དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

འདི་ལྟ་བུའི་འཇིག་རྟེན་གྱི་གྲུབ་མཐའ་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྟོང་པ་ཉིད་ཀྱི་ལྟ་བ་ཞིག་ལ་གཞི་མ་བཅོལ་ན། གཞན་ཌཱ་རུ་གནམ་ལ་བཀྲོལ། མི་རྐང་འབུད་ནས་ས་འགུལ་ལ་ཁད་བྱེད། རང་ཉིད་ལྷར་བསྐྱེད། ཕཊ་སྒྲ་དང་ཧཱུྃ་སྒྲ་འབྲུག་སྒྲ་བཞིན་བསྒྲགས་ཀྱང་ཕན་པ་ཆེར་མི་འབྱུང་། ནང་པ་སངས་རྒྱས་པ་ཙམ་དུ་མ་ཟད་མུ་སྟེགས་པ་ཁ་ཅིག་ལའང་ཐབས་དང་བརྟུལ་ཞུགས་རྒྱ་ཆེ་ཞིང་གྲངས་མང་བ། ཉན་ན་རྣ་བར་སྙན་པ། ཀློག་ན་ཡིད་དུ་འོང་བ། ཉམས་སུ་ལེན་ན་སེམས་སྒྱུར་ནུས་པ་ཡོད་ཀྱང་། དེ་དག་གི་གཞུང་ལ་ཆོས་ཉིད་སྟོང་པ་ཉིད་ཀྱི་ལྟ་བས་དབེན་པས་ཡང་དག་པའི་ཐར་པའི་ས་ལ་དཀྲི་མི་ནུས་པར་གསུངས་སྟེ། དཔེར་ན་མུ་སྟེགས་པའི་ནང་རོལ་དུ། རྣལ་འབྱོར་པ་མང་པོ་རྩ་རླུང་བསྒོམ་པ་ལ་ཤིན་ཏུ་མཁས་པས། རིག་པ་རླུང་གིས་གཡོ་ནས་རྣམ་རྟོག་ལྡང་ཞིང་སྡུག་བསྔལ་ཉམས་སུ་མྱོང་བར་འདོད་ནས། པ་ར་ན་ཡ་མ་སྟེ་ཁོང་ཚོའི་ལུགས་ཀྱི་སྲོག་རྩོལ་བྱེད་བཅིངས་ཀྱི་ཐབས་ཀྱིས་རླུང་འགོག་ལུགས་ཡ་མཚན་པ་ཡོད་ཀྱང་། མཐར་ཐུག་གི་འབྲས་བུ་ལ་རེག་པར་མི་ནུས་པར་འཇིག་རྟེན་པའི་ལམ་དུ་ལུས་པས། ནམ་མཁའ་མཉམ་རྒྱུད་ལས། ཐུན་མོང་མུ་སྟེགས་ལྟ་བའི་འདོད་པ་ཡང་། །རིག་པ་གཡོ་བ་རླུང་གིས་གཡོ་བ་ཡིན། །རླུང་གཡོས་བདེ་བ་མི་འཆར་མ་གཡོས་བདེ། །བདེ་བ་འདོད་པས་རླུང་འགག་བདེ་བ་བསྒོམ། །ཞེས་ཕྱི་རོལ་པའི་ཐབས་དག་ཐར་ལམ་ཡང་དག་པ་མ་ཡིན་པར་བསྒྲུབ་པར་མཛད་དོ། །གཉིས་པ་གཞུང་དངོས་ཀྱི་རིམ་པ་འགྲེལ་བ་ལ། དབང་སྡུད་ཟིལ་གནོན། སྐྱབས་འགྲོ། སེམས་བསྐྱེད། མཎྜལ། གསོལ་འདེབས། བསྲེ་འཕོ། འགྱེད་བྱིན་རླབས། སྤྱན་འདྲེན། མགྲོན་བཞི་ཏིང་འཛིན་ཉིད་ལ་གསལ་གདབ་པ་བཅས་ལས། དང་པོ་དབང་སྡུད་ཟིལ་གནོན་ནི།

