དཀར་ཆག
སྣ་ཚོགས

མགར་ཀློང་མཆོག་སྤྲུལ་རྡོ་རྗེ་ལ་ཕུལ་བའི་འཕྲིན་ཡིག་ཁུ་བྱུག་སྤྲོ་གླུ།

རང་སྣང་རྣམ་དག་རྒྱལ་བའི་ཕོ་བྲང་དུ།།
རིག་གདངས་སྐུ་དང་ཡེ་ཤེས་རོལ་བ་ཉིད།།
མ་འགག་མངོན་དུ་བཞད་པའི་རྩ་གསུམ་ལྷས།།
ཟག་མེད་བྱིན་རླབས་འབུམ་གྱི་ཤིས་པ་སྩོལ།།

རང་བྱུང་རྒྱལ་བ་པད་མ་ཀཱ་ར་ཡིས།།
ཟབ་གཏེར་བྱེ་བའི་ཕོ་ཉ་སྤྲུལ་བའི་སྐུ།།
དུས་འདིར་གངས་ཅན་ཞིང་ན་འཚོ་བའི་ཚུལ།།
བསམ་གྱིན་བདག་ཡིད་དགའ་བ་འབུམ་གྱིས་མྱོས།།

སྙིགས་མ་ལྔ་ཡི་གྲིབ་མ་རབ་བརྟས་ཤིང་།།
ངེས་དོན་བསྟན་པའི་ཉིན་བྱེད་ནུབ་པའི་སྐབས།།
འཛད་མེད་སྨིན་གྲོལ་ཆོས་ཀྱི་སྒོ་འཕར་ཆེ།།
མི་འཇིགས་ཀུན་ཏུ་ཕྱེ་བའི་དཔའ་བོ་རྒྱལ།།

སྔོན་གྱི་དུས་ན་རིག་འཛིན་གོང་མ་ཡིས།།
རྨད་བྱུང་རྡོ་རྗེ་ཐེག་པའི་བདུད་རྩི་ཡིས།།
སྐལ་བ་ལྡན་རྣམས་ཚིམས་པར་མཛད་བཞིན་དུ།།
གདུལ་བྱ་སྐྱོང་བའི་གཏམ་བཟང་བདག་གིས་ཐོས།།

གང་ཁྱོད་སྐུ་ན་ཤིན་ཏུ་གཞོན་པའི་དུས།།
ཐ་སྙད་ཚིག་གི་སྡེབ་སྦྱོར་མ་བསླབ་པར།།
ཐོལ་བྱུང་དགོངས་གཏེར་ཐོགས་མེེད་བརྡོལ་བའི་ཚུལ།།
གཞིགས་ཚེ་བདག་བློ་དད་པས་རབ་ཏུ་ཁེངས།།

རིག་འཛིན་རྒྱལ་པོ་དབང་ཕྱུག་གླིང་པ་ཡི།།
སྒྱུ་མའི་རོལ་གར་སར་བཞུགས་དཔའ་བོ་ཁྱོད།།
དུས་ཀྱི་རྒུད་པའི་གཉེན་པོར་བཞེངས་ལགས་ན།།
ཡུན་རིང་འགྲོ་བའི་མགོན་དུ་བཞུགས་པར་འཚལ།།

སྔོན་ཚེ་རྨད་བྱུང་རྫོགས་ལྡན་གཉིས་པའི་དཔལ།།
བྷོ་ཊའི་ལྗོངས་སུ་བཞད་པའི་དུས་སྐབས་ན།།
མཁའ་འགྲོའི་གྲོང་ཁྱེར་བཀྲ་ཤིས་དགའ་འཁྱིལ་དུ།།
གང་ཞལ་མཇལ་བའི་སྐལ་བ་བརྗེད་མི་སྲིད།།

ཡུན་རིང་མཐོང་གྲོལ་སྐུ་ཡི་དཀྱིལ་འཁོར་ནི།།
བདག་གི་མིག་གི་སྤྱོད་ཡུལ་མ་གྱུར་ཀྱང་།།
མཚན་སྙན་འབྲུག་སྟོང་ལྡིར་བའི་སྒྲ་བོ་ཆེ།།
འདི་ན་རྣ་བའི་རྒྱན་དུ་ལན་མང་ཐོབ།།

