དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

དུག་གསུམ་ཆེ་ཆེར་སོང་བའམ་སྤུ་ཙམ་ཆུང་དུ་མ་སོང་བ་ནི་དང་པོ་ཉིད་ནས་ཀུན་སློང་མ་དག་པ་ཡིན་པས། རང་རྒྱུད་ཀྱི་ཀུན་སློང་མ་བཅོས་བར་དུ་མི་ཚེ་གང་པོར་གཉན་སར་བགྲོད་ནས་གཅོད་ཆོག་གཏོང་ཡང་འབྲས་བུ་ཁྱད་པར་བ་གང་ཡང་མི་ཐོན། གཞན་དུ་ན། ཕོ་ཚོད་དང་སྙིང་སྟོབས་ཆེ་བའི་མི་རྐུ་འཕྲོག་བྱེད་མཁན་མང་པོ་ཡོད་པ་ཚོའི་ནང་དུའང་། ལུང་སྟོང་དང་རི་སུལ་དུ་ཁེར་འགྲོ་བྱེད་པ་དང་། མཚན་མོ་དུད་ཁྲོད་དུ་ཞག་ཉལ་བྱེད་པར་མི་འཇིགས་མཁན་མང་པོ་ཡོད་པས། དེ་ཚོའི་ལག་ན་གཅོད་ཌཱར་རེ་བཞག་ནས་གཉན་ཁྲོད་དུ་བཏང་ཡང་། ཁོ་ཚོར་འཇིགས་སྣང་ཅི་ཡང་སྐྱེ་རྒྱུ་མེད་ན། རྐུན་ཇག་དེ་དག་རྣལ་འབྱོར་པར་བཀུར་ནས་འདི་ཕྱིའི་སྐྱབས་གནས་སུ་བསྙེན་དགོས་པར་མི་ཐལ་ལམ། གཉན་སར་འགྲིམ་པའི་དགོས་དོན་ཀྱང་ལྷ་འདྲེར་འཇིགས་སྐྲག་གི་རྣམ་རྟོག་གཅོད་པ་གཅིག་པུ་མ་ཡིན་པར། བཟང་ངན་དུ་འཛིན་པའི་རྟོག་པ་དང་། ཆོས་བརྒྱད་རེ་དོགས། བདག་འཛིན་རྣམས་གཅོད་དགོས་པ་ཡིན་པས། གཉན་སར་ལྷ་འབོད་དང་འདྲེ་འབོད་བྱེད་སྐབས་སུ། ཞེ་སྡང་རྒྱལ་པོའི་གཟུགས། ང་རྒྱལ་གཤིན་རྗེའི་གཟུགས། འདོད་ཆགས་སྲིན་མོའི་གཟུགས། ཕྲག་དོག་དམ་སྲིའི་གཟུགས། གཏི་མུག་ཤི་འདྲེའི་གཟུགས་སུ་བསྐྱེད་པ་སོགས་ཉོན་མོངས་པ་རྣམས་ལྷ་འདྲེའི་གཟུགས་སུ་བསྒོམས་ནས། དེ་དག་ཐད་ཀར་དུ་གཅོད་དགོས། སྤྱིར་རིག་པ་བརྟུལ་ཞུགས་སྤྱོད་པ་དང་། སྔགས་ལས་གསུངས་པའི་ཐབས་ལམ་མང་པོ་ནི་གང་བྱུང་མང་བྱུང་དུ་མི་སྤྱད་པར། རྟོགས་པ་མཆོག་ལྡན་གྱི་བླ་མའི་མདུན་ནས་གདམས་ངག་ཚང་ལ་མ་ནོར་བ་ཐོབ་པར་བྱས་ནས། ད་གཟོད་བོགས་འདོན་བཙན་ཐབས་ཀྱི་ཆེད་དུ། གཞན་གྱིས་མི་མཐོང་སར་རང་གཅིག་པུའམ་ལས་སྨོན་གྱིས་འབྲེལ་ཞིང་དམ་ཚིག་ལྡན་པའི་སྐྱེ་བོ་དང་ལྷན་དུ་སྤྱད་ན། རང་རྒྱུད་ཀྱི་རེ་དོགས་སྡུག་བསྔལ་མང་པོ་ཞིག་རང་སར་ཡལ་འགྲོ་ནའང་། མི་གཞན་གྱི་མིག་སྔར། མི་ཚོགས་འདུས་པའི་ཁྲོམ་ར་རྣམས་སུ། གཅེར་བུར་རྒྱུགས་པ་དང་། ཐོལ་བྱུང་དུ་མིག་བསྒྲད་ཅིང་ཕཊ་སྒྲ་དྲག་པོ་འདོན་པའམ། མི་གཙང་བའི་རྫས་ཟ་བ་སོགས་ལ་ཅིས་ཀྱང་འཛེམ་དགོས་ཀྱི། གཞན་གྱིས་རང་ལ་སྐུར་འདེབས་བྱེད་ཅིང་། ཕྱིས་སུ་འགྱོད་སེམས་སྐྱེ་བ་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། རང་གི་ཆོས་བརྒྱུད་ཀྱི་མིང་མི་སྙན་པར་བྱེད་པའི་སྐྱོན་འབྱུང་། གཅོད་གཞུང་རྣམས་སུ་གཙང་སྨེའི་རྣམ་རྟོག་བདུད་ཡིན་པས། དེ་བཙན་ཐབས་ཀྱི་སྒོ་ནས་གཅོད་པ་ལ། མཐོང་ན་ཤིན་ཏུ་མི་སྡུག་པའི་རྫས་ལ་བལྟས་ཏེ་མི་བཟོད་པར་མར་ས་ཐོག་ཏུ་སྐྱུག་པ་ཐོན་ཚེ། སླར་སྐྱུག་པ་ཡར་འཐུང་སྟེ། བཙོག་པར་འཛིན་པའི་རྣམ་རྟོག་གཅོད་དགོས་པར་གསུངས་པ་རྣམས་ནི་གསང་བའི་སྒོ་ནས་རང་ཉིད་གཅིག་པུས་སྤྱད་པར་བྱ་བའམ། སྒྲ་ཇི་བཞིན་པར་ཁས་མི་ལེན་པར་གཙང་སྨེའི་རྣམ་རྟོག་གཅོད་པ་ཙམ་ལ་གོ་ན་འོས་ཀྱི། རྒྱལ་ཁམས་ཀུན་གྱི་མཐོང་སར་དེ་ལྟར་བྱེད་ན། བརྟུལ་ཞུགས་ཀྱི་སྤྱོད་པར་མི་འགྲོ་བ་སྨྲ་མི་དགོས་པ་མ་ཟད། མི་འདོད་བཞིན་དུ་སྨྱོན་པ་ཁྲེལ་མེད་གྱི་གྲལ་དུ་གཡུག་ཉེན་ཆེ་བས་ཤིན་ཏུ་གཟབ་པའི་གནས་སོ། །སྤྱིར་གཅོད་ཡུལ་ལམ་དུ་ལྷོངས་པ་ལ་གཉན་ས་སོགས་སུ་འགྲིམས་ནས་མི་ཕོད་པ་ཐོག་ཏུ་བརྫི་ཞིང་། མི་ནུས་པ་བསྒྱུར་དགོས་པ་ཡིན་པས། ཕ་དམ་པས། བུ་མོ་ཁྱོད་མཚང་ཡུལ་ནས་ཐོན། མི་ཕོད་པ་རྫིས། མི་ནུས་པ་སྒྱུར། འཁྲི་བ་ཆོད། ཞེན་པ་ཐོངས། གཉན་ས་འགྲིམས། །ཞེས་མ་ཅིག་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གཅིག་ཏུ་དྲིལ་བའི་གདམས་པའི་སྙིང་པོ་གནང་བར་མཛད། གསུང་རབ་འགར་མི་ཕོད་པ་དྲུག་བསྟན་ཏེ། མེ་ཆུ་གཡང་ས་དང་དུག་མཚོན་གཅན་གཟན་རྣམས་ཀྱིས་རང་གི་སྲོག་ལ་རྒོལ་བས་མི་ཕོད་པ། ལྷ་འདྲེ་ཉམ་ང་བག་ཚ་བས་མི་ཕོད་པ། བདུད་རྩི་ལྔ་སྐྱུག་བྲོ་བས་མི་ཕོད་པ། གཞན་གྱི་ངོར་ངོ་ཚ་བས་གཅེར་བུ་ལ་སོགས་བྱེད་མི་ཕོད་པ། སྒྲོ་སྐུར་ངན་སྨྲ་ཕྱར་ཁ་མི་སྙན་པས་མི་ཕོད་པ། ནོར་དང་ལོངས་སྤྱོད་ལ་སྲེད་པ་ཆེ་བས་གཏོང་མི་ཕོད་པ་དག་ཡིན། དེ་དག་ལ་ཐོག་བརྫིས་བྱེད་སྟངས་གོ་བ་ལེགས་པོ་ལོན་དགོས་ཀྱི། གོ་ལོག་དང་སྤྱོད་ལོག་ལ་ཞུགས་ན་ཁེ་ལས་ཉེན་ཁ་ཆེ་བས། འདིར་རང་ཅག་དེང་སང་གི་གཅོད་པ་རྣམས་ཀྱིས་ཇི་ལྟར་ཉམས་སུ་ལེན་དགོས་ཚུལ་ཅུང་སྨྲ་བ་ལ། མི་འགའ་ཤས་མེ་ཆུ་དང་གཅན་གཟན་རྣམས་ལ་ཤིན་ཏུ་འཇིགས་ནས་སྙིང་བག་འཁུམས་པ་བྱུང་སྟེ། སེམས་ཞེད་སྣང་དང་སྡུག་བསྔལ་གྱིས་ཁེངས་པ་ཡོད། དཔེར་ན་སྦྲུལ་ལ་འཇིགས་ནས་སྦྲུལ་གྱི་གཟུགས་བརྙན་མཐོང་བ་ཙམ་གྱིས་འཇིགས་སྐྲག་མི་བཟོད་པ་སྐྱེ་བའམ། ས་འགུལ་སོགས་ཀྱི་འབྱུང་བའི་འཇིགས་པས་ཉིན་མཚན་ཀུན་ཏུ་བློ་གནོན་པ་ལྟ་བུ། འདིར་ནི་འཇིགས་སྐྲག་དེ་དག་ལྡོག་ཕྱིར་དུ་བློ་ནང་དུ་ཕྱོགས་ཏེ། རང་ཉིད་ལ་འཇིགས་པ་འདི་དང་འདི་འདུག་གོ་སྙམ་ནས་དེ་གཅོད་ཐབས་ཉམས་སུ་ལེན་པ་ལ་མི་ཕོད་པ་ཐོག་ཏུ་བརྫི་བ་བྱ་ཡི། བག་མེད་སྒོས་མེ་ནང་དང་ཆུ་དཀྱིལ་དུ་མཆོངས་ཟེར་བ་ག་ལ་ཡིན། སྦྲུལ་ལ་ཤིན་ཏུ་འཇིགས་པ་དག་གིས། སྦྲུལ་ཡོད་སར་སོང་ནས་སྦྲུལ་ལ་བལྟས་པས་འཇིགས་སེམས་བྱུང་ཚེ་དེ་གཅོད་ན་བོགས་འདོན་ཆེ་བ་བདེན་མོད། ཨུ་ཚུགས་ཀྱིས་དུག་སྦྲུལ་ལ་ལག་པས་འཇུ་དགོས་པར་བསྟན་པ་མ་ཡིན་པས། སྐབས་དང་མཐུན་པར་བྱས་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱང་བ་གལ་ཆེ། ཆོས་ཉིད་ཀྱི་ངོས་ནས་དཔྱད་ཚེ། རང་རེའི་འཇིགས་སྐྲག་ཕལ་མོ་ཆེ་ནི་རིག་པའི་རྩལ་རང་ལ་ཤར་བ་རང་སྣང་དུ་ངོ་མ་ཤེས་པར། དུམ་བུ་དང་རིས་སུ་བཅད་དེ། ཡུལ་གང་ཡང་རུང་བ་ཞིག་ལ་དམིགས་ནས་དེ་ཡིད་དུ་མི་འོང་བ་དང་། མ་རུང་བར་འཛིན་པའམ། དེས་གནོད་པ་སྐྲུན་པ་དང་། བར་ཆད་གཏོང་བའི་འདུ་ཤེས་ལ་བདེན་ཞེན་སྐྱེས་པ་ལས་བྱུང་། དེ་ཙམ་དུ་མ་ཟད་འཇིག་རྟེན་པའི་རིགས་པས་དཔྱད་ནའང་། རང་རེའི་བློ་ནང་དུ་ཡོད་པའི་འཇིགས་སྐྲག་མང་པོ་ནི་རྒྱུ་མཚན་ཅི་ཡང་མེད་པའི་རྣམ་རྟོག་ཙམ་དུ་གོ་ནུས་ཏེ། བོད་ཀྱི་མི་འགའ་ཞིག་དུད་འགྲོ་རྟ་ཁྱི་གཡག་སོགས་ལ་མི་ཞེད་ཀྱང་། སྦལ་པ་མཐོང་ཚེ་འཇིགས་སྐྲག་འབྱུང་བཞིན་ཡོད་པར་དཔྱད་ན། བོད་ཡུལ་དུ་སྦལ་པས་མི་ལ་སོ་བཏབ་ན་རྨས་སྐྱོན་བྱུང་བ་དང་། དེའི་དུག་གིས་མི་ཞིག་འཆི་བའི་ལོ་རྒྱུས་གཅིག་ཀྱང་མ་བྱུང། དེས་ན་འཇིགས་སྐྲག་དེ་ལྟ་བུ་ནི་གཙོ་བོ་ནང་སེམས་ཀྱི་རྣམ་རྟོག་གིས་བཟོས་པ་འབའ་ཞིག་ཏུ་ཟད། དེང་སང་འཛམ་གླིང་གི་མི་རྣམས་ཀྱི་ནང་ལ་སྦལ་པ་ལ་ཤིན་ཏུ་ཞེད་མཁན་མང་པོ་ཡོད། ནུབ་ཕྱོགས་པའི་ལུགས་ཀྱི་འཇིགས་སྔངས་དེ་བཅོས་ཐབས་ནི། འཇིགས་མཁན་གྱི་མི་དེ་དང་པོར་སྦལ་པའི་རི་མོར་ལྟ་བ་དང། དེ་ནས་ཡིད་ལ་སྦལ་པ་སྒོམ་ཞིང་། རིམ་གྱིས་སྦལ་པ་དངོས་ལྟ་རུ་བཅུག་ནས་འཇིགས་སྐྲག་ཞི་བར་བྱེད། དེ་བཞིན་དུ་མི་ལ་གནོད