དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

ཉམས་སུ་ལེན་ནའང་སྙིང་རྗེ་མེད་དུ་མི་རུང་བར་བཞེད་ཅིང་། གཅིག་རེ་དང་གཉིས་རེ་མ་ཡིན་པར། ཁོང་རྣམས་ཀྱིས་སྙིང་རྗེ་དེ་ཐུགས་དམ་གྱི་གཙོ་བོ་ཞིག་ཏུ་འཛིན་པར་མཛད། སྔོན་ཆད་མཁས་གྲུབ་ཆེན་པོ་འཇའ་བ་ཨ་ལགས་མདོ་སྔགས་རྒྱ་མཚོ་སྨར་སྟོད་དགོན་ལུང་བྱ་བར་བཞུགས་སྐབས་སུ། ཁོང་གི་དངོས་སློབ་ཀླུ་ཤུལ་མཁན་པོ་སོགས་གྲུབ་ཆེན་མཁན་བཞི་ཁོང་མཇལ་བར་ཕེབས་པ་ན། ཁོང་གིས་ས་རྫ་ཞིག་བསྟན་ནས། ངས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམས་ཏེ། སེམས་ཅན་དོན་དུ་ངུས་པས་མཆི་མ་བསགས་ན་རྫ་མ་འདིའི་ནང་དུ་མི་ཤོང་བ་བྱུང་ཞེས་གསུངས་པ་ལྟ་བུའོ། །སྐབས་འདིར་སྙིང་རྗེ་རྒྱུད་ལ་ལྡན་པའི་ཚད་ནི། གློ་བུར་དུ་རྐྱེན་རེ་ཟུང་ལ་བརྟེན་ནས། སྙིང་རྗེའི་སེམས་སྤུ་སུ་མ་འབྱུང་བ་ལ་མི་ཟེར་བར། རང་རྒྱུད་བཅོས་མིན་གྱི་སྙིང་རྗེས་བརླན་པས། དུས་རྟག་ཏུ་འགྲོ་བ་གཞན་ལ་སེམས་གཏིང་ནས་སྙིང་རྗེ་སྐྱེས་པ་ལ་གོ །དེས་ན་རྒྱལ་ཚབ་བྱམས་པས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པར། །ཞེས་དང་། མགོན་པོ་ཀླུས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་པ་ལྟར། །སྲིད་ཞིའི་མཐའ་གང་དུའང་མི་ལྷུང་བར་རབ་ཏུ་མི་གནས་པ་ཆེན་པོའི་གོ་འཕང་ལ་བསྙེགས་པའི་ཀུན་སློང་རྣམ་དག་འཆང་བ་དག་གིས། ཅིས་ཀྱང་ཚད་མེད་པའི་སྙིང་རྗེ་ཡང་དང་ཡང་དུ་བསྒོམས་ནས། རང་རྒྱུད་ལ་དེ་ཉིད་རྐྱེན་གང་གིས་ཀྱང་འཕྲོག་མི་ནུས་པར་སྐྱེ་བར་བྱའོ། །སྔོན་གྱི་གོང་མ་རྣམས་ཀྱི་ཐུགས་ཀྱི་ཞིང་ས་ལ། ཕྱོགས་དང་རིས་སུ་མ་ཆད་པར་སྙིང་རྗེ་རྣམ་དག་གི་ལོ་ཏོག་ཕུན་སུམ་ཚོགས་པ་མངོན་པར་བཞད་པས། རང་ཉིད་ཀྱི་གཉེན་ཉེ་དང་གྲོགས་པོ་ཁོ་ན་མ་ཡིན་པར། ཐ་ན་དུད་འགྲོ་རྣམས་ལ་ཡང་སྙིང་ཐག་པ་ནས་ཐུགས་བརྩེ་ཞིང་། སྙིང་རྗེ་བར་མཛད་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