རྩ་ཆོད་པའི་རྟོགས་པའི་ཤེས་རབ་ཀྱི་རྩི་དང་བྲལ་ཞིང་། སྲིད་རྩེའི་གཉེན་པོར་མ་སོང་བའི་མུ་སྟེགས་པའི་ཏིང་ངེ་འཛིན་ལས་མ་འཕགས་པ། དབང་པོ་མེད་པའི་སྐྱེས་བུ་དང་འདྲ་བའི་ཞི་གནས་ཀྱི་ཁང་གཉན་ན། ཉམས་ཞི་ཞིང་བདེ་འཇམ་ཙམ་ལ་སྒོམ་དུ་འཛིན་ནས། དེ་ཁོ་ནས་ཆོག་པར་འཛིན་པ་སྟེ་རང་མགོ་རང་གིས་བསྐོར་བའི་མོ་གདོན་འདྲེ་མོ་གནས་པ་ལ། དེ་གཅོད་བྱེད་ཀྱི་མན་ངག་ནི་སེམས་བྱུང་ཤེས་རབ་ཙམ་མ་ཡིན་པའི་སེམས་ཉིད་འོད་གསལ་བ་སོ་སོ་རང་གིས་རིག་པའི་ཤེས་རབ་སྟེ། ལྷག་མཐོང་ཡེ་ཤེས་རྡོ་རྗེའི་མན་ངག་ཡིན་ཞེས་གསུངས་པའོ། །ཀུན་གཞི་ལུང་མིན་རྙོག་མའི་ཆུ་མིག་དེར༔ དྭངས་པའི་ཡེ་ཤེས་དཀྲུགས་པའི་ཤེས་ཉམས་གནས༔ དྲི་མེད་ཤེས་རབ་གསལ་བའི་མན་ངག་གིས༔ རྙོག་མའི་དྲི་མ་བྲལ་དགོས་མ་ངའི་བུ༔ ཡེ་ཤེས་རིག་པའི་དྭངས་ཆ་ལྐོག་ཏུ་གྱུར་ཅིང་དགེ་དང་མི་དགེ་བ་གང་དུ་ལུང་མ་བསྟན་པའི་ཀུན་གཞི་བག་ཆགས་གཏི་མུག་གི་རྙོག་མ་འཁྱིལ་བའི་ཆུ་མིག་ཏུ། རིག་པ་རང་ངོར་སད་པའི་ལྷག་མཐོང་གི་ཡེ་ཤེས་དེ་དཀྲུགས་པའམ། དེ་ལ་གེགས་བྱེད་པའི་ཤེས་པ་རྨོངས་པའི་བདུད་ཅིག་གནས་པ་ལ། གཅོད་བྱེད་ཀྱི་མན་ངག་ནི་གཏི་མུག་བག་ཆགས་ཀྱི་རྙོག་མ་དྭངས་པར་བྱེད་པ། མ་རིག་སྒོ་ངའི་སྦུབ་འབྱེད་པའི་མན་ངག་ཤེས་རབ་གསལ་བའི་རྩལ་དང་ལྡན་པ་དེའོ་ཞེས་གསུངས་པའོ། །གསལ་སྣང་རྟོག་མེད་ཞེན་པའི་དུར་ཁྲོད་དུ༔ མ་རིག་རྩ་འཛིན་དུར་འདྲེའི་ལྷ་འདྲེ་གནས༔ ཡུལ་འདས་ཧེ་རུའི་མན་ངག་དགོངས་པ་ཡིས༔ གོལ་སའི་དུར་འདྲེ་གཅོད་དགོས་མ་ངའི་བུ༔ སྒོམ་སྟོབས་ཀྱིས་བྱིངས་རྨུགས་ཀྱི་སྨུག་པ་དྭངས་ནས། སེམས་རྣམ་རྟོག་གི་འགྱུ་བ་རགས་པ་དག་མི་འཕྲོ་བར་རང་སེམས་ས་ལེར་བར་གནས་པའི་ཉམས་ཀྱི་དུར་ཁྲོད་དུ། ཆོས་ཉིད་མཇལ་བྱེད་ཀྱི་ཤེས་རབ་བྲལ་བའི་རྣམ་རྟོག་མ་རིག་པའི་དུར་འདྲེ་སོགས་གནས་འཆའ་བ་ལ། གཅོད་བྱེད་ཀྱི་གཉེན་པོ་ནི་བརྗོད་མེད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཐད་ཀར་དུ་སྟོན་བྱེད་ཧེ་རུ་ཀ་སྟེ་རིག་འཛིན་གོང་མའི་དགོངས་པ་ཡིན་ཞེས་གསུངས་པའོ། །ཉོན་ཡིད་ངར་འཛིན་འདུ་ཁང་གཉན་ས་རུ༔ ཀུན་རྟོག་ཡུལ་མཆེད་རྒྱལ་འགོང་གཟུང་ཞེན་གནས༔ ཤེས་ཡུལ་རང་གྲོལ་རྩ་བྲལ་མན་ངག་གིས༔ གཟུགས་ཕུང་རྒྱལ་འགོང་གཅོད་དགོས་མ་ངའི་བུ༔ ཡེ་གཞི་ཀ་དག་གཞི་མེད་རྩ་བྲལ་གྱི་ཆོས་ལ་ལོག་པར་འཁྲུལ་བ་ལས་བྱུང་བའི་ཉོན་ཡིད་ངར་འཛིན་གྱི་འདུ་ཁང་ལ། ཀུན་རྟོག་རང་གི་དམིགས་ཡུལ་དུ་མཆེད་ནས་དམིགས་བྱ་དང་དམིགས་བྱེད་ཀྱི་སྣང་བ་ཤར་ཞིང་། བདེན་པར་མ་གྲུབ་པ་གཟུང་བར་བྱ་བའི་ཡུལ་ལ་དངོས་པོར་ཞེན་པའི་རྒྱལ་འགོང་དྲག་ཏུ་རྒྱུ་བ་ལ། གཅོད་བྱེད་ནི་ཤེས་པ་དང་ཡུལ་ཐམས་ཅད་ཐ་དད་མེད་པར་རང་ཤར་རང་གྲོལ་དུ་རྟོགས་པའི་ཆོས་སྐུ་རྩ་བྲལ་ཆེན་པོའི་མན་ངག་གོ་ཞེས་གསུངས་པའོ། །རྣ་བ་སྒྲ་ཡི་འདུ་ཁང་ཆེན་པོ་དེར༔ གཉིས་འཛིན་བཙུན་གཟུགས་འཁྲུལ་བའི་ལྷ་འདྲེ་གནས༔ གྲག་སྟོང་རང་གྲོལ་སྐྱེ་མེད་མན་ངག་གིས༔ གཉིས་བཟུང་བཙུན་འཁྲུལ་གཅོད་དགོས་མ་ངའི་བུ༔ གཞན་གྱི་ངག་ལ་སོགས་པ་སྒྲ་སྣ་ཚོགས་ཐོས་པར་བྱེད་པའི་རྣ་བའི་དབང་བོ་དང་རྣ་བའི་རྣམ་པར་ཤེས་པའི་འདུ་ཁང་ཆེན་པོ་དེར། རྣ་བའི་ཡུལ་དུ་གྲགས་པའི་སྒྲ་རྣམས་སྙན་དང་མི་སྙན་པར་འཛིན་པའི་རྣམ་རྟོག་བཙུན་གཟུགས་ཅན་གྱི་ལྷ་འདྲེ་འགྱིང་བཞིན་ཡོད་པ་ལ། གཅོད་བྱེད་ནི་གྲག་པ་ཐམས་ཅད་བཟང་ངན་དབྱེར་མེད་སྟོང་པ་ཉིད་དུ་གོ་སྟེ་སྐྱེ་བ་མེད་པའི་ཀློང་དུ་རང་བཞིན་གྱིས་གྲོལ་ནུས་པའི་མན་ངག་ཡིན་ནོ་ཞེས་གསུངས་པའོ། །སྣ་ཤེས་དྲི་ཡི་རྒྱུ་ལམ་གཉན་ས་དེར༔ དྲིར་ཞེན་བཙན་གྱི་ཇག་པའི་ལྷ་འདྲེ་གནས༔ ཚོར་གྲོལ་སྟོང་ཉིད་འདྲེ་འདུལ་མན་ངག་གིས༔ དྲི་ཞེན་བཙན་རྒོད་གཅོད་དགོས་མ་ངའི་བུ༔ སྣ་ཡི་རྣམ་པར་གནས་པའི་དབང་པོ་དྲི་རྒྱུ་བའི་ལམ་གྱི་གཉན་ས་དེ་ན། དྲི་ཞིམ་དང་མི་ཞིམ་པར་བདེན་པར་བཟུང་ཞིང་སྲེད་པའི་བཙན་གྱི་ཇག་པའི་ལྷ་འདྲེ་གནས་ཡོད་ན། གཅོད་བྱེད་ནི་སྣང་བ་དང་སྣང་ཡུལ་ཐམས་ཅད་མཐར་ཐུག་རང་ངོས་ནས་བདེན་པར་མ་གྲུབ་པར། ཆོས་ཉིད་ཀྱི་རོལ་པ་ཙམ་ལས་གང་དུའང་ཐ་དད་དུ་གནས་མེད་པ་རྟོགས་ཏེ། ཚོར་གྲོལ་དུས་མཉམ་དུ་ཀ་དག་སྟོང་པ་ཉིད་ཀྱི་དབྱིངས་སུ་འབད་མེད་དུ་གྲོལ་བའི་མན་ངག་གོ་ཞེས་གསུངས་པའོ། །མྱོང་ཤེས་ལྕེ་ཡི་རོ་ལམ་བྲག་ཕུག་ཏུ༔ མྱོང་ཞེན་ཐེའུ་རང་མ་མོས་འཁྲུག་རྩོད་བྱེད༔ མྱོང་སྟོང་དྲི་བྲལ་རོལ་པའི་མན་ངག་གིས༔ དངོས་ཞེན་ཐེའུ་སྲིན་གཅོད་དགོས་མ་ངའི་བུ༔ རོ་སྣ་ཚོགས་མྱོང་བའི་ལྕེའི་རྣམ་པར་ཤེས་པ་དང་། ལྕེའི་དབང་པོའི་རོ་ལམ་བྲག་ཕུག་ཏུ། རོ་ཞིམ་པར་ཞེན་པའམ། མི་ཞིམ་པ་ངན་པར་ཞེན་པའི་ཐེའུ་རང་མ་མོ་རྒྱུ་བཞིན་ཡོད་ན། གཅོད་བྱེད་ནི་མྱོང་བའི་རོ་རང་ངོས་ནས་བཟང་ངན་གང་དུ་མ་གྲུབ་པར། སེམས་ཀྱི་རང་སྣང་ཙམ་དུ་རྟོགས་པའི་ངང་ནས་རོལ་པའི་མན་ངག་ཡིན་ཞེས་གསུངས་པའོ། །ལུས་སྣང་རེག་བྱའི་ལྷ་འདྲེ་འདུས་ས་རུ༔ དངོས་ཞེན་འཁྲུལ་བའི་ལྷ་འདྲེས་འཇིགས་གཟུགས་བསྟན༔ སྒྱུ་མ་ངོ་ཤེས་ལྟ་བུའི་མན་ངག་གིས༔ དངོས་ཞེན་ལྷ་འདྲེ་གཅོད་དགོས་མ་ངའི་བུ༔ རེག་བྱ་སྣ་ཚོགས་པ་མྱོང་བའི་ལུས་ཀྱི་རྣམ་པར་ཤེས་པ་དང་། ལུས་ཀྱི་དབང་པོའི་ལྷ་འདྲེ་འདུས་ས་རུ། རེག་བྱ་འཇམ་རྩུབ་ཀྱི་སྣང་བར་དགའ་ཞེན་དང་མི་དགའ་ཞིང་སྡང་བའི་བདེན་འཛིན་རྟོག་པའི་ལྷ་འདྲེས་འཇིགས་གཟུགས་བསྟན་བཞིན་ཡོད་པས་ན། གཅོད་བྱེད་ནི་ཕྱི་ནང་གི་དངོས་པོ་རྣམས་སྒྱུ་མ་རྨི་ལམ་ལྟ་བུ་བདེན་པར་མེད་པ་རང་གི་སེམས་ཀྱི་རོལ་པ་རུ་ངོ་ཤེས་པའི་མན་ངག་གོ་ཞེས་གསུངས་པའོ། །སེམས་འཛིན་འཁྲུལ་བ་འཐས་པའི་བཤན་ཁང་དུ༔ སེམས་བྱུང་བཤན་པ་བདུད་ཀྱི་ལྷ་འདྲེ་འཁྲིགས༔ གཞི་མེད་རྩ་བྲལ་ཉག་གཅིག་མན་ངག་གིས༔ སྣ་ཚོགས་འཁྲུལ་འདྲེ་གཅོད་དགོས་མ་ངའི་བུ༔ ཡེ་གཟོད་མ་ནས་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཐ་དད་དུ་མ་གྲུབ་ཀྱང་། མེད་སྣང་གཟུང་བའི་ཡུལ་ལ་འཛིན་པ་སེམས་ཀྱི་ཨ་འཐས་ཞུགས་པའི་འཁྲུལ་སྣང་གི་བཤན་ཁང་དུ། མི་རྟོག་པའི་ཡེ་ཤེས་དང་རྒྱང་རིང་བའི་འཁོར་བའི་རྣམ་རྟོག་སེམས་བྱུང་གི་བཤན་པ་གནས་པ་ལ། དེ་གཅོད་བྱེད་ནི། སྣང་བ་ཐམས་ཅད་སེམས་སུ་ཐག་བཅད་ནས། འཆར་གཞིའི་སེམས་ཉིད་ཀྱང་གཞི་མེད་རྩ་བྲལ་ལས་གཞན་དུ་འགྲོ་ས་མེད་པར་ཐིག་ལེ་ཉག་གཅིག་ཏུ་གཏན་ལ་ཕེབས་པའི་མན་ངག་དེ་ཡིན་ཞེས་གསུངས་པའོ། །གོ་ཡུལ་ཁ་ཙམ་དཔྱོད་པའི་ཤིང་གཉན་དེར༔ མ་རྟོགས་ཕོ་ཚོད་ལྷ་འདྲེས་ཆོ་འཕྲུལ་བསྟན༔ ཉམས་མྱོང་རྩ་གདར་གཅོད་པའི་མན་ངག་གིས༔ ཚིག་འབྱམས་ལྷ་འདྲེ་གཅོད་དགོས་མ་ངའི་བུ༔ ཁ་ལྟ་སྟོང་སྐད་ཀྱི་སྨྱོ་ཆུས་བཟི་ནས་ཆོས་ཉིད་བསམ་མི་ཁྱབ་པའི་དོན་དེ། གོ་ཡུལ་ཁ་འབྱམས་ཀྱི་གྲུབ་མཐའ་ལས་མ་འདས་པའི་ཚིག་དང་ཐ་སྙད་མཐོན་པོ་ཙམ་གྱིས་རྟོགས་པར་རེ་བའི་ཤིང་གཉན་དུ། ཕོ་ཚོད་དང་མངོན་པའི་ང་རྒྱལ་ཁོ་ནས་དེ་རྟོགས་པར་རློམ་ཞིང་སྒྲོག་པའི་ལྷ་འདྲེས་ཆོ་འཕྲུལ་བསྟན་བཞིན་ཡོད་པས་ན། གཅོད་བྱེད་ནི་བླ་མ་དམ་པའི་གདམས་པ་ལ་བརྟེན་ནས་ལམ་གྱི་གོལ་ས་ལེགས་པར་ཁོང་དུ་ཆུད་པར་བྱས་ཏེ། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་ཉམས་མྱོང་རྩ་གདར་བཅད་ནས་། གནས་ལུགས་ལ་ངེས་ཤེས་རྣལ་མ་བསྐྱེད་པའི་ཐབས་དེའོ་ཞེས་གསུངས་པའོ། །མྱོང་ཞེན་ཉམས་སྣང་གསུམ་གྱི་མཁར་ནང་དུ༔ ཚེ་གཅིག་ཞེན་པས་བཅིངས་པའི་མོ་སྲི་གནས༔ མཚན་ལྡན་དགོངས་པ་ལོན་པའི་མན་ངག་གིས༔ ཞེན་བྱེད་མོ་སྲི་གཅོད་དགོས་མ་ངའི་བུ༔ འཇིག་རྟེན་པའི་རྒྱུད་ལ་རྒྱུན་དུ་མི་འབྱུང་ཡང་། སྒོམ་ཆེན་དང་ཆོས་པ་ཚོ་ལ་འབྱུང་སླ་བ། སྒོམ་སྟོབས་ཀྱིས་ཐ་མལ་བག་ཆགས་ཀྱི་གཉིད་ལས་ཅུང་སད་ན་འབྱུང་བར་འགྱུར་བའི་བདེ་གསལ་མི་རྟོག་པའི་ཉམས་ཀྱི་མཁར་ནང་དུ། སེམས་ཀྱི་གཞི་རྩ་མི་ཆོད་པའི་ཉམས་ལ་ཚེ་གང་པོར་ཆགས་པའི་མོ་སྲི་གནས་པས་ན། གཅོད་བྱེད་མཚན་ཉིད་ལྡན་པའི་བླ་མའི་དགོངས་པ་ཇི་ལྟ་བ་བཞིན་རྒྱུད་ལ་འབྱོར་ཏེ། གོ་མྱོང་རྟོགས་གསུམ་དབྱེ་བ་མ་ནོར་བ་རྟོགས་པའི་མན་ངག་དེ་ཡིན་ནོ་ཞེས་གསུངས་པའོ། །རྟོག་མེད་རྩེ་གཅིག་གནས་པའི་ལྷ་ཁང་ན༔ ཡིན་སྙམ་ངོ་ཤེས་བརྟན་པོའི་འདྲེ་རྒོད་གནས༔ གདོད་ནས་བཅོས་མ་དགོས་པའི་མན་ངག་གིས༔ འདྲེ་རྒོད་དབྱིངས་སུ་ཞིག་དགོས་མ་ངའི་བུ༔ རང་གི་དམིགས་པ་ལས་གཞན་དུ་སེམས་མི་གཡོ་བར་མཉམ་པར་བཞག་པའི་སྟོབས་ཀྱིས་རྣམ་རྟོག་རགས་པ་འཕྲོ་འདུའི་རྒྱུན་རེ་ཞིག་བག་ལ་ཉལ་བའི་རྟོག་མེད་རྩེ་གཅིག་གནས་པའི་བསམ་གཏན་གྱི་ལྷ་ཁང་ན། ཁྱེའུ་སྦྲང་རྩི་ལ་སྲེད་པ་བཞིན་དུ་ཉམས་ན་བུན་ཙམ་ཞིག་ལ་བློ་འཁྲིས་ནས། དེ་ཉིད་རྟོགས་པ་རྣལ་མ་ཡིན་སྙམ་པའི་ཨུ་ཚུགས་ཅན་གྱི་འདྲེ་རྒོད་གནས་པས་ན། གཅོད་བྱེད་ནི་འཇུར་གེགས་བློའི་རྩོལ་བའི་ཏིང་ངེ་འཛིན་གྱིས་བཅོས་བསྒྱུར་བྱས་པ་མ་ཡིན་པར། སེམས་ཉིད་འོད་གསལ་བ་གདོད་ནས་དག་པའི་ཐོག་ཏུ་རང་བབས་ངང་འཇོག་ཤེས་པའི་མན་ངག་དེ་ཡིན་ནོ་ཞེས་གསུངས་པའོ། །སྤྲོས་བྲལ་རེ་ཞེན་ཆེ་བའི་འཕྲང་ལམ་ན༔ རང་བསླུ་རྟོགས་སོ་སྙམ་པའི་གྲོང་འདྲེ་གནས༔ ཡེ་ནས་བསྐྱར་དུ་མེད་པའི་མན་ངག་གིས༔ གྲོང་འདྲེའི་གནས་མལ་བཤིག་དགོས་མ་ངའི་བུ༔ སྤྲོས་བྲལ་དང་སྨྲ་བསམ་བརྗོད་མེད་སོགས་ཐེག་པ་ཆེན་པོའི་མདོ་དང་རྒྱུད་རྣམས་ཀྱི་དགོངས་པ་མཐོན་པོ་རྟོགས་འདོད་ཀྱི་རེ་ཞེན་ཆེ་བའི་འཕྲང་ལམ་ན། ལྟ་བའི་ཆ་ཤས་ཙམ་ཞིག་ལ་གོ་བ་ཕྱོགས་རེ་བ་ཞིག་ལས་མ་ལོན་ཀྱང་། བདག་གིས་ལྟ་བ་རྟོགས་ཤིང་གྲུབ་མཐའ་སྙོགས་སོང་སྙམ་པའི་གྲོང་འདྲེ་གནས་ཡོད་པས་ན། གཅོད་བྱེད་ནི་དགག་སྒྲུབ་བློའི་སྒྲོ་སྐུར་ཀྱིས་མདོག་བསྒྱུར་མ་དགོས་པར། རང་བྱུང་རིག་པའི་སྡོད་ལུགས་རྩོལ་མེད་རང་ངོར་སད་པར་བྱེད་པ། ཆོས་ཉིད་ཀུན་བཟང་ཡེ་གྲོལ་གྱི་དགོངས་པའི་མན་ངག་བླ་ན་མེད་པ་དེའོ་ཞེས་གསུངས་པའོ། །ཆོས་རྣམས་རོ་གཅིག་ཤེས་པའི་ཞེན་སྣང་ཡུལ༔ སྙམ་བྱེད་རེས་འཇོག་བྱེད་པའི་ཕུག་གདོན་གནས༔ མཐའ་དང་ཕྱོགས་བྲལ་རྩོལ་མེད་མན་ངག་གིས༔ སྙམ་འཛིན་ཕུག་གདོན་གཅོད་དགོས་མ་ངའི་བུ༔ བདེ་སྡུག་ཐོབ་ཤོར་ལྟ་བུའི་ཆོས་ཐམས་ཅད་ཁྱད་མེད་རོ་གཅིག་ཏུ་ཤེས་སོང་སྙམ་པའི་གོ་བ་དང་ཉམས་ཡ་མཚན་པའི་ཡུལ་ན། དོན་དུ་ཡོད་མེད་སོགས་སྤྲོས་པ་ཡོངས་སུ་ཆོད་མ་ནུས་པས། སྤྲོས་པ་གཅིག་ཆོད་ཀྱང་གཞན་ལུས་ཤིང། བདེན་གཉིས་དུས་གཅིག་ཟུང་འཇུག་མི་ནུས་པའི་རེས་འཇོག་བློ་ཡི་ཕུག་གདོན་ཁོ་དྲེགས་པ་དང་བཅས་གནས་པས་ན། གཅོད་བྱེད་ནི་ཡོད་མེད་ཀྱི་སྤྲོས་པའི་མཐའ་ཡོངས་སུ་དག་པ། ཡིན་མིན་གྱི་མཚན་མ་བྲལ་བའི་ཡེ་གྲོལ་ཕྱོགས་ཡན་རང་རིག་ཆོས་སྐུའི་དགོངས་པ་དེ་ལས་ལྷག་པ་མེད་ཅེས་གསུངས་པའོ། །ཆོས་རྣམས་རྫུན་གྱི་རི་མོའི་མཚང་ཤེས་གནས༔ མེད་འཇོག་སྒོམ་མེད་བྱེད་མཁན་ཤེས་འདྲེ་གནས༔ སྒོམ་དང་མི་སྒོམ་གཉིས་བྲལ་མན་ངག་གིས༔ ཤེས་བྱའི་ཞེན་འདྲེ་གཅོད་དགོས་མ་ངའི་བུ༔ རེ་ཞིག་རང་བློའི་དཔྱད་སྒོམ་གྱིས་འདུས་བྱས་ཀྱི་ཆོས་རྣམས་ནི་མ་བརྟག་ཉམས་དགའ་བ་ཙམ་དུ་གྲུབ་པ་ཧ་གོ་བའི་ཁོ་ལག་ཡོངས་སུ་མ་རྫོགས་པའི་ལྟ་བ་ཕྱོགས་རེ་བའི་གནས་ན། དངོས་པོ་རང་བཞིན་གྱིས་དབེན་པའི་མེད་སྟོང་རྐྱང་པར་ལྷུང་བའི་ཆད་སྒོམ་གྱི་ཤེས་འདྲེ་གནས་སྲིད་པས། གཅོད་བྱེད་ནི་དགག་སྒྲུབ་དང་སྒོམ་དང་མི་སྒོམ་གྱི་རྣམ་རྟོག་གི་ཟུག་རྔུ་འཇོམས་པའི་མན་ངག་མ་སྒོམ་སངས་རྒྱས་པར་དཀྲི་བའི་མན་ངག་དེའོ་ཅེས་གསུངས་པའོ། །དེ་ནས་གཉན་སར་འགྲོ་བ་ལ་གཅོད་པར་མཁོ་བའི་ཡོ་བྱད་རྣམས་ནི། གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལས། དེ་ལ་མཁོ་བའི་ཡོ་བྱད་ནིཿ དྲེགས་པ་ཟིལ་གྱིས་གནོན་པའི་ཕྱིརཿ སྡེ་བཞི་མ་ཉམས་གཅན་གཟན་ལྤགསཿ ལྟ་བ་ཡས་འབུབས་ཅོག་པུ་དངཿ སྤྱོད་པ་མས་འཛེགས་ཁ་ཊཾ་ཀཿ ལྷ་འདྲེ་དབང་སྡུད་མཆོག་ཆེན་རྐངཿ སྣང་བ་ཟིལ་གནོན་ཌཱ་མ་རུཿ མ་ཚོགས་དབང་བསྒྱུར་དྲིལ་གཡེར་དངཿ སྟག་གཟིག་རས་མ་སྐྲའི་ཅོད་པཎཿ མདོར་ན་བརྟུལ་ཞུགས་སྤྱོད་པ་ལཿ འོས་པའི་ཆས་རྣམས་སྟ་གོན་བྱཿ ཞེས་གསུངས་པ་ལྟར་དུ་ཤེས་པར་བྱས་ནས། གང་འོས་ཅི་འཛོམས་བྱ་བའམ། མ་མཐའ་ཡང་ཅོག་པུ་དང་། ཌཱ་མ་རུ། དྲིལ་བུ་རྣམས་འཛོམ་པར་བྱ་ཞིང་། ཡོ་བྱད་དེ་རྣམས་ཀྱི་མཚོན་དོན་རྣམས་བློ་ལ་ཇི་བཞིན་ངེས་པར་བྱ། གཞན་དུ་གཅོད་ཀྱི་ཡོ་བྱད་གླང་པོ་ཆེའི་ཁལ་ལོངས་པ་སྟ་གོན་བྱས་རུང་། ཁུར་པོ་ལྗི་མོ་རྣམས་ཡར་འཁྱེར་མར་འཁྱེར་བྱེད་པ་ཙམ་ལས་རང་རྒྱུད་ལ་ཕན་མི་ཐོགས། དེ་དག་གི་མཚོན་དོན་རྣམས་བློར་ལེགས་པོར་ངེས་ན། གནས་གང་དུ་ཕྱིན་ཀྱང་ཡོ་བྱད་དེ་དག་གིས་རང་གི་རྒྱུད་ལ་ཆོས་ཉིད་ཀྱི་ལྟ་བ་གསལ་འདེབས་ནུས་པའི་དགོས་པ་ཡོད། གོང་དུ་གསུངས་པ་ལྟར་དུ་ཅོག་པུ་འཁྱེར་ཚེ། དེ་ཉི་འོད་དང་ཆར་རླུང་འགོག་བྱེད་ཙམ་མ་ཡིན་པར་ལྟ་བ་ཡས་འབུབས་མཚོན་བྱེད་དུ་ཧ་གོ་དགོས་པ་མ་ཟད། དེའང་ཁ་ནང་ནས་ཚིག་སྙན་པོ་དང་བརླིང་པོ་ཙམ་བསྒྲགས་པ་མ་ཡིན་པར། ལྟ་བ་ཡས་འབུབས་དང་སྤྱོད་པ་མས་འཛེགས་སོགས་ཀྱི་དོན་མ་ནོར་ཞིང་ཚང་བར་གོ་ན། ཡོ་བྱད་དེ་དག་ཉམས་ལེན་གྱི་རྒྱབ་རྟེན་དུ་འགྱུར་ཐུབ། གཅོད་པ་རྣམས་གཉན་སར་འགྲིམས་པའི་སྐབས་དང་། དབེན་པའི་རི་ཁྲོད་དུ་བསྡད་ནས་གཅོད་ཡུལ་ཉམས་ལེན་བྱེད་སྐབས་རྣམས་སུ། ཉམས་ལེན་གྱི་གེགས་སུ་གྱུར་པའི་བྱ་སྤྱོད་སོགས་སྤང་དགོས་ཏེ། གངས་ཅན་གྲུབ་པའི་གཙུག་རྒྱན་སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་རྨད་དུ་བྱུང་བ་གྲུབ་མཆོག་ས་ར་ཧ་པའི་སྙིང་ཐིག་ཟབ་མོ་ལས། གྲུབ་རྟགས་མངོན་དུ་མ་གྱུར་བར༔ ཆང་སོགས་མྱོས་བྱེད་ཁ་ཟས་སྤོངས༔ བསླུ་བྱེད་ཆགས་བཅིངས་བུད་མེད་སྤོངས༔ སྤྱོད་ངན་འཆོལ་ཉོག་བག་མེད་སྤོངས༔ སྡིག་ཟས་དད་ནོར་བསླུ་ནོར་སྤོངས༔ ཞེན་ཡུལ་ཆགས་སྡང་ཨ་འཐས་སྤོངས༔ འཆིང་བྱེད་གྲོགས་དང་ཤག་རོགས་སྤོངས༔ འབྲེལ་བྱེད་ཕྱུགས་དང་འདུ་ལོངས་སྤོངས༔ སྤངས་བདུན་རྣལ་འབྱོར་དམ་པའི་ལམ༔ ཞེས་གསུངས། དེ་ལྟར་མ་བྱས་པར་གཅོད་ཀྱི་ཡོ་བྱད་ཌཱ་དྲིལ་དང་གཟན་དཀར་རེ་ཐོགས་ཤིང་། སྐད་སྙན་མོས་གཅོད་ཆོག་འདྲ་བཏང་ནས། དུས་རྟག་ཏུ་གོང་དུ་བཤད་པའི་སྤང་དགོས་པ་བདུན་གྱི་ལྡོག་ཕྱོགས་ཁོ་ན་ཅི་དགར་སྤྱོད་བཞིན་དུ་གནས་ན། མཚན་ལྡན་གྱི་བླ་མའི་མདུན་ནས་དབང་ལུང་རེ་ཐོབ་ནས། ལོ་མང་པོར་གཅོད་ཆོག་ཟབ་མོ་ཞིག་ཉམས་ལེན་བྱེད་ནའང་། བདུད་བཞི་དབྱིངས་སུ་གཅོད་པའི་མཆོག་གི་དངོས་གྲུབ་ནི་བྱེ་མ་བཙིར་ནས་སྣུམ་འབྱུང་བར་རེ་བ་དང་མཚུངས་ཉེན་ཆེ། སྐབས་འདིར་གསུངས་པའི་གྲུབ་རྟགས་ནི་རབ་ན་བདུད་བཞི་ཕྲ་བ་འམ་ཡང་ན་རགས་པའི་མགོ་མར་མནན་ཟིན་པས། རང་གི་རྒྱུད་ལ་རྟོགས་པ་རྣལ་མ་སྐྱེས་ཡོད་པ་རང་ཉིད་ཀྱིས་ཧ་གོ་རྒྱུ་ཡོད་པ་ཞིག་དང་། གཞན་གྱིས་ཀྱང་རྣལ་འབྱོར་བ་དེའི་རྒྱུད་དང་སྤྱོད་པ་ལ་བརྟགས་ཚེ། དེ་འཕགས་པའི་སྐྱེས་བུ་དང་། རྟོགས་པ་མཆོག་ལྡན་གྱི་རིག་པ་འཛིན་པ་བསླུ་མེད་ཞིག་ཡིན་པའི་ངེས་ཤེས་དབང་མེད་དུ་སྐྱེ་བ་ཞིག་ལ་གོ་དགོས། སྤྱིར་གསང་སྔགས་ཀྱི་གཞུང་རྣམས་སུ། ཡི་དམ་བསྙེན་ནས་བཟླས་བརྗོད་སོགས་
དཀར་ཆག