་འཚེ་མི་བྱེད་པའི་དུད་འགྲོ་བྱི་ལར་འཇིགས་སྐྲག་མྱོང་མཁན་སོགས་དོན་མེད་པར་རང་སེམས་འཇིགས་པས་མནར་བའི་དཔེ་ཤིན་ཏུ་མང་། ལྷ་འདྲེའི་ཚོགས་ནི་ནང་སེམས་ཀྱི་ངོར། སེམས་རང་ཉིད་ཀྱི་ཆོ་འཕྲུལ་གཟུགས་དང་གཟུགས་མེད་ཀྱི་རྣམ་པར་འཆར་བ་ཡིན་པས། སྟོང་ཉིད་ཀྱི་ལྟ་བ་ལ་སྙིང་རྗེའི་རྩིས་བཏབ་སྟེ། ལྷ་འདྲེ་སྤྱི་དང་། ལྷག་ཏུ་རང་ཉིད་འཇིགས་སའི་འདྲེ་བདུད་རྒྱལ་པོ་རྣམས་ལ་མི་འབྲོ་བར། ཁྱེད་རང་ཚོ་གལ་ཏེ་ཡོད་སྲིད་ན་ད་ལྟ་ཉིད་དུ་གཟུགས་སྟོན་ཅིག །སྐད་སྒྲོག་ཤོག །རྟགས་སྟོན་རོགས་ཞེས་བོས་ནས། མ་ཅིག་གིས། ལྷ་མེད་འདྲེ་མེད་ལྟ་བའི་གདེང་། །ཞེས་གསུངས་པ་ལྟར་དུ་དེ་རྣམས་བདེན་པར་མ་གྲུབ་ཅིང་རྣམ་རྟོག་གི་ཆོ་འཕྲུལ་ཙམ་དུ་བལྟས་ཏེ། རྣམ་རྟོག་དེ་དག་ཆོས་ཉིད་ཀྱི་དབྱིངས་སུ་དེངས་སུ་འཇུག་པའི་ལྟ་སྒོམ་ལ་གནས་པ་གཅོད་ཡུལ་ཡང་དག་པའི་ལུགས་སོ། །སྤྱིར་དྲི་ཆུ་སོགས་རྫས་རྣམས་འཇིག་རྟེན་ན་མི་གཙང་བར་གྲགས་པས། འཇིག་རྟེན་གྲགས་པའི་ཀུན་རྫོབ་ཀྱི་རྣམ་གཞག་དང་བསྟུན་ཚེ། མ་དག་པ་དང་མི་གཙང་བར་ཁས་ལེན་འོས་ཀྱང་། དོན་དམ་ཆོས་ཉིད་ཀྱི་ངོས་ནས་དེ་དག་གི་ངོ་བོ་སྟོང་ཞིང་གཙང་དང་མི་གཙང་གི་མཚན་མ་ལས་འདས་པ་ཡིན། དེའི་ཚུལ་ནི་ལྷག་པ་ཀུན་རྫོབ་དང་དོན་དམ་ཆོས་ཉིད་ཟུང་དུ་འཇུག་པའི་གནས་ལུགས་ཏེ།  ཆོས་ཐམས་ཅད་ལུས་པ་མེད་པར་རང་བཞིན་ལྷུན་གྲུབ་ཀྱི་ཐིག་ལེ་ཆེན་པོའི་ཀློང་དུ་དབྱེར་མེད་རོ་གཅིག་གི་ངོ་བོ་ལས་མ་འདས་པར། སྣང་སྲིད་དག་མཉམ་ཆེན་པོའི་རང་བཞིན་དུ་དཀྱིལ་འཁོར་གཅིག་གི་རོལ་པར་བཞུགས་པའོ། །དེ་ལྟ་བུའི་ལྟ་བ་གོ་ཡུལ་ཙམ་དུ་མ་ལུས་པར་མངོན་དུ་བྱེད་པའི་སླད་དུ། མི་གཙང་བའི་རྫས་ལྔ་ལ་བདུད་རྩི་ལྔའི་མིང་འདོགས་པ་དང་། སྐབས་སྐབས་སུ་དབེན་གནས་སོགས་སུ་མི་གཙང་བའི་རྫས་དཀྱིལ་འཁོར་དུ་བཀོད་པའམ། ཡང་ན་གཅིན་དང་སྐྱུག་པ་སོགས་ཉུང་ཟད་དང་དུ་ལེན་ན། བཙན་ཐབས་ཀྱི་སྒོ་ནས་གློ་བུར་དུ་གཉིས་འཛིན་གྱི་རྣམ་རྟོག་སྣ་ཚོགས་རང་ཞིག་དུ་འགྲོ་བའི་དགོས་པ་ཡོད། རང་རེ་ཚུར་མཐོང་གི་བློ་ཅན་དག་གིས་ཕར་ཡུལ་ལ་བལྟས་ཚེ། ཚོགས་དྲུག་གི་སྣང་བ་མང་པོ་རིས་དུམ་དུ་བཅད་ནས། འདི་གཙང་ངོ་ཞེས་དང་། འདི་མི་གཙང་ངོ་ཞེས་བཟུང་བ་མ་ཟད། མ་དག་པའི་བློས་ཐག་བཅད་པའི་དོན་དེ་མི་བསླུ་བར་སྙིང་ཐག་པ་ནས་ཡིད་ཆེས་བཞིན་ཡོད་ཀྱང་། དེ་སེམས་ཅན་གྱི་མཐོང་ཚུལ་ཡིན་གྱི། སངས་རྒྱས་ཀྱི་གཟིགས་ཚུལ་མ་ཡིན་ཏེ། སངས་རྒྱས་ཀྱི་གཟིགས་ངོར་གང་དུ་བཙལ་ཀྱང་གཙང་དང་མི་གཙང་བའི་དངོས་པོ་ཞིག་གཏན་ནས་གྲུབ་མ་མྱོང་བས། ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང༌། ཡོད་དང་མེད་ཅེས་བྱ་བ་མཐའ་ཡིན་ཏེ། །གཙང་དང་མི་གཙང་འདི་ཡང་མཐའ་གཉིས་ཡིན། །ཡོད་དང་མེད་ཅེས་བྱ་བ་རྩོད་པ་སྟེ། །གཙང་དང་མི་གཙང་འདི་ཡང་རྩོད་པ་ཡིན། །རྩོད་པར་གྱུར་པ་སྡུག་བསྔལ་ཞི་མི་འགྱུར། །རྩོད་པ་མེད་པར་གྱུར་པ་སྡུག་བསྔལ་འགག །ཅེས་གསུངས་སོ། །གཞན་གྱི་ངོར་གཅེར་བུར་བྱེད་པར་ངོ་ཚ་བ་འམ། བྲོ་འཆམ་པ་དང་གླུ་ལེན་པར་ངོ་ཚ་ཆེ་ན། མཚམས་མཚམས་སུ་གཅེར་བུར་འགྲོ་བའམ། བྲོ་འཆམ་པ་དང་། གཞས་གཏོང་བ་དང་། ངོ་ཚ་བའི་གཏམ་ཐོལ་བྱུང་དུ་སྨྲས་ནས། ངོ་ཚ་བ་རང་གི་སེམས་ལས་བྱུང་བ་ཤེས་ཤིང་། གནས་ལུགས་རོ་མཉམ་ཆེན་པོའི་ཀློང་དུ་ཞིག་པར་བྱ། ཕྱིས་སུ་འཇིག་རྟེན་མཐུན་འཇུག་གི་ཚུལ་དུ་ཡུལ་དང་ལུང་པའི་ལུགས་སྲོལ་དང་མཐུན་པར་སྤྱོད་པ་སྐྱོང་བ་དང་། དེ་དག་དང་མཐུན་པར་གཏམ་སྨྲ་ཞིང་ཆ་ལུགས་བྱེད་བཞིན་དུ། ནང་སེམས་འདི་འཇིག་རྟེན་གྱི་རེ་དོགས་ལས་གྲོལ་ནས་སྐྱིད་ལྷོད་དུ་གནས་པ་ཞིག་འོང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པ་ནི་རོ་སྙོམས་ཆེན་པོའི་དགོངས་པ་མངོན་དུ་གྱུར་པས། ཁོང་གིས་ཆ་ལུགས་ཅི་མཛད་ཀྱང་ཐུགས་རེ་དོགས་ཀྱི་ཞགས་པས་མ་བསྡམས་པར་བཞུགས་ཏེ། རས་པ་ཞི་བ་འོད་ཀྱིས་རྗེ་བཙུན་ལ། རྗེ་སྦ་གསང་མེད་པའི་རྣལ་འབྱོར་པ། །བརྟུལ་ཞུགས་སྤྱོད་པའི་གཅེར་ཉལ་མཁན། །འདོམས་སྟོང་ནོར་བུ་གང་དགར་སྟོན། །ཁྱེད་འཁྲུལ་བ་ནང་ནས་ཞིག་པ་དེས། །ཉམ་ང་བག་ཚ་མི་བདོག་ཀྱང་། །ངེད་འཇིག་རྟེན་པ་རྣམས་ངོ་ཚར་བྱེད། །ཅེས་དང་། ངེད་འཇིག་རྟེན་པ་ཡི་ངོ་ཚའི་གོས། །ན་བཟའ་བྱང་རྐྱང་འདི་འབུལ་བས། །མི་འདོད་མི་གསུང་བཞེས་པར་ཞུ། །ཞེས་སོགས་ཞུས་ཚེ། ལན་དུ། བུ་ཁྱོད་ཀྱིས་ངོ་ཚ་བ་དང་མི་ཚ་བའི་བྱེ་བྲག་མི་ཤེས། ང་ཆ་ལུགས་ལྷུག་པར་འཇོག་པ་ལ་ཁྱེད་བཞད་གད་དུ་བྱེད་དེ། དང་པོ་མའི་ཁོང་ནས་ཀྱང་གོས་མེད་གཅེར་བུར་འོངས། ཐ་མ་འཆི་ཚེ་ཡང་རིག་པ་གཅེར་བུར་ཐོན་ནས་འགྲོ་བ་ཡིན། ད་ལྟ་ཡང་བཅས་བཅོས་མི་བྱེད་སྤྱོད་ལམ་རང་སོ་འདི་ལྟར་འཇོག །བཅོས་མའི་ངོ་ཚ་ངས་མི་ཤེས། ཞེས་གསུངས། ཁོང་ལྟ་བུའི་འཕགས་པའི་སྐྱེ་བོས་མཛད་ཚུལ་འཇིག་རྟེན་གྱི་སྲོལ་དང་མི་མཐུན་ཡང་སྐྱོན་ཅི་ཡང་མི་འབྱུང་། གཞན་སྐྱེ་བོ་རང་ག་མ་དག་གིས་གཅེར་བུར་རྒྱུགས་པ་སོགས་བརྟུལ་ཞུགས་ཀྱི་སྤྱོད་པ་དག་ཡུལ་དུས་དང་བསྟུན་ནས་བྱེད་དགོས་ཀྱི། དགེ་སྐྱོན་གཉིས་ལས་ཕྱི་མ་འབྱུང་ཤས་ཆེ་བ་ཡིན་ནོ། །དེའི་ཕྱིར་ཀློང་ཆེན་པས། སྐྱེ་བོའི་དབུས་སུ་གཅེར་རྒྱུག་བྱེད་ལ་སོགས། །ཐོ་ཅོའི་སྤྱོད་པ་བརྟུལ་ཞུགས་ཡིན་སྙམ་ཡང་། །འཇིག་རྟེན་པ་དག་མ་དད་སྐྱེ་བའི་རྒྱུ། །བག་ཡོད་བསྟེན་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་གསུངས། རང་རེ་ཆོས་པར་ཁས་འཆེ་བ་རྣམས་ཀྱིས་སྒྲོ་སྐུར་ངན་སྨྲས་ཕྱར་ཀ་མི་སྙན་པ་རྣམས་ཀྱི་ཐོག་ཏུ་བརྫི་མ་ནུས་ན། མི་ཚེ་འདིའི་ནང་ལ་སྙན་གྲགས་དང་ལོངས་སྤྱོད་སྟོབས་འབྱོར་མངའ་ཐང་ཇི་ལྟར་ཆེ་ནའང་། ཆོས་བརྒྱད་བདུད་ཀྱི་དབང་དུ་གྱུར་ནས། ལྐོག་ཏུ་རེ་དོགས་ཀྱི་སྡུག་བསྔལ་གྱི་གསེབ་ཏུ་ཚུད་འོང་། དེང་སང་མི་ཕྱུག་པོ་ཀླུ་ཡི་རྒྱལ་པོ་ལྟ་བུ་ནོར་ལོངས་སྤྱོད་རྒྱ་ཆེ་བ་ལྡན་མཁན་རྣམས་ཀྱི་ནང་ལ་སེམས་མ་སྐྱིད་ནས། དུད་ནག་དང་ཆང་སོགས་ལ་རྒྱུན་དུ་སྤྱོད་དེ། སེམས་ནང་གི་དཀའ་བ་རྣམས་རེ་ཞིག་བརྗེད་ཐབས་བྱེད་པའམ། མི་སྙན་གྲགས་ལྷའི་དབང་པོ་བཞིན་དུ་ཆེ་བ་མང་པོ་དུས་རྟག་ཏུ་གཞན་གྱིས་ངན་སྨྲས་དང་སྐྱོན་སྣ་ཚོགས་གླེང་བ་ལ་སེམས་ཁྲལ་བྱས་ནས། ཉིན་མོར་ཟས་ཀྱི་ཡི་ག་འགག ། མཚན་མོར་གཉིད་ལེགས་པོ་མི་འོང་བ་ཡོད། གྲགས་དང་མ་གྲགས་པ་དང་། བསྟོད་པ་དང་སྨད་པ་དག་སྒྱུ་མའི་རང་བཞིན་དུ་མ་མཐོང་བའི་དབང་གིས། དེ་དག་བདེན་པར་བཟུང་ནས་གཞན་གྱིས་བསྟོད་པ་དང་བསྔགས་བརྗོད་བྱེད་པ་ལ་ཡིད་དགའ་བ་དང་། སྨད་པ་དང་སྐྱོན་མཚང་གླེང་བ་ལ་ཡིད་མི་དགའ་བ་སྐྱེ་བ་ཡིན་པས། གཞན་གྱིས་ཁྱེད་རང་ལྷ་དང་འདྲའོ་ཞེས་བསྟོད་ཚིག་སྨྲ་ན། དེ་བྲག་ཆ་ལྟར་དུ་སྙིང་པོ་མེད་པར་རྟོགས་པ་དང་། འདྲེ་དང་འདྲའོ་ཞེས་སྨྲ་ནའང་། བྲག་ཆ་བཞིན་དུ་སྙིང་པོ་མེད་པར་རྟོགས་ནས་བཟང་ངན་རོ་སྙོམས་