་པ་ཡོད་དེ། སྔོན་ཆད་ལྷར་བཅས་འགྲོ་བའི་དེད་དཔོན་མཚུངས་པ་མེད་པ། དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་རིགས་བདག་གཅིག་པུ། བདག་ཅག་གི་འདྲེན་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན། བླ་མ་ཡིད་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཉིད་བླ་རུང་སྒར་དུ་འདུས་པ་རྒྱ་མཚོའི་སྤྱི་དཔལ་དུ་བཞུགས་པའི་སྐབས་ཤིག་ལ། མོ་ཊའི་ནང་དུ་ཕྱག་ཕེབས་གནང་ནས། སྒྱུ་འཕྲུལ་ལྷ་ཁང་དུ་བྱོན་སྐབས་སུ། ལམ་ཁ་འབྲི་གཡག་མང་པོས་བཀག་ཚེ། དད་ལྡན་གྱི་འབྲོག་མི་རྣམས་ཀྱིས་འབྲི་གཡག་རྣམས་ལ་རྡོ་འཕེན་རྡུང་འདེད་བྱས་ནས་ལམ་ཁ་ཕྱེ། བླ་མ་ཡར་ལྷ་ཁང་དུ་ཕེབས་ནས་མར་བཞུགས་སྐབས། དེ་རིང་གཉོམ་ཆུང་དུད་འགྲོ་རྣམས་ལ་མི་ཚོས་རྡུང་འདེད་བྱས་པ་མཐོང་སོང་། འབྲི་གཡག་དེ་ཚོ་སྙིང་རེ་རྗེ་གསུངས་ནས་སྤྱན་ཆབ་འགོག་མེད་དུ་བྱུང་བ་མདུན་བཞུགས་པ་རྣམས་ཀྱིས་དངོས་སུ་མཐོང་། སྙིང་རྗེ་མེད་ན་རྒྱུད་ཆོས་དང་འདྲེས་མི་ཐུབ་པས། ཆོས་བྱེད་ལོ་སྒྲུབ་ལོ་བྱེད་རུང་། རང་རྒྱུད་མུ་མཐུད་དུ་ཐ་མལ་ངང་ལུས། སློབ་མའི་རྒྱུད་ལ་སྙིང་རྗེ་བྲལ་ན་ཁོ་ཆོས་པ་རྣལ་མར་མི་འགྲོ་བ་མ་ཟད། བླ་མའི་རྒྱུད་ལའང་སྙིང་རྗེ་མེད་ན། ཁོ་སྙན་གྲགས་ཆེ་ཞིང་སློབ་མ་ཇི་འདྲ་མང་ཡང་དོན་དུ་དགེ་བའི་བཤེས་གཉེན་ནམ་མཚན་ཉིད་ལྡན་པའི་བླ་མའི་གྲལ་དུ་མི་འགྲོ་བས། བླ་སློབ་ཀུན་གྱིས་ཡེངས་པ་མེད་པར་དུས་ཀུན་ཏུ་རང་རྒྱུད་སྙིང་རྗེ་ལ་གོམས་པར་བྱའོ། །དགའ་བ་ཚད་མེད་ནི། ཕྱོགས་དང་རིས་སུ་མ་ཆད་པར་གྲངས་ཀྱིས་མི་གཞལ་བའི་འགྲོ་བ་ཀུན་ལ་དམིགས་ནས། དེ་དག་ལ་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་སྨོན་པའི་བློ་ཡིན་ཞིང་། ནད་ལ་སྨན་བཞིན་དུ་འདི་ནི་ཕྲག་དོག་གི་གཉེན་པོར་འགྲོ་བར་གསུངས། རང་རེ་སོ་སོའི་སྐྱེ་བོ་ཕལ་པ་རྣམས་ཀྱིས་གཞན་གྱི་ལེགས་ཚོགས་མཐོང་ཚེ། བློས་མི་བཟོད་པར་ཕྲག་དོག་སྐྱེ་སླ་པོ་ཡོད། ཕྲག་དོག་ནི་ཉོན་མོངས་དུག་ལྔའི་ནང་ཚན་དུ་གཏོགས་ཤིང་། གང་ཟག་མང་པོའི་རྒྱུད་ལ་མེ་ལྟར་འབར་ནས། སེམས་ཐོག་ཏུ་དོན་འབྲས་བཟང་པོ་ཅི་ཡང་འོང་བ་མེད་པར་ལས་ངན་པ་བསོག་བཞིན་མཆིས། འཇིག་རྟེན་འདི་ན་མི་མང་པོ་ཞིག་གིས་ཐོས་བསམ་སྒོམ་གསུམ་མི་བྱེད། བློ་ནང་དུ་བསྐོར་ནས་རང་རྒྱུད་བརྟག་དཔྱད་བྱེད་སྙམ་པའི་ཀུན་སློང་མེད། དེའི་ངང་དུ་ཚེ་འདིའི་སྒྱུ་མའི་ནོར་རྫས་བསག་སྲུང་སྤེལ་བའི་ཐབས་ཁོ་ནར་ཉིན་རེ་བཞིན་དུ་འབད། ལེགས་ཉེས་ཀྱི་བླང་དོར་འབྱེད་མི་ཤེས། བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་ལས་འབའ་ཞིག་ལ་སྤྱོད། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག །ནམ་རྒྱུན་ཉོན་མོངས་པ་ཕྲག་དོག་སོགས་ཀྱིས་རང་བློ་དབང་དུ་སྒྱུར་བཞིན་ཡོད། མི་གཞན་པ་རང་ལས་གཟུགས་རྫིག་པའམ། ཡོན་ཏན་ཆེ་བའམ། ནོར་ལོངས་སྤྱོད་མང་བ་མཐོང་ཐོས་བྱུང་ཚེ་མྱུར་དུ་ཚིག་པ་ཟ་ནས། དོན་མེད་རང་སེམས་སྡུག་གིས་མནར་བ་འདི་འཇིག་རྟེན་མིའི་ཆོས་ཉིད་སྐྱོ་འོས་པ་ཡིན། རང་རེ་འགྲོ་བ་མི་གཅིག་པུ་ཟད། འགྲོ་བ་གཞན་ལྷ་མ་ཡིན་ལ་སོགས་ཀྱང་ཕྲག་དོག་གིས་མནར་བར་གསུངས། ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ལོངས་སྤྱོད་ཆེ་བ་སྙིང་ལ་མ་བཟོད་པར། ཕྲག་དོག་གིས་ཀུན་ནས་བསླངས་ཏེ། གཡུལ་ལ་ཆས་ཚེ། ལྷ་རྣམས་རྫུ་འཕྲུལ་དང་སྟོབས་ཤུགས་ཆེ་བས་ལྷ་མ་ཡིན་རྣམས་ཕམ་ཞིང་། གསོད་གཅོད་ཀྱི་སྡུག་བསྔལ་གྲངས་མེད་པ་མྱོང་བར་གསུངས། རང་རེ་ཆོས་པ་ཡིན་པར་ཁས་འཆེ་བ་རྣམས་ལ་དགེ་སྡིག་གི་བླང་དོར་འབྱེད་པའི་བློ་གྲོས་རེ་ཡོད་ཀྱང་། རྣམ་གཡེང་བརྗེད་ངེས་ཀྱི་དབང་དུ་སོང་ནས་ཕྲག་དོག་གི་དབང་དུ་འགྱུར་སླ་ན། དུས་ཀུན་རང་བློ་ནང་དུ་ཕྱོགས་ནས་རང་སེམས་བརྟག་པ་གལ་ཆེ་ཕྱིར། རྒྱལ་སྲས་རིན་པོ་ཆེས། མདོར་ན་གང་དུ་སྤྱོད་ལམ་ཅི་བྱེད་ཀྱང་།རང