སྒོ་ནས་སྙན་གྲགས་ལ་འདོད་པ་དང་། འཕྱ་སྨོད་ལ་དོགས་པ་དག་གི་གདོང་བསུས་ཏེ་ཆོས་བརྒྱད་ཀྱི་ལྕགས་སྒྲོག་གཏོར་བར་མཛད། དཔེར་ན་སྤྲུལ་བའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་བཙུན་མོ་དམར་རྒྱན་སོགས་ཀྱི་ངན་གཡོའི་སྒོ་ནས་སྐྱོན་བཀལ་ཅིང་། རྒྱལ་པོས་ཆད་པ་བཅད་ནས་རྒྱལ་མོ་ཚ་རོང་དུ་སྤྱུགས། རྗེས་མར་བོད་ཀྱི་ཡུལ་དབུས་སུ་ཕྱིར་བྱོན་ཚེ། བསམ་གཏན་གསུམ་གྱི་ས་མཁར་འཛིན་པ་འདི༔ སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་འདྲ༔ སེམས་ཀྱི་གཞི་རྩ་ལེགས་པར་ཆོད་པ་ང༔ ལྟ་ལོག་ཆོས་མིན་ཟེར་ཡང་ཞེ་བློ་བདེ༔ ཞེས་གཞན་གྱིས་སྐུར་འདེབས་འདྲ་མིན་བྱེད་རུང་ཁོང་ཉིད་ཀྱི་ཐུགས་ལ་འཛེམ་དོགས་སྤུ་ཙམ་མེད་པར། སེམས་ཀྱི་ཆོས་ཉིད་འགྱུར་བ་མེད་པ་རྟོགས་པས། ཐུགས་གུ་ཡངས་བློ་བདེར་བཞུགས་བཞིན་ཡོད་ཅེས་གསུངས་སོ། །ནོར་དང་ལོངས་སྤྱོད་རྣམས་དོན་དུ་སྒྱུ་མའི་ཆོས་ལས་མ་འདས་ཤིང་། ནམ་ཞིག་རང་རེ་རྣམས་འཆི་བའི་དུས་སུ། འབྱོར་པ་ཅི་ཙམ་ཆེ་ཡང་ཐ་ན་རྩ་མ་པ་ཕོར་པ་གང་འཁྱེར་དབང་མེད་པར། རང་ཉིད་གཅིག་པུ་ཕྱི་མའི་ཡུལ་དུ་འགྲོ་དགོས། རང་རེ་རྣམས་ནོར་དང་ལོངས་སྤྱོད་ལ་ཞེ་ཆགས་ནས། ཆོག་ཤེས་ཀྱི་བློ་སྐྱེ་བའི་དུས་མེད་པར། རྟག་ཏུ་བསག་སྲུང་སྤེལ་བའི་ལས་ཀྱིས་དུས་འདའ་ཞིང་། ང་ལ་རྒྱུ་ནོར་མེད་སྙམ་པའི་སྐྱོ་སེམས་དང་། ང་ལས་གཞན་ལ་མང་བ་འདུག་གོ་སྙམ་པའི་ཕྲག་དོག །རང་གི་འབྱོར་པ་གཞན་གྱི་ལག་ཏུ་ཤོར་ཉེན་ཆེ་སྙམ་པའི་སེམས་ཁྲལ་གྱིས་ཀུན་ཏུ་མནར། འོན་ཀྱང་རང་རྒྱུད་ལ་ཆོག་ཤེས་རྣལ་མ་ཡོད་ན། སྡོད་སའི་གནས་བདེ་མོ་དང་། ཁ་ལ་ཟ་རྒྱུའི་ལྟོ་ཆས་འདང་ཙམ་ཡོད་ན་རང་སེམས་བདེ་ལྷོད་ངང་དུ་གནས་ནུས་ཏེ། བཤེས་སྤྲིང་ལས། ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་དུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས། །ཞེས་གསུངས། འཇིག་རྟེན་པ་ཕལ་མོ་ཆེས་ལོངས་སྤྱོད་སྒྱུ་མའི་རང་བཞིན་དུ་མ་རྟོགས་པར། དེ་དག་བདེན་པར་བཟུང་ནས་ཤིན་ཏུ་སྲེད་ཅིང་། གཞན་ལ་སྦྱིན་པ་གཏོང་མི་ཕོད། དེས་ན་སྲེད་ཞེན་དེའི་གཉེན་པོར་གཞན་ལ་རང་གིས་གཅེས་པར་འཛིན་པའི་དངོས་པོ་དག་སྦྱིན་ནས། ཐད་ཀར་དུ་མི་ཕོད་པ་ཐོག་ཏུ་བརྫི་དགོས། དེའང་ཐོག་མར་རང་གི་ཡིད་དུ་དགྲ་གཉེན་བར་མའི་སྐྱེ་བོ་སྣ་ཚོགས་པ་བསྐྱེད། དེ་དག་ལ་རང་གི་འབྱོར་པ་དང་ལོངས་སྤྱོད་ཅི་རིགས་པ་འགྱེད་པར་སྒོམ་ཚེ། སྲེད་པའམ་མི་ཕོད་པའི་བློ་ཤར་ན། དེ་མ་ཐག་ཏུ་རྣམ་རྟོག་དེའི་རྗེས་སུ་མི་འབྲང་བར་དེའི་ངོ་བོར་ཅེར་གྱིས་བལྟ་བར་བྱ། དེ་ལྟར་དུ་ཡང་ཡང་བསྒོམ་ན། མི་རིང་བར་རང་གི་སེམས་ལ་སྦྱིན་པ་རྒྱ་ཆེ་ཆུང་ཅི་འདྲ་གཏོང་སྙམ་ཡང་སྲེད་ཞེན་མཁྲེགས་པོ་མེད་ཅིང་གཏོང་ཕོད་ཆེ་བ་འོང་ངོ་། །སྤྱིར་གཉན་ས་ལ་མཚན་ཉིད་མི་འདྲ་བ་དུ་མ་ཡོད་པ་ལས། འཇིགས་སྣང་དང་འཚེར་སྣང་ཆེ་སའི་ཡུལ་རྣམས་ནི་མཆོག་ཏུ་གྱུར་པ་ཡིན་པས། རང་གི་ནུས་ཚོད་དང་བསྟུན་ནས་དེ་རྣམས་སུ་འགྲིམ་ན་བོགས་འདོན་ཡ་མཚན་པ་འབྱུང་སྟེ། གཉན་སར་འགྲིམ་པའི་དགོས་དོན་གལ་ཆེ་ཤོས་གཅིག་ནི་སྤྱིར་མི་ཕོད་པ་ཐམས་ཅད་ཐོག་ཏུ་བརྫི་བ་ཡིན་ཞིང་། ལྷག་ཏུ་འཇིག་སྐྲག་གི་གདོང་བསུས་ནས་རྩ་བ་ནས་གཅོད་པ་དེ་ཡིན། ཉོན་མོངས་ཐམས་ཅད་ཀྱི་ནང་ནས་འཇིགས་སྐྲག་འདི་སྟོབས་ནུས་ཆེ་བ་མ་ཟད། དེའི་དབང་དུ་གྱུར་ཚེ་རྒྱུན་དུ་རང་སེམས་རྣམ་རྟོག་བཙན་པོའི་ལྕགས་སྒྲོག་གིས་བཅིངས་ནས། ཐར་པ་ཐོབ་པ་དཀའ་བས་མི་ཚད། འཇིག་རྟེན་འདི་ལ་གསོན་པོར་གནས་ཚེ་སེམས་བདེ་ཞིང་སྐྱིད་པ་མི་འོང་། རྒྱུན་པར་རང་ཅག་གིས་རང་བློ་ལ་བརྟག་དཔྱད་མི་བྱེད་པ་མ་གཏོགས། སྐབས་སྐབས་སུ་རང་སེམས་ལ་ཅུང་དཔྱད་ན། དེའི་ནང་ལ་འཇིགས་སྐྲག་མང་པོ་ད་ལྟ་ཉིད་དུ་རྙེད་རྒྱུ་ཡོད་པ་མ་ཟད། དེ་དག་གི་དབང་དུ་གྱུར་ནས་ཧ་མ་གོ་བར་སྡུག་བསྔལ་གྱིས་རྟག་ཏུ་མནར་བཞིན་པ་དངོས་སུ་གསལ་འོང་བ་ཡོད། འཇིགས་སྐྲག་གི་རྣམ་གྲངས་བགྲང་བས་མི་ལོང་བའི་ཚོགས་ཀྱིས་མནར་བའི་རང་རེ་འགྲོ་བ་རྣམས་དུས་ཀུན་ཏུ་སྡུག་བསྔལ་གྱི་བྱེ་ཐང་མཐའ་མེད་པ་རུ། མགོན་དང་སྐྱབས་མེད་པར་ལོང་བ་ལྟར་འཕྱན་ནས། གུ་ཡངས་བློ་བདེའི་བདུད་རྩིས་རེག་པའི་སྐལ་བ་ཤིན་ཏུ་ཕྲ་བར་ལུས་པ་སྙིང་རྗེ་བའི་ཡུལ་ཏུ་གྱུར། ཕར་འཛམ་བུའི་གླིང་གི་སྐྱེ་བོ་རྣམས་ལ་གཟིགས་དང་། མི་ཚང་མ་ནམ་འཆི་ཆ་མེད་ལ་འཇིགས་པ། མཐོན་པོ་རྣམས་སྙན་གྲགས་ཉམས་པར་དོགས་པའི་འཇིགས་པ། དམའ་བ་རྣམས་གཞན་གྱིས་གཙེས་འོང་སྙམ་པའི་འཇིགས་པ། རྒས་པོ་རྣམས་ཁེར་རྐྱང་དུ་ལྷག་འོང་སྙམ་པའི་འཇིགས་པ། ཚོང་པ་རྣམས་ཁེ་སྤོགས་ཉམས་འོང་སྙམ་པའི་འཇིགས་པ། རྣམ་རྟོག་རྩུབ་རགས་ཅན་རྣམས་བདུད་འདྲེའི་གནོད་པ་ལ་འཇིགས་པ། དངོས་འཛིན་པ་རྣམས་ཟབ་མོའི་གནས་ལུགས་ལ་ཞེད་པ་སོགས་འཇིགས་པའི་རྣམ་གྲངས་མང་པོས་འཇིག་རྟེན་འདི་དུས་ཀུན་མནར་བཞིན་དུ་གནས། འོན་ཀྱང་འཇིགས་སྐྲག་ལས་མ་གྲོལ་བར་དུ་མི་ཚེ་འདི་ལ་རྐྱེན་གྱིས་འཕྲོག་མི་བཏུབ་པའི་བདེ་སྐྱིད་རྣལ་མ་མྱོང་མི་ནུས་པས། འཇིགས་སྐྲག་ལས་གྲོལ་བའི་ཐབས་ནི་ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་ངང་དུ་བློ་བཞག་ནས། རང་ཉིད་འཇིགས་སྐྲག་སྐྱེ་བའི་ཡུལ་ཐམས་ཅད་ཆབས་ཅིག་ཏུ་སྟོང་པ་ཉིད་དུ་ངེས་ཚེ། མདོ་ལས། འདི་ལྟར་སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་གླགས་མི་རྙེད་ཅིང་། མཚན་མ་མེད་པ་ལ་ཡང་མཚན་མ་མེད་པས་གླགས་མི་རྙེད་ལ། སྨོན་པ་མེད་པ་ལ་ཡང་སྨོན་པ་མེད་པས་གླགས་མི་རྙེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་གིས་གླགས་རྙེད་པར་འགྱུར་བ་དང་། གང་དུ་གླགས་རྙེད་པར་འགྱུར་བ་དང་། གང་ལ་གླགས་རྙེད་པར་འགྱུར་བ་དེ་དག་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཞེས་གསུངས་པ་བཞིན་དུ། ཡུལ་དང་ཡུལ་ཅན་ནམ། བདག་གཞན་ཐ་དད་དུ་སྣང་བའི་དངོས་པོ་ཐམས་ཅད་བདེན་པར་མེད་པ་སྟོང་པ་ཉིད་ཀྱི་ངོ་བོར་ཟད། ཐོགས་བཅས་ཀྱི་དངོས་པོ་གང་སྣང་ཡོད་ཚད་ལ་མི་འཇིགས། ཐོགས་མེད་ཀྱི་འཁྲུལ་སྣང་ཅི་ཤར་ལ་མི་སྐྲག་པར་འགྱུར། དེ་ལྟ་བུའི་གྲོལ་གདེང་མངོན་དུ་གྱུར་པ་ལ་ཐོག་མར་རང་རྒྱུད་ལ་འཇིགས་སྐྲག་མངོན་དུ་སློང་དགོས་ལ། དེའི་ཐབས་ནི། མངོན་པ་མཛོད་ལས། ཕྲ་རྒྱས་སྤངས་པ་མ་ཡིན་དང་། །ཡུལ་ནི་ཉེ་བར་གནས་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་གསུངས་པ་ལྟར་། རང་ཅག་གི་རྒྱུད་ཀྱི་ཉོན་མོངས་རྣམས་རྒྱུ་གསུམ་ལས་སྐྱེ་བ་སྟེ། ཉོན་མོངས་རྣམས་སྤངས་མ་ཟིན་པ་རྒྱུའི་སྟོབས་དང་། ཞེ་སྡང་ཆེ་བའི་དགྲ་བོ་དང་། ཡིད་དུ་འོང་བའི་འདོད་ཡོན། གཟུགས་མཛེས་པ་ལ་སོགས་ཉེ་བར་གནས་པ་ཡུལ་གྱི་སྟོབས། གནས་ལུགས་དང་མི་མཐུན་པའི་བློ་སྟེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྦྱོར་བའི་སྟོབས་གསུམ་གྱི་དབང་གིས་ཉོན་མོངས་པ་སྐྱེ་བར་འགྱུར་བ་ལྟར། འཇིགས་སུ་རུང་བའི་དུད་ཁྲོད་དང་། མི་གྲི་ཤིར་བརྒྱབ་པའི་གནས། གཞན་གྱིས་འདྲེ་ཡོད་པར་དོགས་པའི་ས། རྒྱལ་འགོང་གནས་པར་གྲགས་པའི་རི་སོགས་ཡུལ་གྱི་སྟོབས་ཀྱིས་འཇིགས་སྣང་སྣ་ཚོགས་མངོན་དུ་སྐྱེ་བར་འགྱུར་བས། སྣང་བ་བདེན་མེད་རོ་སྙོམས་ཀྱི་གྲོལ་བ་ཁོང་དུ་ཆུབ་པར་འདོད་པ་དག་གིས་མཐོང་བ་ཙམ་གྱིས་ཡིད་མི་བདེ་བར་བྱེད་པའི་གཉན་ཁྲོད་ཡ་ང་བ་རྣམས་སུ་འགྲིམས་ཏེ། འཇིགས་པའི་སྣང་བ་འདྲ་མིན་ཤར་བ་ན། ཆོས་ཉིད་ཀྱི་ལྟ་བའི་བཙན་ས་ལས་མི་གཡོ་བར། དེ་ཐམས་ཅད་བདེན་པར་མེད་པ་སེམས་ཀྱི་ཆོ་འཕྲུལ་ཙམ་དུ་བལྟས་ཚེ། དེ་དག་དགག་མི་དགོས་པར། རིག་པ་བྱང་ཆུབ་སེམས་ཀྱི་རྩལ་ལས་འཕྲོས་པ་ཙམ་དུ་ཟད་པའི་ངེས་ཤེས་འགྱུར་བ་མེད་པ་འཁྲུངས་ཤིང་། འཇིགས་བྱའི་ཡུལ་དང་འཇིགས་པ་པོ་རྣམས་རང་སར་ཞི་ནས། བདེ་དྲོད་ལྡན་པའི་རང་ཁྱིམ་དུ་བསྡད་པ་དང་ཁྱད་པར་མེད་པའི་སྣང་བ་ལ་རོལ་ནས། དེ་ཕན་ཆད་དུ་མི་ཚེའི་ནང་དུ་འཇིགས་པ་ཇེ་ཆུང་དང་། བློ་ཇེ་སྐྱིད་དུ་འགྲོ་བར་འགྱུར། མདོར་ན། ཉོན་མོངས་པ་དང་བཟོད་པར་དཀའ་བའི་སྡུག་བསྔལ་ལ་མི་ཞེད་ཅིང་མི་འབྲོས་པར། མདོ་ཡི་ལྟ་བ་ལྟར་ན་དེ་དག་བདེན་པར་མ་གྲུབ་པར་བློས་བཏགས་པའི་ཆོས་ཙམ་དུ་ཟད་པའམ། སྟོང་པ་ཉིད་ཀྱི་རང་བཞིན་ལས་མ་འདས་པར་རྟོགས་པའི་ངེས་ཤེས་དང་། ཡང་གསང་རྫོགས་པ་ཆེན་པོ་ལྟར་ན་དེ་དག་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་རོལ་པ་རུ་ཤེས་པའི་གདེང་གི་ཡ་ལད་ཐོགས་པའི་ངང་ནས། དེ་དག་ཐམས་ཅད་ཀྱི་མདུན་བསུས་ཏེ། བདུད་བཞི་ཀ་དག་གི་དབྱིངས་སུ་ཐད་ཀར་བཅད་ནས། བདེ་ཆེན་མི་འགྱུར་བའི་རྒྱལ་ཁ་ལེན་པ་གཅོད་ལུགས་ཀྱི་རིག་པ་བརྟུལ་ཞུགས་ལ་འཇུག་ཚུལ་ཡིན་ནོ། །དེ་ནི་ཐེག་ཆེན་སྤྱིའི་ལུགས་ལ་འཁོར་བར་མི་འཇིགས་པར་དེ་དང་དུ་བླངས་ནས་མྱང་འདས་ཐོབ་པར་མཛད་པའི་ལྟ་སྤྱོད་རླབས་པོ་ཆེ་དང་མཐུན། ཤ་བོ་བའི་ཞལ་ནས། དགྲ་རང་ལ་ཚོལ། ལྷ་འདྲེ་ལ་ཚོལ། དགེ་མི་དགེ་བ་ལ་ཚོལ། སྐྱིད་པ་སྡུག་བསྔལ་ལ་ཚོལ་གསུངས་པའི་བཞེད་དགོངས་དོན་འདི་ལྟ་བུ་གཟིགས་པ་ཡིན། བླ་མ་གོང་མ་རྣམས་ཀྱིས་ཞལ་རྩོམ་དུ་ཤ་བོ་བའི་གསུང་འདི་ལུང་འདྲེན་བྱས་འདུག་ཀྱང་། དེང་སང་གི་ཆོས་པ་འགའ་རེས་བཀའ་པོད་ལྔ་དང་གཞུང་ཆེན་བཅུ་གསུམ་སོགས་དབུ་ཚད་གཞུང་ཁོ་ན་གཙིགས་སུ་འཛིན་པའམ། ཡང་ན་ཕྱག་རྫོགས་སོགས་ཆོས་མཐོན་པོ་འབའ་ཞིག་ལ་མོས་ཁུལ་གྱིས། གོང་གི་གསུང་ལྟ་བུ་བློ་སྦྱོང་ཙམ་མོ་ཞེས་རིན་ཐང་ཆེན་པོ་མེད་པའི་ཆོས་སུ་བརྩི་འདུག་པ་ཡིད་སྐྱོ་བའི་རྒྱུར་ཟད་དེ། ཁོང་གི་ཞལ་གསུང་ཚིག་ཕྲེང་བཞི་པོའི་ནང་ལ་མདོ་སྔགས་ཀྱི་གནད་མཐའ་དག་ཚང་བ་མ་ཟད། མི་ཚེ་གང་པོར་འདིའི་དོན་རང་རྒྱུད་ལ་ཉམས་སུ་ལེན་ནུས་ན་དེས་འཐུས་པ་དང་། མཁས་པ་གཅིག་གིས་འགྲེལ་ན་གླེགས་བམ་རྟ་ཁལ་དང་གཡག་ཁལ་ལོངས་པ་ཡོད་པའི་གདམས་ངག་ཆེས་ཡ་མཚན་པ་ཡིན་ནོ། །རིམ་གྱིས་གཉན་ས་ཟེར་བ་དེ་འཇིགས་སུ་རུང་བའི་གནས་གཅིག་པུ་ལ་མི་གོ་བར། རང་སེམས་ཆོས་སྐུའི་སྙིང་པོ་འོད་གསལ་ནམ་མཁའི་ཉི་མ་འདི་ཉིད་བདུད་བཞིའི་སྤྲིན་གྱི་གསེབ་ལས་ཡོངས་སུ་མ་ཐར་བར་དུ། གང་དུ་གནས་ཀྱང་། སུ་དང་འགྲོག་ཀྱང་གཉན་སའི་འདུ་ཤེས་འཛིན་ནས་རེ་དོགས་ཉོན་མོངས་ཅི་བྱུང་དེ་མ་ཐག་ཏུ་སྐྱེ་མེད་རྡོ་རྗེའི་དབྱིངས་སུ་གཅོད་ན། ད་གཟོད་དོན་གྱི་ཀུ་ས་ལིའམ་གཅོད་པར་གྱུར་ནས་རང་གཞན་གྱི་དོན་རླབས་པོ་ཆེ་འགྲུབ་འོང་། དགོན་པ་དང་ཆོས་སྡེ་ཟེར་བ་མི་ཀུན་གྱིས་སྐྱབས་འཇུག་ཞུ་ཡུལ། ཕར་བལྟས་ན་ལྷ་ཁང་འདུ་ཁང་རྣམས་ཞལ་འདོན་གྱི་སྒྲ་སྙན་མོས་ཁེངས་ནས་བདེ་བ་ཆེན་པོའི་ཞིང་དུ་སླེབས་སོང་སྙམ་པར་བྱེད་པ། གྲྭ་པ་ངུར་སྨྲིག་གི་ན་བཟའ་ཅན་ཚོས་བཤད་གྲྭ་དང་སྒྲུབ་གྲྭར་གྲགས་པ་རྣམས་སུ་འཁོར་ལོ་གསུམ་གྱི་བྱ་བར་གཞོལ་བ་མཐོང་ཚེ། དག་པའི་ཞིང་ཁམས་ས་ཐོག་ཏུ་འཕོས་འདུག་སྙམ་པ་འོང་བ་རྣམས་ཀྱང་དོན་དུ་གཉན་ས་ཡིན་ཏེ། དེ་རུ་ཡུན་རིང་པོ་མི་དགོས་པར་ཅུང་བསྡད་ན། གཉན་ས་ཡིན་པ་ཧ་གོ་ཡོང་། དེ་དག་ལ་བླ་མ་ང་ཆེ་ང་མཐོ་སྙམ་པའམ། ཁྲི་ང་རྫིག །གཞུང་ང་མཁས། རྒྱུད་ང་དུལ། རྟོགས་པ་ང་མཐོ། སྤྱོད་པ་ང་བཙུན། གུས་ཞབས་ང་ལ་དགོས་སྙམ་པའི་རྣམ་རྟོག་གི་འདྲེ་བོ་ཆེ་དགུན་དུས་ཀྱི་ཁ་བ་བུ་ཡུག་བཞིན་དུ་འཚུབས་བཞིན་ཡོད། གྲོང་དུ་འགྲོ་ན་དེ་ཀར་ཉོན་མོངས་དུག་ལྔའི་བདུད་ཚོགས་རྣམས་ཉིན་མཚན་མེད་པར་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ཡོད་དེ། ཞེ་སྡང་གི་རྒྱལ་པོ། ང་རྒྱལ་གྱི་གཤིན་རྗེ། འདོད་ཆགས་ཀྱི་སྲིན་མོ། ཕྲག་དོག་གི་དམ་སྲི། གཏི་མུག་གི་ཤི་འདྲེ་རྣམས་གཅིག་ལ་བསྡུར་ན་གཅིག་ཤུགས་ཆེ་བ་ལྟར་དུ་འཁྲིགས་ནས། སྐྱེ་བོ་ཕོ་མོ་མང་པོ་དེ་དག་གི་བྲན་དུ་གྱུར་ནས་འཁོར་བའི་རྒྱ་མཚོར་ལྷུང་ཟིན་པ་མ་ཟད། མུ་མཐུད་དུ་འཁོར་བར་ཡུན་ནས་ཡུན་དུ་གནས་པའི་ལས་ལ་འབད་བཞིན་མཆིས་ན། རང་ཡང་གྲོང་ནང་དུ་འགྲོ་ནས་ཁྱིམ་པ་རྣམས་དང་མཉམ་དུ་འགྲོག་ཚེ། འདྲེ་གདོན་འདི་དག་རང་རྒྱུད་ལ་སྐྱེ་ཧ་ཅང་སླ་བ་ཡོད་པས། དེ་དག་སྐྱེས་མ་ཐག་ཏུ་ཆོས་ཉིད་ཀྱི་ལྟ་ཐོག་ཏུ་བསྡད་ནས་གཞི་མེད་རྩ་བྲལ་དུ་གཅད་དགོས། གཉན་ཁྲོད་དུ་རང་ཉིད་གཅིག་པུར་གནས་ཚེ། ཉོན་མོངས་དུག་ལྔའི་ལྷ་འདྲེ་ལྡང་ཚེ། ཕཊ་སྒྲ་དྲག་པོ་འཕེན་པའམ། གྲོང་དུ་མི་མང་པོ་འདུས་པའི་སར་གཞན་གྱི་སེམས་མི་དཀྲུགས་པ་དང་། སྐུར་འདེབས