ལྟ་བའི་གདེང་ལྡན་འཇིགས་མེད་རྣལ་འབྱོར་ངས༔
གཞི་དབྱིངས་ཀ་དག་བདེ་བ་ཆེན་པོའི་ཀློང༔
མ་རིག་གཉིས་ཞེན་ལྷ་འདྲེ་དབང་དུ་བསྡུས༔
རིག་སྟོང་བརྗོད་བྲལ་དགོངས་པའི་ཟིལ་གྱིས་གནོན༔
འཁོར་འདས་མཉམ་པར་བརྡལ་བའི་བརྟུལ་ཞུགས་བསྐྱེད༔
སྣང་སྲིད་བདེན་མེད་རྟོགས་པར་བྱིན་གྱིས་རློབས༔

ཞེས་པ་སྟེ། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་བདེན་པར་མ་གྲུབ་པར་གཏན་ལ་ཕབ་ནས། ཐིག་ལེ་ཉག་གཅིག་གི་ཀློང་དུ་རང་གི་རིག་པའི་ཆོ་རོལ་དུ་འུབ་ཆུབ་པའི་དགོངས་པ་སྟེ་ཆོས་ཉིད་ཀྱི་ལྟ༷་བའི༷་གདེང༷་ལྡན༷་པས། ཅི་ལའང་མི་ཆགས་ཤིང་། གང་ལའང་འཇིགས༷་པ་མེད༷་པའི་དགོངས་སྤྱོད་ལ་རོལ་པའི་སྤོབས་པ་ལྡན་པའི་རྣལ༷་འབྱོར༷་པ་ངས༷། སྐྱེ་འགག་འགྲོ་འོང་ལས་འདས་པའི་གནས་ལུགས་སྟོང་པ་ཉིད་གཞི༷་དབྱིངས༷་འགྱུར་བ་མེད་པ། གདོད་མའི་དེ་ཁོ་ན་ཉིད་ཀ༷་དག༷་སྤྲོས་པ་བྲལ་བའི་གནས་ལུགས་ཆོས་ཉིད་ཁྱབ་བརྡལ་གྱི་ཁོར་ཡུག་སྟེ། ཀུན་རྫོབ་གྱི་ཟག་པ་མ་ལུས་པ་ཡོངས་སུ་ཟད་པའི་དོན་དམ་བདེ༷་བ༷་ཆེན༷་པོའི༷་ཀློང༷་དུ། གཞིར་གནས་རང་བྱུང་གི་རིག་པའི་མཁྱེན་ཆས་དབེན་པའི་མ༷་རིག༷་པས་རང་སྣང་བདག་གཞན་གཉིས༷་སུ་བཅད་ཅིང་། གཟུང་འཛིན་གྱི་སྟོང་སྣང་སྒྱུ་མའི་འཁྲུལ་འཁོར་ལ་ཞེན༷་པའི་རྣམ་རྟོག་གི་ཕུང་པོའི་རང་གཟུགས་ལྷ་དང་འདྲེ༷་རུ་ཤར་བ་མཆིས་སོ་ཅོག་དང་། རང་སྣང་འཇིག་རྟེན་ཀྱི་ཁམས་ཐམས་ཅད་རང་ཉིད་ཀྱི་དབང༷་དུ༷་འུབ་ཀྱིས་བསྡུས༷་ཏེ། ཟང་ཐལ་རིག༷་སྟོང༷་ཆོས་སྐུའི་རིག་པ་དང་ཐ་མི་དད་པའི་སོ་སོ་རང་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད༷་བྲལ༷་ཆེན་པོའི་དགོངས༷་པའི༷་ཟིལ༷་གྱིས༷་སྐྱེ་མེད་ཀྱི་ཀློང་དུ་ལྡང་བ་མེད་པར་གནོན༷་ཞིང་། སྐྱིད་སྡུག་རོ་སྙོམས་འཁོར༷་འདས༷་དབྱེར་མེད་དུ་མཉམ༷་པར༷་བརྡལ༷་བའི༷་རིག་པ་བརྟུལ༷་ཞུགས༷་བསྐྱེད༷་པར་བྱ་ན། སྣང༷་སྲིད༷་ཀྱི་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་བཞིན་དུ་བདེན༷་པར་མེད༷་པར་རྟོགས༷་པར༷་བྱིན༷་གྱིས༷་རློབས༷་ཤིག་ཅེས་ལྷ་འདྲེ་ཐམས་ཅད་དབང་དུ་བསྡུ་ཞིང་ཟིལ་གྱིས་གནོན་པར་བྱེད་པའོ། །ཐེག་པ་ཆེ་ཆུང་དང་། མདོ་རྒྱུད་ཀྱི་ཆོས་གང་ཉམས་སུ་ལེན་ཡང་ལྟ་བ་ཞིག་ལ་གཞི་བཅོལ་བ་གལ་ཆེ་བས། སྐབས་འདིར་ལྟ་བ་ནི་ཡང་གསང་རྫོགས་པ་ཆེན་པོའི་དགོངས་པ་དེ། འཁོར་འདས་སྣང་སྲིད་ཀྱི་ཆོས་ཐམས་ཅད་ངོ་བོས་སྟོང་ཞིང་། ཆོས་ཉིད་རང་བྱུང་བྱང་ཆུབ་སེམས་ཀྱི་རོལ་པར་ཧ་གོ་བ་ལ་ཟེར། དེ་ཡང་ལྟ་བའི་གདེང་ནི་ཆོས་ཉིད་ཀྱི་ཚིག་ཙམ་ལ་གོ་བ་སྐྱེས་པ་པཎྜི་ཏའི་ལྟ་བ་སྐམ་པོ་ལྟ་བུ་མ་ཡིན་པར། ལྟ་བ་ལ་ངེས་ཤེས་སྐྱེས་ནས་དེའི་ཐོག་ཏུ་ཕྱི་ནང་གསང་བའི་རྐྱེན་གང་བྱུང་ཡང། དེ་དག་གི་དབང་དུ་ཐ་མལ་པའི་གང་ཟག་བཞིན་དུ་མྱུར་དུ་མི་འགྲོ་བར། ལྟ་བའི་ཐོག་ཏུ་སྡོད་ནུས་པ་ལ་ཟེར། ལྟ་བ་གང་ཡིན་ཡང་དེ་མངོན་དུ་གྱུར་པ་ལ་དེ་མྱོང་ཐོག་ནས་ངེས་ཤེས་སྐྱེ་བ་གལ་ཆེ་བས། དཔེར་ན་མ་ཧཱ་ཡོ་གའི་གཞུང་དུ། ལྟ་བའི་རྫོང་ཟིན། སྒོམ་པའི་འཕྲང་བགྲོད། སྤྱོད་པས་སྲོག་འཕྲོག་པ་སྟེ། རྫོང་འཕྲང་སྲོག་གསུམ་གྱི་རྣམ་གཞག་འཇོག་པའི་ཚེ། ལྟ་བའི་རྫོང་ཟིན་པ་ལ། སྒོམ་པའི་འཕྲང་ནས་དེར་བགྲོད་དགོས་པས། ལྟ་བའི་དོན་ཡང་དང་ཡང་དུ་བསྒོམས་ནས་རང་གི་མྱོང་ཐོག་ཏུ་མངོན་དུ་གྱུར་པ་བཞེད་པ་དང་མཐུན་ནོ། །ད་ནི་འཇིགས་བྲལ་ཀ་དག་ཀུན་ཏུ་བཟང་པོའི་དགོངས་པ་དང་། རྒྱལ་བའི་ཡུམ་གྱི་ཆོས་ཉིད་སྟོང་པ་ཉིད་ཀྱི་ལྟ་བའི་གདེང་དང་མ་བྲལ་བའི་ངང་དུ། གཉན་ས་འགྲིམ་སྐབས་སུ་དབང་སྡུད་ཟིལ་གནོན་གསུམ་གྱི་སྒོ་ནས་རེ་དོགས་བདུད་ཀྱི་ཞགས་པ་བཙན་ཐབས་ཀྱི་སྒོ་ནས་གཅོད་ཚུལ་ནི། ལེ་ལག་ལས། གཉན་སར་སོང་ལ་རིག་པ་ཀློད། །རྐྱེན་དང་སྤྲོད་ལ་ཉམས་སུ་ལོངས། །གཞན་ནས་འབྲས་བུ་ཕྱིར་དུས་འདེབས། །འདིར་ནི་མངོན་སུམ་འབྱུང་བ་ཡིན། །ཞེས་གསུངས་པ་ལྟར། ལྷ་འདྲེའི་ཆོ་འཕྲུལ་དང་རྣམ་རྟོག་དགའ་སྡུག་འཇིགས་སྔངས་འདྲ་མིན་སློང་ནུས་པའི་གཉན་སར་འགྲིམས་ནས། ཆོས་ཉིད་སྟོང་པ་ཉིད་ཀྱི་ལྟ་བ་འམ། འོད་གསལ་རྫོགས་པ་ཆེན་པོའི་དགོངས་པ་ལས་མི་གཡོ་བར། ལྷ་འདྲེའི་རྣམ་པ་དང་རྣམ་རྟོག་གི་འདུ་འཕྲོ་ཅི་འཕྲོ་ཡང་། དེ་དག་གཞིར་གནས་ཆོས་སྐུ་བྱང་ཆུབ་སེམས་ཀྱི་རོལ་པ་རུ་ངེས་པར་བྱས། མཐར་ཀུན་རྫོབ་རེ་དོགས་ཀྱི་འཆིང་བ་མ་ལུས་པ་དབྱིངས་སུ་ཞིག །ལྷ་བྱུང་ན་དགའ་ཚོར་མེད་ལ། འདྲེ་བྱུང་ན་ཞེད་སྣང་མེད། འཇིག་རྟེན་གྱི་ཁམས་ཐམས་ཅད་འཇིག་ལ་ཁད་བྱུང་ཡང་སྐྱི་གཡའ་བ་མེད་པར། ཡུམ་དོན་སྟོང་པ་ཉིད་ཀྱི་མཁའ་འམ་རང་གནས་རིག་པའི་ངང་དུ་རྒྱལ་པོ་ཁྲི་ལ་འགྱིང་བ་ལྟར་དུ་སྡོད་ནུས་བྱུང་བ་དགོས་ཀྱི། རང་ཁྱིམ་སྐྱིད་པོར་བསྡད། གཉེན་ཉེ་བ་མང་པོས་མཐའ་ནས་བསྐོར། ཟས་གང་ཞིམ་ཟ། གོས་གང་འཇམ་གྱོན་བསྡད་ན། སེམས་ཀྱི་ནང་ལ་ལྷ་འདྲེའི་ཆོ་འཕྲུལ་ལམ། འཇིགས་སྣང་དྲག་པོ་སོགས་རྣམ་རྟོག་བཟོད་དཀའ་བ་མི་འབྱུང་བ་མ་ཟད། བྱུང་ཡང་མྱུར་དུ་གྲོགས་ཀྱི་རྩར་འགྲོ་བ་དང་། འདོད་ཡོན་ལྟད་མོར་སེམས་གཡེང་བ། སོ་ཚིས་ཀྱི་བྱ་བའི་ངང་དུ་ཡར་རྒྱུག་མར་རྒྱུག་བྱས་ནས་རྣམ་རྟོག་རྣམས་མ་བཅད་ཀྱང་། རེ་ཞིག་དེ་དག་གི་ཤུགས་ཇེ་ཆུང་དུ་སོང་ནས་བཟོད་ནུས་པ་ཡོད། ཡང་འགའ་རེས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་སྒོམ་པའམ། རྫོགས་པ་ཆེན་པོའི་གདམས་ངག་གི་སྒོ་ནས་རིག་ཐོག་སོགས་སུ་མཉམ་པར་བཞག་ནས། རང་གི་སེམས་ལ། ད་ནི་བདག་གི་རྒྱུད་ལ་ལྟ་བ་མངོན་དུ་གྱུར་འདུག་པས། ཆོས་བརྒྱད་ཀྱི་གསེབ་ལས་གྲོལ་ཞིང་། རྐྱེན་ཅི་བྱུང་ཡང་བདེན་མེད་རོ་གཅིག་ཏུ་རྟོགས་ནུས་སྙམ་པ་འོང་བའི་ཁར། རྐྱེན་མི་མཐུན་པ་དང་བར་ཆད་ཆུང་ངུ་རེ་བྱུང་དུས། སྔར་དང་མི་