སུ་འཇོག་དགོས་ཀྱི། གཞན་དུ་ན་འཇིག་རྟེན་པ་དག་གིས་རང་ཅག་ལ་སྐབས་རེར་བསྟོད་པ་བྱེད། སྐབས་རེར་སྨད་པ་བྱེད་འོང་། དེ་དག་གི་རྗེས་སུ་འབྲངས་ཏེ། སེམས་ལ་དགའ་སྡུག་ཡོ་ལང་རྫོགས་མེད་དུ་སྐྱེས་ནས་ཐང་ཆད་འོས་པ་ཡོང་བ་མ་ཟད། གཞན་དབང་དུ་གྱུར་ནས་མི་ཚེ་འདིར་སེམས་ཁྲལ་གྱི་རྒྱ་མཚོའི་ནང་དུ་ལྷུང་སྟེ་སྐྱིད་པོ་མི་འོང་། བཅོམ་ལྡན་འདས་ཀྱིས། གཞན་དབང་ཐམས་ཅད་སྡུག་བསྔལ་ཏེ། །བདག་དབང་ཐམས་ཅད་བདེ་བ་ཡིན། །ཐུན་མོང་དག་གིས་གནོད་བྱེད་དེ། །འབྲེལ་བ་ཤིན་ཏུ་འདའ་བར་དཀའ། །ཞེས་འཇིག་རྟེན་འདི་ན་མི་གཞན་གྱི་དབང་དུ་གྱུར་ཚེ། འཇིགས་སྐྲག་དང་རེ་བ་སོགས་ཀྱིས་མནར་ཏེ་བདེ་བ་འབྱུང་དཀའ་བར་གསུངས། གཞན་དབང་དུ་གྱུར་ཟེར་བ་དེ་ཡང་གཞན་གྱི་བྲན་གཡོག་ཏུ་གྱུར་ནས་ཞིང་རྨོ་བ་དང་ཁྱིམ་གཉེར་བ། ཟས་གཡོས་སྦྱོར་བྱེད་པ་ལྟ་བུ་ཁོ་ནར་མི་གོ་བར། མི་གཞན་གྱིས་བསྟོད་པ་དང་བཀུར་སྟི་བྱེད་པར་ཞེ་ཆགས་པའམ། སྙན་གྲགས་ལ་ཆགས་ཤིང་དེ་བརླག་འོང་པར་དོགས་ནས་སེམས་སྡུག་བསྔལ་གྱི་ཁུར་པོས་མནན། གཞན་གྱིས་སྨད་པ་དང་ངན་སྨྲས་བྱེད་པ་ལ་ཤིན་ཏུ་ཞེད་ནས་དུས་ཀུན་དུ་འཇིགས་དོགས་ཀྱི་གསེབ་ཏུ་ཚུད། གཞན་སེམས་མགུ་ཐབས་སུ་མི་འདོད་བཞིན་དུ་ངོ་དགའ་སྤྲེལ་ལད་འཁྲབ་པའམ། རང་གིས་མི་འདོད་ཀྱང་གཞན་གྱི་འདོད་པ་བཞིན་དུ་བྱེད་དགོས་ཚེ། དོན་དུ་གཞན་དབང་དུ་གྱུར་པ་ལྟ་བུ་རྣམས་སོ། །དེང་སང་གི་བླ་ཆེན་མང་པོ་ཞིག་སློབ་མ་དང་ཡོན་བདག་གི་བྲན་ཏུ་གྱུར་ཡོད་དེ། ཕྱི་ཚུལ་ལྟར་དུ་དེ་ཚོས་བླ་ཆེན་ཚོ་ལ་ཕྱག་འཚལ་བའམ། ལག་ཐལ་མོ་སྦྱར་ཞིང་མིག་ནས་མཆི་མ་འཁྲུགས། འབུལ་བ་རྒྱ་ཆེན་པོར་འབུལ་བར་ཁོག་ཡངས། དད་པ་དང་དང་བ་ཆེ་བས་བླ་མས་ཅི་གསུངས་སྒྲུབ་མཁན་ཏུ་འདུག་སྙམ་འོང་བ། འདི་ཚོ་བླ་མས་ཆུ་ལ་ལྕེབས་གསུངས་ན་ཆུ་ལ་ལྕེབ་མཁན། མེ་ནང་དུ་མཆོངས་ཟེར་ན་མེར་མཆོང་མཁན་འདྲ་བ་ཡོད་ཀྱང་། བླ་མའི་མཛད་སྤྱོད་ཅུང་ཙམ་མིག་ལམ་དུ་མི་མཛེས་པར་མཐོང་ཚེ། སྔར་གྱི་དད་པ་ཡོད་ཚད་གད་སྙིགས་ལྟར་དུ་གཡུགས། ཐབས་ཤེས་སྣ་ཚོགས་ཀྱིས་རྒྱལ་ཁམས་ཀུན་ཏུ་མ་ཉེས་ཁག་གཡོགས་བྱས་ནས་བླ་མའི་སྐྱོན་བསྒྲགས། མི་མང་པོའི་རྒྱུད་ལ་དོན་མེད་དུ་ལོག་ལྟའི་དུག་ཆུའི་རྒྱ་མཚོ་བསྐོལ། དམ་ཉམས་ཀྱིས་ལུང་པ་གང་བར་བྱེད། དེ་དག་གི་རྐྱེན་གྱིས་དེང་སང་གི་བླ་ཆེན་མང་པོ་ཕྱི་ཚུལ་དུ་སྟོབས་དབང་ཐང་ཆེ་བ་འདྲ་པོར་སྣང་ཡང་། དོན་དུ་སློབ་འབངས་རྣམས་ཀྱི་དབང་དུ་གྱུར་ཏེ། རྟག་ཏུ་མི་གཞན་རྣམས་མགུ་ཐབས་ཀྱི་ལས་ལ་མི་བརྩོན་དབང་མེད་བྱུང་སྟེ། ངས་བཙུན་ཚུལ་བཟུང་ན་གཞན་གྱིས་དགའ་པོ་བྱེད་འོང་སྙམ་ནས། ཤཱ་རི་བུ་ལས་ཀྱང་འདི་བཙུན་འདུག་སྙམ་འོང་བར་བྱེད་པའི་སྤྱོད་པ་གཙང་མ་ཁོ་ན་བསྐྱང་བའམ། ངས་གྲུབ་ཐོབ་དང་རྟོགས་ལྡན་གྱི་སྤྱོད་པ་བསྐྱང་ན་གཞན་སེམས་མགུ་འོང་སྙམ་ནས། ལུས་ལ་གྱོན་ཆས་འདྲ་མིན་གོན། ཁ་ནས་མི་ཕལ་པས་གླེང་མི་ཕོད་པའི་གཏམ་ཡ་མཚན་པ་བསྒྲགས་ནས་ཀུན་ཀྱང་ཧ་ལས་པ་བྱེད། མདོར་ན་ཞིབ་ཏུ་དཔྱད་ཚེ། དེ་ཚོ་ཐམས་ཅད་གཞན་དབང་དུ་གྱུར་ནས་རེ་དོགས་ཀྱི་བཙོན་རར་ལྷུང་བ་དུས་ངན་པའི་རང་རྟགས་མངོན་དུ་གྱུར་པ་ཡིན་པས་སེམས་རེ་སྐྱོ། སྔོན་གྱི་རྣལ་འབྱོར་པ་རྣམས་ཀྱིས་སྒྲོ་སྐུར་ངན་སྨྲས་ཕྱར་ཀ་མི་སྙན་པ་ཐོག་ཏུ་བརྫི་བའི་ལོ་རྒྱུས་དང་བ་སྐྱེ་འོས་པ་མང་དུ་ཡོད་པའི་ནང་ནས། འཕགས་ཡུལ་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ནང་གི་གུ་རུ་མ་ལཀྵྨི་ཀ་ར་ནི་ལངྐའི་རྒྱལ་པོ་ཛ་ལེནྡྲའི་བུ་སཾ་བོ་ལས་ཆུང་མར་བླངས་ཤིང་། མོའི་མིང་པོ་རྒྱལ་པོ་ཨིནྡྲ་བོ་དྷིས་ཀྱང་བྱིན་པར་ཞལ་བཞེས་མཛད་ནས། འཁོར་དང་ནོར་རྫས་ཕུན་སུམ་ཚོགས་པ་མཉམ་དུ་བརྫངས། མོ་ཡུལ་དེར་སླེབས་ཚེ། རྒྱལ་སྲས་ཀྱིས་རི་དྭགས་གསོད་པ་གཟིགས་ནས་ཐུགས་སེམས་ཤིན་ཏུ་ཕམ། འཁོར་དག་རང་གི་རྒྱན་ཆ་ཐམས་ཅད་དང་མཉམ་དུ་རང་ཡུལ་ལ་བཏང་། ཁང་པ་གཅིག་ཏུ་བཞུགས་ནས་སྐུ་ལུས་ལ་སོལ་བ་བྱུགས། སྐྲ་བཤིག །གཅེར་བུར་ཕྱུང་། སྨྱོ་རྫུན་བསྟན་དེ་མི་རྣམས་ཀྱི་མཐོང་ངོར་སྨྱོན་པར་གྱུར་པ་མཛད། བསམ་བཞིན་དུ་མི་གྲལ་ནས་བུད་དེ་དུར་ཁྲོད་ལ་ཉལ་ཞིང་ཟས་ཀྱི་ལྷག་མ་བཞེས་པར་མཛད་ནས་སྐུ་ཚེ་གཅིག་ལ་མཆོག་གི་དངོས་གྲུབ་བརྙེས། ལུས་དེ་ཉིད་ལ་མཁའ་སྤྱོད་དུ་གཤེགས་པའི་ལོ་རྒྱུས་ཡོད། རྣལ་འབྱོར་མ་འདིས་མི་ཁ་གཏམ་ངན་ལ་མ་འཛེམ་པ་མ་ཟད། བསམ་བཞིན་དུ་གཞན་གྱིས་འཕྱ་སྨོད་བྱེད་པའི་སྤྱོད་པ་མཛད་ནས། མི་གྲལ་ནས་བུད་ཅིང་ཁྱི་གྲལ་དུ་བཞུགས་ཏེ། མི་འཇིགས་པའི་ལྟ་བའི་གདེང་དང་ལྡན་པའི་