རྒྱལ་བས་གསུངས་པའི་བཀའ་དང་མདོ་ཡི་མཛོད།།
འཛད་མཐའ་མེད་པར་བཞུགས་པ་ངོ་མཚར་ཡང་།།
སྣ་ཚོགས་འགྲོ་བའི་ཁམས་དབང་དང་བསྟུན་པའི།།
ཟབ་གཏེར་བདུད་རྩི་མེེད་དུ་མི་རུང་སྙམ།།

ཁ་ཅིག་རིག་འཛིན་བདུད་འདུལ་རྡོ་རྗེ་སོགས།།
སྔོན་བྱོན་གོང་མའི་གསུང་དག་རབ་ལེགས་པས།།
གསར་བ་ཅི་ཡང་མི་དགོས་སྨྲ་བ་ནི།།
རྒྱལ་བའི་ཕྲིན་ལས་འགོག་པའི་ལས་སུ་ཐལ།།

དེས་ན་པདྨའི་ཞལ་སྐྱིན་མི་བསླུ་བ།།
སྐྱེས་མཆོག་ཁྱོད་ཀྱིས་དགོངས་ཀློང་ཡངས་པ་ལས།།
དུས་མཐའི་འགྲོ་བའི་ཉོན་མོངས་འཇོམས་པའི་སྨན།།
ངོ་མཚར་གཏེར་གྱི་བྱིན་རླབས་ཆད་མེད་སྩོལ།།

མཆོག་ཐུན་དངོས་གྲུབ་གསེར་གྱི་བང་མཛོད་ནི།།
སྐལ་ལྡན་སྐྱེས་སུ་གེགས་མེད་འགུག་བྱེད་པའི།།
རྩ་གསུམ་སྒྲུབ་ཐབས་ལས་བྱང་འཕྲུལ་གྱི་ཞགས།།
དད་ལྡན་བུ་ཡི་ཕྱག་ལ་སྦྲན་པར་ཞུ།།

སེམས་ཀྱི་ངོ་བོ་ཀུན་ཏུ་བཟང་བོ་རུ།།
ཐད་ཀར་ངོ་སྤྲོད་བཅར་ཕོག་གདམས་པའི་རིགས།།
སྔར་མེད་བྱིན་རླབས་ཚན་ཁ་འབར་བའི་ཆོས།།
གང་ཐུགས་འོད་གསལ་སྒྲོམ་ལས་འདྲེན་པར་གསོལ།།

དུས་ཀྱི་མཐའ་མར་ཉོན་མོངས་མུན་ནག་གིས།།
ཕྱོགས་མཚམས་ཀུན་དུ་བརྡལ་བའི་བསྐལ་བ་འདིར།
མཚོ་འཁྲུངས་རྒྱལ་བའི་བསྟན་པའི་ཟླ་བ་ཡི།།
ནུས་མཐུའི་བཀྲག་མདངས་སྔར་ལས་རྒྱས་པར་མཛོད།།

གྲུབ་པའི་དབང་ཕྱུག་གསེེར་གྱི་རི་བོ་དག།
ཞིང་གཞན་ཕེབས་པའི་དྲན་གདུང་ཟུག་རྔུ་ཡིས།།
ཡིད་རབ་མནར་བའི་གདུལ་བྱའི་ཚོགས་རྣམས་ཀྱིས།།
ཁྱོད་གསུང་མཐོང་བའི་མོད་ལ་སྐྱོ་བ་ཞི།།

ཕྱི་ཡི་དཔལ་འབྱོར་ཡར་ངོའི་ཟླ་བ་ལྟར།།
གོང་ནས་གོང་དུ་འཕེལ་བས་དགེ་ལེགས་ཀྱིས།།
ཡིད་ཀྱི་མྱ་ངན་བསལ་དུ་མི་བཏུབ་པའི།།
དུས་མཐའི་འགྲོ་བ་སྙིང་བོའི་ནོར་གྱིས་དབུལ།།

སྔོན་བྱོོན་ཚད་མའི་སྐྱེས་བུ་མང་དག་གིས།།
སྙིགས་མའི་ཡོ་ལང་ལྡང་བའི་དུས་ཀྱི་མཐར།།
ཡིད་དཔྱོད་གྲུབ་མཐས་འགྲོ་བ་མི་འདུལ་བར།།
ལུང་གིས་བསྟན་པའི་དོན་འདི་ཐུགས་ལ་ཆོངས།།