འདྲ་བར་རེ་དོགས་ཉམ་ང་ཆེན་པོ་མེད་པ་འདྲ་འོང་ཚེ། རང་གིས་རང་ཉིད་ལ་ད་ང་ནི་མི་ཕལ་པ་དང་མི་འདྲ་བར་སྐྱིད་སྡུག་བཟང་ངན་རོ་སྙོམས་སུ་སྤྱོད་ནུས་པའི་རྣལ་འབྱོར་པ་ཞིག་ཏུ་གྱུར་འདུག་པ་གོར་མ་ཆག་གོ་སྙམ་ནས་རང་མགོ་རང་གིས་གཡོག་སྲིད། དེས་ན་གཅོད་ཡུལ་གྱི་ལུགས་ལ། དུར་ཁྲོད་སོགས་མཐོང་ན་སེམས་བག་མི་ཕེབས་ཤིང་། འགྲོ་ན་འབྲོས་སྙིང་འདོད་པའི་གནས་སུ་རང་ཉིད་གཅིག་པུར་ཕྱིན་ཏེ། ཞེད་ན་འབོད་ཡུལ་གྱི་གྲོགས་པོ་མེད་པ། སྐྱོ་ན་སྡུག་གཏམ་ཉན་མཁན་མེད་པ། སུན་ན་ལྟད་མོར་གཡེང་ས་མེད་པར་གནས་ནས། ལྷ་འབོད་འདྲེ་འབོད་བྱེད་བཞིན་དུ། རྣམ་རྟོག་ཡོད་ཚད་ཡར་བསླངས་ནས། མགོའི་སྐྲ་དང་ལུས་ཀྱི་བ་སྤུ་ཟིང་ངེ་བར་ལྡང་འོང་སྙམ་པ་བྱུང་ཚེ། འཇིགས་སྐྲག་དོགས་སྣང་དྲག་པོ་རྒྱ་མཚོའི་རླབས་བཞིན་དུ་འཕྱུར་ནའང་། ཕྱིའི་རྐྱེན་དང་ནང་གི་རྟོག་ཚོགས་གང་གི་ཡང་རྗེས་སུ་མི་འབྲང་བར། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོའི་སྨོན་ལམ་ལས། རིག་པ་སོ་ལ་གནས་གྱུར་ན༔ སྲིད་གསུམ་འཇིག་ཀྱང་དངངས་སྐྲག་མེད༔ ཅེས་གསུངས་པ་ལྟར་དུ། རིག་པ་འགྱུར་མེད་ཀྱི་བཙན་ས་ལས་གོམ་པ་གང་ཙམ་ཡང་མི་སྤོ་བར་ལྷོད་དེ་བར་འཇོག་བཞིན་དུ། ཅི་སྣང་ཅི་ཤར་ཡོད་ཚད་དབྱིངས་ཀྱི་རྒྱན་དུ་ཤར་ཚེ། ད་ལྟ་ངས་ལམ་འདི་བརྩོན་ཞིང་ཐབས་འདི་བསྒྲུབས་པའི་འབྲས་བུ་མ་འོངས་ཐག་རིང་པོ་ཞིག་ན་འབྱུང་འོང་སྙམ་པ་ལྟ་བུ་མ་ཡིན་པར། རྟོགས་པའི་འབྲས་བུ་སྟེ་གྲོལ་བ་གཉན་ས་དེ་ཀར་གདན་ཐོག་གཅིག་ལ་འབྱུང་ནུས། དེས་ན་རིག་པ་བརྟུལ་ཞུགས་ཀྱི་སྒོ་ནས་འབྲས་བུ་མྱུར་དུ་འབྱུང་བ་ནི་གཅོད་ཡུལ་འདིའི་ཁྱད་ཆོས་དང་བྱིན་རླབས་རྨད་དུ་བྱུང་བར་མཆིས་ཏེ། འཇམ་མགོན་མི་ཕམ་རིན་པོ་ཆེས། དེ་ལྟར་མ་ཅིག་གི་ཐུགས་ཀྱི་མན་ངག་རིན་པོ་ཆེ་ལམ་གཞན་ལ་བསྐལ་བརྒྱས་འབད་པའི་འབྲས་བུ་ཞག་གཅིག་གིས་མངོན་དུ་འགྱུར་བར་བྱེད་པའི་གདམས་ངག་ཁྱད་པར་ཅན་ཡིན་ནོ། །ཞེས་གསུངས། དེའི་རྒྱུ་མཚན་ནི་ལམ་གཞན་མང་པོ་ལྟ་བ་དམན་པའམ། ཡང་ན་བཙན་ཐབས་རྨད་དུ་བྱུང་བས་དབེན་པས། ལམ་ཉམས་སུ་བླངས་ཀྱང་། གྲོལ་འབྲས་མྱུར་དུ་མི་ཐོབ་པ་དང་། མ་འོངས་པ་ཡུན་རིང་པོ་ཞིག་གི་རྗེས་ནས་གྲོལ་བ་ཐོབ་པར་རེ་བ་སོགས་ཀྱི་སྐྱོན་མཆིས། ཆོས་འདི་ལ་ལྟ་བ་ཆོས་ཉིད་སྟོང་པ་ཉིད་ཀྱི་རྨང་གཞི་བརྟན་པོ་ལ། གཉན་ས་འགྲིམས་ནས་ལྷ་འདྲེ་འབོད་ཅིང་ལུས་སྦྱིན་གཏོང་བ་སོགས་བཙན་ཐབས་རྨད་དུ་བྱུང་བས་བརྒྱན་ཡོད་པས་འཕགས་ལ། ཁྱད་པར་དུ་གཏེར་བྱོན་གཅོད་གཞུང་རིན་པོ་ཆེ་འདི་ལྟ་བུར་མགོ་བར་མཇུག་གསུམ་ཐམས་ཅད་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུ་ཨ་ཏི་ཡོ་གའི་ལྟ་དགོངས་ཀྱིས་ཁྱབ་ཡོད་པས། གཞུང་ལྟར་དུ་མ་ནོར་བར་ཉམས་སུ་ལེན་ན་དུས་ཡུན་ཐུང་ངུའི་ནང་དུ་གྲོལ་བ་འབྱུང་བ་ཐེ་མི་ཚོམ། སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱུ་འབྲས་ལས་འདས་པའི་ཆོས་ཉན་དགོངས་ཏེ། ཁ་ཆེའི་ཡུལ་ནས་སློབ་དཔོན་བི་མ་ལ་སྤྱན་དྲངས། བི་མ་ལས་མངོན་པ་ཞིག་གསུངས་པའི་དུས་སུ། གློ་བུར་དུ་གཡུ་སྒྲ་སྙིང་པོ་བནྡེ་ཕལ་པ་ཞིག་གི་ཚུལ་དུ་བརྫུས་ནས་ཕེབས་ཏེ། ཝ་དང་སྤྲེའུ་ཇི་ལྟར་སྒྲ་བཟང་ཡང་༔ གཅན་གཟན་རྒྱལ་པོ་སེང་གེའི་སྒྲ་མི་འཁྱུད༔ ཕོ་རོག་རྡོ་རྗེ་འགྲོས་ནི་འགྲོ་མགྱོགས་ཀྱང་༔ སྟོང་གསུམ་ས་སྟེང་འཁོར་བ་ཅང་སྲིད་དམ༔ ཉན་ཐོས་བྱིས་པའི་ཆོས་ཀྱིས་འཚང་མི་རྒྱ༔ ཞེས་ཟུར་ཟའི་ཚུལ་མཛད་ནས་ཐེག་ཆེན་ངེས་དོན་བླ་མེད་ཀྱི་ཆོས་གསུང་བར་བསྐུལ་བ་ལྟར། ཆོས་ལ་བཟང་ངན་གྱི་དབྱེ་བ་བཀར་མི་ཉན་ཡང་། བྱིན་རླབས་ཆེ་ཆུང་དང་། ལམ་ལ་མྱུར་བུལ། འབྲས་བུ་ལ་མཐོ་དམན་གྱི་ཁྱད་པར་ཤིན་ཏུ་ཆེ་བ་ཡོད། ཆོས་གཞན་མང་པོ་ཝ་དང་སྤྲེའུ་ལྟ་བུ་དང་། གཅོད་ཀྱི་ཆོས་འདི་གཅན་གཟན་རྒྱལ་པོ་སེང་གེ་ལྟ་བུ་ཡིན། ཝ་དང་སྤྲེའུའི་སྒྲ་ལས་སེང་གེའི་སྒྲ་བརླིང་པ་བཞིན། དེ་དག་ལས་ཀྱང་འདི་བྱིན་རླབས་ཀྱི་ཚན་ཁ་དང་མྱུར་ཆ་ཆེའོ། །གཉན་ས་འགྲོ་ཡུལ་ནི། ཟབ་དོན་ཐུགས་ཀྱི་སྙིང་པོ་ལས། དུར་ཁྲོད་ལུང་སྟོང་ལྷ་ཁང་ཤིང་གཅིག་ཁང་སྟོང་སོགས། །རང་སེམས་གང་འཇིགས་ཉམ་ང་བག་ཚའི་གནས་སུ་ཉལ། །ཞེས་གསུངས་པ་ལྟར་དུ། མི་རོ་སྐྱེལ་སའི་དུར་ཁྲོད་དང་། མི་མེད་ཀྱི་ལུང་སྟོང་སོགས་སླེབས་པ་ཙམ་གྱིས་འཇིགས་སྐྲག་སྐྱེ་སླ་བའི་ས་ཆ་རྣམས་མཆོག་ཏུ་གྱུར་པ་ཡིན། སྤྱིར་གཉན་ས་ངོས་འཛིན་སྟངས་ནི་གསང་སྔགས་ཀྱི་གཞུང་གཞན་དུ་གསང་སྤྱོད་ལ་ཞུགས་སྐབས་ཀྱི་འགྲོ་ཡུལ་དང་ཤིན་ཏུ་མཐུན་པའི་ཚུལ་ནི། སམྦུ་ཊའི་རྒྱུད་ལས། རི་བོ་དང་ནི་བཞི་མདོ་དང་། །ཤིང་གཅིག་ཆུ་འགྲམ་ནགས་ཆེན་དང་། །དེ་བཞིན་དབེན་པའི་བས་མཐའ་དང་། །རི་བོའི་སུལ་དང་རྩེ་མོ་དང་། །པད་མའི་ཚལ་ནི་ཡིད་འོང་དང་། །རྫིང་དང་རྒྱ་མཚོ་ཆེན་པོའི་འགྲམ། །ཚང་ཚིང་ཕུག་དང་རི་ཡི་འགྲམ། །གདོད་ནས་དག་པའི་དུར་ཁྲོད་དང་། །མཚན་མོ་མ་མོའི་ཁྱིམ་རྣམས་སུ། །གནས་དེར་འཇིགས་པ་རབ་སྤོང་ནས། །ཉམས་མྱོང་ཅན་གྱིས་རབ་ཏུ་བསྒོམ། །ཞེས་གསུངས་པས་ཀྱང་ཤེས་སླ། འོན་ཀྱང་གསང་སྤྱོད་ཀྱི་སྐབས་སུ་ཆགས་ལམ་པ་དང་ཐབས་ལམ་པ་གཉིས་སུ་ཕྱེ་ནས། ཐབས་ལམ་པ་རང་ཉིད་གཅིག་པུ་གཉན་སར་འགྲིམས་དགོས་པ་དང། ཆགས་ལམ་པ་ལས་རྒྱ་དང་འགྲོགས་ནས་འགྲོ་བར་བཤད་ཀྱང་། གཅོད་ལུགས་ལ་ཆགས་ལམ་རྩལ་དུ་མ་བཏོན་པ་མ་ཟད། ལས་རྒྱ་སོགས་གྲོགས་གཞན་དང་མི་འགྲོག་པར་རང་ཉིད་གཅིག་པུ་འགྲོ་བ་གལ་ཆེ། དེས་ན་གཅོད་ལུགས་ཀྱི་སྒོ་ནས་གཉན་ས་འགྲིམ་སྐབས་སུ། ལས་རྒྱ་སོགས་གྲོགས་གང་ཡང་མཉམ་དུ་མི་འཁྲིད་པར། རང་ཉིད་མ་གཏོགས་སྐྱོབ་མཁན་མེད་པ་དང་། འབོད་ན་ཨ་ཟེར་མཁན་ཡང་རང་ཉིད་ལས་གཞན་མེད་པར་འགྲོ་ན། འཇིགས་སྐྲག་དང་སུན་སྣང་གི་རྣམ་རྟོག་འབྱུང་སླ་བས་ཉམས་ལེན་གྱི་བོགས་འདོན་ལ་ཤིན་ཏུ་བཟང་། གལ་ཏེ་ལུང་སྟོང་ལྟ་བུར་བསྐྱོད་པའམ། མཚན་མོར་དུད་ཁྲོད་དུ་ཞག་ཉལ་བྱེད་འདོད་ན། ཐོག་མར་ཡུལ་དེ་ལ་རྐུན་ཇག་དགྲ་བོ་དང་འབྱུང་བའི་འཇིག་པ་དངོས་ཡོད་མེད་བརྟགས་ཏེ། གལ་ཏེ་གནོད་པ་དེ་དག་མེད་པར་ཐག་ཆོད་ཚེ་ད་གཟོད་འགྲོ་ན་ལེགས། ཕྱིའི་གནོད་པ་དངོས་མེད་ཀྱང་སྔོན་ཆད་མི་གཞན་གྱིས་རང་སྲོག་བཅད་པའམ། གཞན་གྱིས་འདི་ལ་འདྲེ་མཐུ་བོ་ཆེ་གནས་སོ་ཞེས་མི་ཚང་མ་ཞེད་ས་འམ། གྲོང་དང་ཐག་མི་ཉེ་ཞིང་དབྱིབས་འཇིགས་སུ་རུང་བའི་གནས་རྣམས་ནི་གཉན་སའི་མཆོག་ཏུ་གྱུར། མི་ཕལ་པའི་ནང་ལ་དང་པོ་ནས་ལྷ་འདྲེ་ཞེས་པ་ལ་མི་ཞེད་མཁན་དང་། ཐང་སྟོང་རི་སུལ་དུ་ཁེར་འགྲོས་བྱེད་པར་མི་ཞེད་མཁན་མང་པོ་ཡོད་ལ། དེ་དག་ནི་ལྟ་བ་མཐོན་པོ་རྟོགས་ནས་དེ་ལྟར་གྱུར་པ་མ་ཡིན་པར། ལྷན་སྐྱེས་ཀྱི་གཤིས་ཀ་ཙམ་ཡིན་ཏེ། དེ་ཚོ་ཕོ་ཚོད་སྒོས་གཉན་ཁྲོད་དུ་འགྲིམ་ཡང་ཉམས་རྟོགས་གང་ཡང་མི་འབྱུང་བས། གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལས། དེ་ནས་ས་གདན་གཉན་དམིགས་སུཿ ཕོ་ཚོད་ལྷ་འདྲེར་བརྙས་སེམས་དངཿ ཆོས་བརྒྱད་བསམ་པ་མ་ཡིན་པརཿ ཚད་མེད་བཞི་ཡི་དཔའ་གདེངས་བསྐྱེདཿ ཅེས་གསུངས་པ་ཀུན་གྱིས་ཡིད་ལ་བརྣག་འོས་པའི་གདམས་ངག་ཁྱད་པར་བའོ། །གཞན་ཡང་མི་འགའ་རེའི་རྒྱུད་ལ་བྱང་ཆུབ་སེམས་དང་གཅོད་རྫོགས་ཕྱག་སོགས་ཀྱི་ལྟ་བ་མེད་ཀྱང་། འཇིག་རྟེན་པའི་ལུགས་ཀྱི་དཔའ་གདེང་དང་། སྙིང་ཁམས་ཆེན་པོ་ཡོད་པ་ཁོ་ནའི་དབང་གིས། རྣལ་འབྱོར་པ་རྟོགས་ལྡན་ནམ། གཅོད་པ་བཟང་པོའི་སྙན་གྲགས་ཐོབ་ཕྱིར་དང་། ང་ཆེ་ང་གཉན་ང་རྒྱལ་གྱི་མྱོས་བྱེད་ལ་ཤིན་ཏུ་སྲེད་བཞིན་དུ། མི་ཕལ་མོ་ཆེ་འགྲོ་མི་ཕོད་པའི་ཡུལ་དུ་ཞག་ཉལ་བྱེད། གཅོད་ཆོག་དབྱངས་རྫིག་པོ་རེ་བཏང་རྗེས། མར་རང་ཁྱིམ་དུ་སླེབས་ཚེ། ཉོན་མོངས་