་གི་སེམས་ཀྱི་གནས་སྐབས་ཅི་འདྲ་ཞེས། །རྒྱུན་དུ་དྲན་དང་ཤེས་བཞིན་ལྡན་པ་ཡིས། །གཞན་དོན་སྒྲུབ་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས། དེས་ན་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ཐམས་ཅད་དུ། ཐུན་དང་ཐུན་མཚམས་ཀྱི་དབྱེ་བ་མེད་པར། དྲན་ཤེས་བརྟེན་ནས་རང་རྒྱུད་ལ་ཉོན་མོངས་པ་ཕྲག་དོག་སྐྱེས་ཚེ། དེའི་རྗེས་སུ་མི་འབྲང་བར་རིག་ངོ་སྐྱོང་དགོས། གཞན་གྱི་བདེ་སྐྱིད་དང་དཔལ་ཡོན་མཐོང་བའམ་ཐོས་ཚེ། དེ་དག་ལ་ཕྲག་དོག་མི་བྱེད་པར་དགའ་བ་སྒོམ་པ་ལ་བསླབ་ན། རིམ་གྱིས་དགའ་བ་ཚད་མེད་ཡང་དག་པ་རྒྱུད་ལ་སྐྱེ་བར་འགྱུར། དགའ་བ་ཚད་མེད་སྒོམ་པ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། རྙེད་ཐོབ་སྙན་གྲགས་སོགས་ཕྱིའི་རྐྱེན་བཟང་པོ་ལ་མ་ལྟོས་པར། རང་གི་སེམས་དུས་ཀུན་དུ་བདེ་ཞིང་སྤྲོ་བར་གནས་ནུས་པ། གཞན་རྣམས་དང་མི་མཐུན་པ་མེད་ཅིང་མཛའ་བ་འབྱུང་བ་སོགས་ཚད་ལས་འདས། དེ་ཉིད་ཐེག་པ་ཆེན་པོའི་ས་ལམ་བགྲོད་ནུས་པའི་ཆ་རྐྱེན་བླ་ན་མེད་པར་འགྱུར་ཏེ། དགའ་བ་ཚད་མེད་ཐབས་ཀྱི་ཕྱོགས་སུ་རྟོགས་པས། ཐབས་དང་ཤེས་རབ་གཉིས་ཀ་མ་བརྟེན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མི་ཐོབ་པའི་ཕྱིར་དང་། དེ་གཉིས་ཀ་ལྡན་ན་རྣམ་མཁྱེན་གྱི་གོ་འཕང་འཐོབ་པའི་རྒྱུ་ཚང་བའི་ཕྱིར་རོ། །བཏང་སྙོམས་ཚད་མེད་ནི། སེམས་ཅན་ཐམས་ཅད་ལ་དམིགས་ནས་གཉེན་ལ་ལྷག་ཏུ་ཆགས་པ་དང་། དགྲ་སོགས་གཞན་ལ་སྡང་བ་མེད་པའི་བློ་ལ་གོ །འདི་རིགས་པ་དང་རྒྱུ་མཚན་མི་འདྲ་བ་དང་། ཐབས་སྣ་ཚོགས་ཀྱི་སྒོ་ནས་བསྐྱེད་ཚུལ་ཡོད་མོད་ཀྱང་། གཙོ་བོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་། སྐྱེ་བ་འདིར་གཉེན་དུ་བརྩི་བའི་ཕ་མ་དང་། སྤུན་སྲིང་། ཚ་བོ་ཚ་མོ། རང་དང་མཐུན་པོ་སོགས་རང་ཕྱོགས། དགྲ་དང་ཕ་རོལ་བར་བརྩི་བའི་གཞན་ཕྱོགས་ཐམས་ཅད་རང་གི་མར་མ་གྱུར་པ་གཅིག་ཀྱང་མེད་ལ། ད་ལྟར་སྤུན་སྲིང་དུ་བརྩི་བའི་གཉེན་ཉེ་འདི་ཚོ་སྐྱེ་བ་སྔོན་མར་དགྲར་གྱུར་མྱོང་བ་ཡོད་དེ། འཕགས་པ་ཀ་ཏྱཱ་ནས། ཕ་ཤ་ཟ་ཞིང་མ་ལ་རྡེག །ལས་ངན་དགྲ་བོ་པང་ན་བཟུང་། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་དང་། བཤེས་སྤྲིངས་ལས། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་ཡང་བཤེས་ཉིད་དང་། །བཟློག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། ཞེས་གསུངས། སྐྱེ་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རང་གཞན་ཀུན་གྱིས་བདེ་སྡུག་བསམ་གྱིས་མི་ཁྱབ་པ་མྱོང་ཞིང་། དགྲ་གཉེན་གྱི་སྣང་བ་གོ་བཟློག་པ་ས་ཆེན་པོའི་རྡུལ་གྱི་གྲངས་ལས་འདས་པ་བྱུང་བར་གཞིགས་ན། ད་ལྟའི་གཉེན་གྱི་སྣང་བ་འདི་ཡང་བདེན་པར་འཛིན་ས་བརྟན་པོ་མེད་ལ། དགྲ་དང་གཞན་ཕྱོགས་ཀྱི་སྣང་བ་ཉིད་ཀྱང་རྟག་པ་དང་བརྟན་ཆ་ཆེན་པོ་མེད། དེ་མ་ཟད་སྐྱེ་བ་འདི་གཅིག་པོར་འདང་རེ་བརྒྱབ་ན། དགྲ་གྲོགས་གཉིས་པོའི་ཆོས་ཉིད་ལ་རྟག་པ་མེད་དེ། ད་ལོ་དགྲར་འཛིན་པའི་མི་ཞེ་སྡང་བྱེད་སའི་ཡུལ་དེ་ཕྱི་ལོར་བར་མའམ། གྲོགས་སུ་འགྱུར་བ་དང་། དེ་བཞིན་དུ་ད་ལོ་གྲོགས་སུ་བརྩི་བའི་མི་དེ་སང་ལོ་འགལ་ཟླར་གྱུར་པ་མང་པོ་མཐོང་བ་ཡོད་ན། དགྲ་གྲོགས་ཀྱི་འདུ་ཤེས་ལ་ཡིད་རྟོན་དང་འཛིན་པ་དྲག་པོ་བྱེད་མི་འོས་པ་ཧ་གོ་འོང་། ཐེག་པ་ཆེན་པོ་པ་དག་གིས་རང་ལ་གནོད་པར་བྱེད་པའི་དགྲ་བོ་ལ་ཞེ་སྡང་མི་བྱེད་ལ། དགྲ་བོའི་འདུ་ཤེས་ཀྱང་འཆང་མི་རུང་བ་མ་ཟད། བཤེས་གཉེན་གྱི་འདུ་ཤེས་འཛིན་དགོས་པར་གོང་མ་རྣམས་ཀྱིས་གསུངས་ཏེ། འཇིགས་མེད་གླིང་པས། དགྲས་ལོག་སྒྲུབ་བྱས་ཀྱང་ཐུགས་དམ་གྱི་བོགས་འདོན། །གཏམ་མ་ཉེས་ཁ་ཡོགས་དགེ་སྐུལ་གྱི་ལྕག་འདེབས། །འདི་ཆགས་ཞེན་འཇིག་པའི་བླ་མ་རུ་འདུག་པས། ཁོའི་དྲིན་ལན་འཁོར་ཐབས་མེད་པ་རུ་གཟིགས་མཛོད། །ཅེས་གསུངས། རང་ལ་གནོད་པ་བྱེད་པའི་མི་ལ་དགྲའི་འདུ་ཤེས་བཟུང་ཚར་རྗེས། དེ་ལ་ཞེ་སྡང་ཤིན་ཏུ་སྐྱེ་སླ་བས། བཏང་སྙོམས་ཚད་མ་སྐྱེ་བ་ལ་གཞན་སུ་དང་གང་ལ་དགྲའི་འདུ་ཤེས་མི་འཆང་བ་གལ་ཆེ། ལྷས་བྱིན་གྱི་ངོར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དགྲར་མཐོང་ཡང་། སངས་རྒྱས་ཉིད་ཀྱི་ཐུགས་ན་ལྷས་བྱིན་དགྲར་མཐོང་བའི་འདུ་ཤེས་མེད་པ་མ་ཟད། སྟོན་པའི་ངོར་སྲས་སྒྲ་གཅན་འཛིན་དང་ལྷས་བྱིན་གཉིས་པོ་མཉམ་ཞིང་། དེ་གཉིས་ལ་ཉེ་རིང་གི་དབྱེ་བ་མི་གཟིགས་པས། ཆགས་སྡང་རྡུལ་ཙམ་མི་མངའ་བ་གཞུང་ལས་བཤད་པ་ལྟ་བུའོ། །རྒྱལ་བ་བཅོམ་ལྡན་འདས་རྣམས་ཀྱི་ངོར་རང་ལ་ཕན་འདོགས་མཁན་གྱི་གྲོགས་དང་། གནོད་བྱེད་མཁན་གྱི་དགྲའི་འདུ་ཤེས་དང་མཚན་མ་ཐུགས་ལ་ཡེ་ནས་མི་མངའ་བས། འགྲོ་བ་མ་ལུས་ལ་ཉེ་རིང་ཆགས་སྡང་མེད་པར་ཐུགས་རྗེས་མཉམ་པར་བཟུང་བ་ཡིན་སྟབས། རང་རེ་རྣམས་ཀྱིས་དེ་དག་གི་རྗེས་སུ་འབྲངས་ནས། འགྲོ་བ་ཀུན་ལ་ཉེ་རིང་གི་ཁྱད་པར་མི་འབྱེད་པར། དྲང་སྲོང་མགྲོན་འགྱེད་ལྟ་བུའི་བཏང་སྙོམས་ཚད་མེད་རྒྱུད་ལ་སྐྱེ་ཅི་ནུས་བྱ་དགོས་སོ། །གསུམ་པ་མཎྜལ་ནི།

རང་ལུས་གནས་གསུམ་མཎྜལ་ཚོམ་བུ་འབུལ༔
ཚོགས་གཉིས་མྱུར་རྫོགས་དོན་གཉིས་ལྷུན་གྲུབ་ཤོག༔

ཅེས་པ་སྟེ། ད་ལྟའི་གདོས་བཅས་ཤ་ཁྲག་ལས་གྲུབ་པའི་རང༷་ཉིད་ཀྱིས་གཅེས་པར་འཛིན་པའི་ལུས༷་པོའི་སྤྱི་བོ་དང་མགྲིན་པ་སྙིང་ག་སྟེ། གནས༷་གསུམ༷་པོས་མཚོན་པས་མགོ་ནས་རྐང་མཐིལ་བར་གྱི་ནང་དོན་སྣོད་དང་། ཕྱིའི་པགས་པ་སོགས་འདུས་པའི་ཕུང་པོ་འདི་ཉིད། གཅོད་ཡུལ་རྩ་གསུམ་ལྷའི་དཀྱིལ་འཁོར་ལ། ཞེན་འཛིན་གྱི་སྒྲོག་གིས་མ་བཅིངས་པར་མཎྜལ༷་ཚོམ༷་བུ༷་ཡི་རྣམ་པར་བསྐྱེད་ནས་དམིགས་མེད་ཆོས་ཉིད་ཀྱི་ལྟ་བའི་ངང་ནས་འབུལ་ལགས་ན། རྒྱ་ཆེ་བ་བསོད་ནམས་ཀྱི་ཚོགས་དང་། ཟབ་པ་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས༷་གཉིས༷་པོ་རིས་སུ་མ་ཆད་པར་ཡོངས་སུ་མྱུར༷་བ་མྱུར་དུ་རྫོགས༷་ཤིང་། རང