འདི་ན་ཁོ་བོས་ལག་སོར་པད་མ་ནི།།
སྙིང་གར་ཟིམ་པའི་དད་པའི་ལེགས་སྐྱེས་བཅས།།
རྟོག་གིས་བློ་ལས་མ་ཐོན་ཟབ་མོའི་གཏེར།།
སྙིགས་མའི་གཉེན་པོར་བསྩལ་བའི་རེ་བ་འབུལ།།

ལེགས་ཉེས་དཔྱོད་པའི་ཤེས་རབ་དང་བྲལ་བའི།།
བླུན་ཚོགས་སྐྱེ་བོས་བཀུར་ཙམ་མ་ཡིན་པར།།
དམ་པ་རྣམས་ཀྱིས་རྡོ་རྗེའི་ཞལ་ཚིག་གིས།།
ཁྱོད་ཉིད་གཟེངས་སུ་བསྟོད་པ་དོན་དང་ལྡན།།

གསང་ཆེན་ཐེག་རྩེའི་རྒྱལ་མཚན་དཀར་པོ་ཡིས།།
གངས་ལྗོངས་མཛེས་པར་མཛད་པའི་རིག་པ་འཛིན།།
བསྟན་པའི་དབང་ཕྱུག་ལ་སོགས་དམ་པ་དག།
གང་ལས་དམ་ཆོས་མནོས་པའི་ལོ་རྒྱུས་མཚར།།

འགའ་ཞིག་སྔགས་འཆང་ཆོ་ལོ་ཐོགས་ན་ཡང་།།
འཆོལ་ཉོག་ལས་ལ་སྤྱོད་པ་རྣམས་མཐོང་ཚེ།།
ཚུལ་བཞིན་གནས་པའི་དོན་གྱི་རྣལ་འབྱོར་བ།།
ཁྱོད་ལ་བདག་ཡིད་དད་པའི་མེ་ཏོག་བཀྲ།།

ཕྱི་རུ་སྡེ་དགོན་སྣ་ཚོགས་རྒྱས་ན་ཡང་།།
དོན་དུ་སྙིང་པོའི་བསྟན་པ་རིན་པོ་ཆེ།།
མར་ངོའི་ཟླ་བཞིན་འགྲིབ་པའི་དུས་མཐའ་འདིར།།
འགྲོ་བའི་དཔུང་གཉེན་ཡུན་རིང་བཞུགས་པར་འཚལ།།

ཉོན་མོངས་ནད་ཀྱིས་དྲག་ཏུ་གདུང་བཞིན་དུ།།
ཆོས་བརྒྱད་བདུད་ཀྱིས་རབ་ཏུ་གཙེས་པ་ཡི།།
དེང་གི་འགྲོ་རྣམས་ཐུགས་རྗེས་མི་འདོར་བར།།
ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ།།

ལས་ཀྱི་རླུང་དམར་དྲག་པོས་བརྡས་པའི་མཐུས།།
རྒྱང་རིང་ཡུལ་དུ་ཡུན་རིང་འཁྱམས་པ་བདག།
གནས་སྐབས་འཚེ་བ་ཀུན་གྱིས་མི་གོས་པར།།
ཡང་དག་ལམ་དུ་ཞུགས་པའི་ཐུགས་སྨོན་ཞུ།།

ཉེ་ཆར་བདག་གིས་རེ་སྐུལ་མ་ལྡོག་པར།།
ཀུན་སྤངས་ཆེན་པོ་ཆོས་དབྱིངས་ཕུན་ཚོགས་ཀྱི།།
བླ་མའི་རྣལ་འབྱོར་བྱིན་རླབས་འབུམ་ལྡན་ཞིག།
རིག་པའི་རྩལ་ལས་ཕབས་པ་བཀའ་དྲིན་ཆེ།།

ཨེ་མ་བགྲང་བྱ་གཉིས་ཀྱི་སྔོན་རོལ་དུ།།
བརྙན་མཐོང་འཕྲིན་གྱི་མེ་ལོང་ལ་བརྟེན་ནས།།
འོག་མིན་ཟངས་མདོག་དཔལ་གྱི་རི་བོ་ཆེར།།
ཡང་ཡང་སྐྱེ་བའི་ཞལ་སྨོན་མཛད་པ་དྲན།།

བགྲང་བྱ་བཅུ་ཕྲག་ལྔ་ཡི་ལོ་གྲངས་ཀྱི།།
རྒས་གཉེར་རི་མོའི་རླབས་ཕྲེང་དུ་མ་ཡིས།།
རིམ་བཞིན་དཔྲལ་བ་གཡོག་པའི་དམན་པ་བདག།
སྙིང་པོ་མེད་པའི་ལས་ལ་གཞོལ་བཞིན་གནས།།

སྟོབས་དང་འབྱོར་བ་ཞི་དྲག་ཆབ་སྲིད་ཀྱིས།།
སུམ་རྩེན་ཡུལ་ལ་ཅོ་འདྲི་བྱེད་ནུས་ཀྱང་།།
དམ་ཆོས་སྒྲོན་མེ་ཕྲ་བའི་ནུབ་གླིང་འདིར།།
རྒྱལ་བའི་ལུགས་བཟང་སྤེལ་བའི་ལྷག་བསམ་ཡོད།།

དགེ་བ་ཀུན་ལྡན་ཆོས་ཀྱི་ཞིང་ཁམས་སུ།།
བསྐྱར་དུ་བཞེངས་པའི་སྟག་གཡག་རི་ཁྲོད་དུ།།
བསྙེན་སྒྲུབ་རྩོལ་བའི་སྐལ་བ་ལ་རེ་ཡང་།།
དུས་ཀྱི་དབང་གིས་སྟོང་སྣང་ཙམ་དུ་ཟད།།

འོན་ཀྱང་མཆོག་གསུམ་ཐུགས་རྗེའི་གྲིབ་བསིལ་འོག།
ཕྱི་ཡི་རྐྱེན་ངན་ཚ་བས་མ་གདུང་བར།།
བདེ་སྐྱིད་འཚོ་བའི་བདུད་རྩི་ལ་རོལ་བཞིན།།
རང་དབང་ལོངས་སུ་སྤྱོད་པའི་དཔལ་དང་ལྡན།།

ཁྲག་འཐུང་དཔའ་བོ་བདུད་འཇོམས་གླིང་པ་དང་།།
གྲུབ་པའི་གཙུག་རྒྱན་འཇིགས་མེད་རྡོ་རྗེ་ཡི།།
གཏེར་གཞུང་ཟུང་ལ་འགྲེལ་བ་བརྩམས་ཟིན་པས།།
སྔར་མེད་སྤྲོ་བས་རང་སེམས་ཉིན་བཞིན་གཏམས།།

སླད་ཆར་དུས་སྐལ་ལེགས་པའི་རྟེན་འབྲེལ་གྱི།།
དགའ་བའི་འོད་སྣང་འཆར་བའི་ཉིན་ཞིག་ལ།།
གང་གི་གསེར་ཞལ་མངོན་དུ་མཇལ་དང་ལྷན།།
གསུང་སྙན་ཚངས་དབྱངས་ཐོས་པའི་སྨོན་ལམ་འབུལ།།

ཞེས་གྱི་ན་བ་བདག་ཨ་གནམ་ཐུབ་བསྟན་གྱིས་རེ་བསྐུལ་བཞིན་དུ། དུས་བབས་སྤྲུལ་བའི་གཏེར་སྟོན་འཇམ་དཔལ་དགྱེས་པའི་འཛུམ་ཟེར་རམ། མགར་ཀློང་སྤྲུལ་སྐུ་རིན་པོ་ཆེ་རྡོ་རྗེ་མཆོག་གིས་བདུད་འཇོམས་གླིང་བའི་དངོས་སློབ་ཆེན་པོ་ཨ་གནམ་བྱ་བྲལ་བ་ཆོས་དབྱིངས་ཕུན་ཚོགས་ཀྱི་བླ་མའི་རྣལ་འབྱོར་རྨད་དུ་བྱུང་བ་ཞིག་གནང་བར་བཀའ་དྲིན་ཆེ་ཞུ་འཚམས་འདྲིའི་ཚུལ་དུ་ཕུལ་བའོ།།