་མི་བྱེད་པའི་ཆེད་དུ་ཕཊ་སྒྲ་འཇམ་པོ་འཕེན་ན་བོགས་འདོན་དུ་འགྲོའོ། །སྔོན་གྱི་གཅོད་གཞུང་རྣམས་སུ་གཉན་སའི་བྱེ་བྲག་དུ་མ་བསྟན་ཡོད་པ་ནི། ཆུ་མིག་མགོ་དགུ་མགོ་བདུན་མགོ་ལྔ་མགོ་གསུམ་མགོ་གཅིག་སྟེ། ཀླུ་གདོལ་པ་དང་། བྲམ་ཟེ། རྗེ་རིགས། རྒྱལ་རིགས། དམངས་རིགས་རྣམས་རིམ་བཞིན་དུ་གནས་པའི་ཡུལ། ཆུ་མིག་ཆུ་རལ་ཆུ་འཁྱིལ་འདྲ་བ་ཉི་མ་མི་འཆར་བ་ཀླུ་བྲན་གནས་ས། གཉན་གནས་སའི་མཚོ་དྲུང་ལུ་མ་ཤིང་གཅིག་བྲ་མ་ནེའུ་སིང་ཆུ་ལྗབ་འཇིབ་ཡོད་པ། ས་བདག་གནས་སའི་ཕ་བོང་སྟག་སྦྲུལ་སྦལ་པ་བྱ་ཕག་འདྲ་བ། བྲག་གདོང་དང་། རི་ག་རུས་སྦལ་སྡིག་པ། སྡོམ་གཟུགས་འདྲ་བ་དང་། གཡག་དང་ཆུ་གླང་རྔ་མོང་མ་ཧེའི་གཟུགས་འདྲ་བ་ས་བདག་ཀླུ་གཉན་ཆེན་པོ་གནས་ས། བྲག་གདོང་དང་རི་སྣ་གད་པའི་སྟེང་མི་རེངས་ལངས་པ་འདྲ་བ་དང་། སྤྲེའུ་གདོང་བ་འདྲ་བ་དང་། རལ་གྲི་འདྲ་བ། ཁྲག་གི་རལ་པ་འདྲ་བ་དམར་བ་བཙན་གནས་ས། དམ་སྲི་དང་། བསེན་མོ་ཐེའུ་རང་རྣམས་གནས་སའི་བྲག་སྐྱིབས་ཕུག་པ་གཅོང་རོང་གད་ཕུག་གྲོག་ཕུག །བསེ་རག་མཁའ་ལ་རྒྱུ་བའི་ཡི་དྭགས་དང་གྲི་བོ་གྲི་མོ་གནས་སའི་ཁང་སྟོང་རེ་ཧྲུལ་ཕུང་ཤུལ། འབྲོག་པའི་མཚེར་ཤུལ། སྲང་མདོ་ཚོང་འདུས་སོགས། གཞན་ཡང་དུར་ཁྲོད་རོ་ཁུང་མི་ཤི་ཤུལ་དང་། དཔའ་བོ་གཡུལ་དུ་བསད་པའི་གནས་བཅས་མ་མོ་དང་གཤིན་རྗེ་སྲོག་བདག་གནས་ས། ལྷ་ཁང་དང་དཀོར་ཁང་གི་ཁྱམས། མཆོད་རྟེན། སྒྲུབ་ཁང་དང་དབེན་པ་སོགས་རྒྱལ་པོ་དང་སྲོག་བདག་པེ་ཀར་གནས་ས་སོགས་སོ། །དོན་དུ་གཉན་ས་ཟེར་བ་དེ་རང་གི་ལུས་དང་སེམས་ལས་ལྷག་པ་མེད། རང་གི་རྣམ་རྟོག་རང་མཚན་པ་འདུལ་ནུས་ན་དེ་ལས་གཞན་དུ་ལྷ་འདྲེ་འདུལ་རྒྱུ་མེད་དེ། རིག་འཛིན་བདེ་གཤེགས་གླིང་པའི་གཅོད་ཡིག་ལས། རང་ལུས་འཁྲུལ་པ་རི་གཉན་བྲག་ཁྲོད་ན༔ གཉིས་སུ་འཛིན་པ་མཚན་མའི་ལྷ་འདྲེ་གནས༔ གཉན་ས་མ་བཙལ་རང་ལ་ཡོད་པ་དེར༔ གནས་མིག་བརྟན་པར་བཞུགས་དགོས་མ་ངའི་བུ༔ ཞེས་གསུངས་ནས། རིམ་བཞིན་དུ་གཟུང་འཛིན་རྟོག་ཚོགས་ཀྱི་འཁྲུལ་བའི་ཡུལ་གྱི་གཉན་ས་རྣམས་སུ། ཉོན་མོངས་པའི་ཡོ་ལང་གི་འཁྲུལ་བ་ཕྲ་རགས་རྣམས་ལྷ་འདྲེའི་གཟུགས་སུ་བཀོད་ནས། གཉེན་པོས་དེ་དག་ལ་འཁྲི་བ་ཐད་ཀར་དུ་ཇི་ལྟར་གཅོད་ཚུལ་ཡ་མཚན་འོས་པར་བཞུགས་པ་རྣམས་བཀའ་གཏེར་དང་གསར་རྙིང་གི་གཅོད་ཡུལ་ཉམས་སུ་ལེན་མཁན་རྣམས་ལ་ཆེས་མཁོ་བར་མཐོང་བས་འདིར་བཀོད་པ་ལ། སྣང་བ་སྒྱུ་མའི་འཕྲུལ་གྱི་ཆུ་གཉན་དེར༔ ཕྱོགས་འཛིན་ཀླུ་གདོན་གདུག་པའི་ལྷ་འདྲེ་གནས༔ སྣང་བྱེད་འཛིན་པ་གཅོད་པའི་གདམས་ངག་དེ༔ བླ་མའི་མན་ངག་ཡིན་དགོས་མ་ངའི་བུ༔ ཞེས་ཕྱི་ཡུལ་གྱི་དངོས་པོ་ཚུར་ཤར་བ་མ་ཡིན་པར། ནང་རིག་རྩལ་སེམས་ཀྱི་ཆོ་འཕྲུལ་ཕྱིར་འཆར་བའི་སྣང་བ་བདེན་མེད་སྒྱུ་མ་ལྟ་བུའི་ཆུ་གཉན་ལ། བཟང་ངན་དང་ཕྱི་ནང་སོགས་ཕྱོགས་དང་རིས་སུ་བཅད་པའི་ཞེན་སེམས་ཀླུ་གདོན་གདུག་པའི་ལྷ་འདྲེ་གནས་ཤིང་། གཅོད་བྱེད་ཀྱི་གདམས་ངག་ནི་ཆོས་ཉིད་རང་ཞལ་སྟོན་པའི་བླ་མ་དམ་པའི་མན་ངག་ཡིན་གསུངས་པའོ། །བསམ་གཏན་རྟོགས་འདོད་དཔྱོད་པའི་ས་གཉན་དེར༔ རྟོག་པ་ཕོ་གདོན་གདུག་པའི་ལྷ་འདྲེ་གནས༔ དཔྱོད་བྲལ་སྐྱེ་མེད་དབྱིངས་ཀྱི་མན་ངག་གིས༔ བླུན་པོའི་མཁར་རྫོང་བཤིག་དགོས་མ་ངའི་བུ༔ ཞེས་འཕགས་པའི་སོ་སོར་རྟོགས་པའི་ཤེས་རབ་ཀྱི་ཡུལ་འབའ་ཞིག་ཏུ་གྱུར་པའི་ཆོས་ཉིད་ཀྱི་དོན་དེ་གཞལ་བར་འདོད་ཀྱང་། ད་དུང་འཇིག་རྟེན་རྟོག་གེའི་བློ་དང་སྒྲ་རྟོག་གིས་དེ་ལ་དཔྱོད་པའི་རྩོལ་བ་དགག་སྒྲུབ་ཕྲ་རགས་གང་རུང་གིས་བསླད་པའི་སོ་སོའི་སྐྱེ་བོའི་ལམ་གྱི་ས་གཉན་ལ། རྟོག་བཅས་ཀུན་རྫོབ་བློ་ཡི་ཕོ་གདོན་གདུག་པའི་ལྷ་འདྲེ་གནས་ཡོད་པ་ལ། དེ་གཅོད་བྱེད་ཀྱི་གདམས་ངག་མཆོག་ཏུ་གྱུར་པ་ནི། འཁོར་གསུམ་གྱི་མཚན་མ་ཟད་པའི་སྐྱེ་མེད་ཆོས་ཀྱི་དབྱིངས་ཀྱི་ལྟ་བ་ཡང་དག་པ་ཡིན་ཞེས་གསུངས་པའོ། །ཞི་བར་གནས་པའི་གནས་མཁན་ཁང་གཉན་ན༔ རང་མགོ་བསྐོར་བའི་མོ་གདོན་འདྲེ་མོ་གནས༔ ལྷག་མཐོང་ཡེ་ཤེས་རྡོ་རྗེའི་མན་ངག་གིས༔ མགོ་གླུམ་གནས་ཁང་གཏོར་དགོས་མ་ངའི་བུ༔ སེམས་ཀྱི་གཞི་
དཀར་ཆག