་དང་གཞན་གྱི་དོན༷་གཉིས༷་པོ་འབད་མེད་ལྷུན༷་གྲུབ༷་དུ་འབྱུང་བར་ཤོག༷་ཅེས་པའོ། །བདེན་གཉིས་ཀྱི་གནས་ལུགས་གསལ་བར་གཟིགས་པའི་རྒྱལ་བ་བཅོམ་ལྡན་འདས་ཆེན་པོའི་གསུང་དང་། ཚད་ལྡན་གྱི་བླ་མ་མཁས་གྲུབ་གསེར་གྱི་རི་བོ་ལྟ་བུ་དག་གི་བཀའ་རྣམས་སུ། དགོངས་པ་གཅིག་དང་དབྱངས་གཅིག་གིས་མཐར་ཐུག་དག་པ་གཉིས་ལྡན་གྱི་གོ་འཕང་མངོན་དུ་བྱེད་པ་ལ། ལམ་གྱི་གནས་སྐབས་སུ་ཚོགས་བསགས་པ་ལ་ཅིས་ཀྱང་འབད་དགོས་པར་གསུངས་ཏེ། སྡུད་པ་ལས། ཇི་སྲིད་ཚོགས་གཉིས་དམ་པ་ཡོངས་སུ་མ་རྫོགས་པ། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་འགྱུར། །ཞེས་དང་། རིན་ཆེན་ཕྲེང་བ་ལས། །སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་བྱུང་བ་ཡིན། །ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས། དེ་གང་ཡིན་ཞེ་ན། འཁོར་བར་འཁྱམས་པའི་འགྲོ་བ་རྣམས་ཀྱི་རྒྱུད་ལ་ཡེ་གདོད་མ་ནས་ཆོས་ཉིད་ཀ་དག་གི་རིག་པ་བདེ་བར་གཤེགས་པའི་སྙིང་པོ་སྐད་ཅིག་ཙམ་ཡང་འབྲལ་བ་མེད་པར། ཏིལ་ལ་སྣུམ་གྱིས་ཁྱབ་པ་བཞིན་ཏུ་བཞུགས་པ་མ་ཟད། གཞིར་གནས་ཀྱི་རིག་པའི་ངོ་བོ་སྟོང་པའི་ཆ་ནས་ཆོས་སྐུའི་རང་བཞིན་ལས་ལོགས་སུ་མ་གྲུབ་ལ། དེའི་སྣང་ཆའི་ངོས་ནས་གཟུགས་སྐུའི་ཡོན་ཏན་འབད་མེད་དུ་རྫོགས་ནའང་། གློ་བུར་གྱི་ཉོན་མོངས་བག་ཆགས་དང་བཅས་པས་གབ་པས། རེ་ཞིག་དེ་གཉིས་མངོན་དུ་མ་གྱུར་པ་ཙམ་དུ་ཟད། དེ་གཉིས་འབྲས་བུའི་སར་དངོས་སུ་ལོངས་སྤྱོད་པའི་ཐབས་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་བྱ་བ་ཡིན། དེའི་ཕྱིར་གང་ཟག་ལམ་པས་ཚོགས་གསོག་པའི་སྐབས་སུ། མཚན་བཅས་སྤྲོས་པའི་རྣམ་རྟོག་ལ་མི་རེ་བར། ཆོས་ཉིད་ཀྱི་ལྟ་བ་དང་མ་བྲལ་བཞིན་དུ་སྒོ་གསུམ་གྱི་སྒོ་ནས་ཚོགས་གསོག་ཤེས་ན། ཚོགས་གཉིས་པོ་གཅིག་གྲོགས་གཅིག་ཏུ་འགྲོ་བ། མེ་འབར་བའི་ཤིང་གཉིས་མཉམ་དུ་འདུས་པ་ན་མེ་ཕུང་ཆེ་དྲག་ཏུ་འགྲོ་བ་མ་ཟད།