལ་ཏེ་ཁྱེད་ཕྱི་མར་ཕེབས་ཀྱང་།།
འགྱོད་སེམས་ཞིག་གཏན་ནས་མ་སྐྱེ།།
ཁྱེད་ཉིད་ཀྱི་མཚན་སྙན་མི་ནུབ།།
རླབས་ཆེན་གྱི་ལོ་རྒྱུས་གནས་ངེས།།
གང་ཉིད་ཀྱི་རྣམ་ཤེས་གསར་བ།།
ཡང་བསྐྱར་དུ་འཇིག་རྟེན་འདི་རུ།།
རླབས་ཆེ་བའི་སེང་གེར་སྐྱེས་ཏེ།།
གངས་དཀར་གྱི་རྩེ་རུ་འགྱིངས་བཞིན།།
གཏི་མུག་གི་འོག་ལས་གྲོལ་ཞིང་།།
སྟོབས་རྩལ་གྱི་གཟི་བརྗིད་ངོམས་ནས།།
གཅན་གཟན་གྱི་ཁྱུ་ཚོགས་ཁྲོད་དུ།།
སུ་མགྱོག་གི་བང་རྩལ་འགྲན་སྐབས།།
ལེ་ལོ་ཡི་ཉལ་སར་མ་ལྟུང་།།
སྐྱིད་གཏམ་གྱིས་རང་མགོ་མ་སྐོར།།
སྟོང་སྣང་གི་ཡུལ་ལ་མ་འཁྲུལ།།
བརྩོན་འགྲུས་དང་ཤེས་རབ་ཟུང་གིས།།
གཞན་རྗེས་སུ་ནམ་ཡང་མ་ལྷག།
དཔའ་སྙིང་གི་ཡ་ལད་ཐོགས་ནས།།
འཇིགས་མེེད་ཀྱི་གད་རྒྱངས་སྒྲོགས་ཤིག།

ཅེས་སྨར་གྱི་ཟོ་དོར་ཆེན་པོ་གཡུང་དྲུང་ལྕགས་རྩེའི་ཉེ་འཁོར་ཀྱི་ཡུལ་ལྗོངས་སུ་འཚར་ལོངས་བྱུང་མཁན་ཨ་གནམ་ཐུབ་བསྟན་གྱིས་བྲིས།