དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

དེ་གཉིས་ལས་མཆེད་པའི་མེ་ལ་དབྱེ་བ་འབྱེད་མི་ནུས་པ་བཞིན་དུ། མཐར་ཐ་སྙད་གྱི་ཚིག་ཙམ་དུ་ལྡོག་པ་ཐ་དད་པར་གནས་ཀྱང་། དེ་གཉིས་ངོ་བོ་དབྱེར་མེད་ཟུང་འཇུག་ཏུ་སོང་ཟིན་པའི་རྗེས་སུ་ཕན་ཡོན་དང་འབྲས་བུ་རླབས་ཆེ་བ་མྱུར་བར་འབྱུང་བས། མཐར་ཐུག་མི་སློབ་པའི་སར་སླེབས་པ་ལ་ཡུན་རིང་པོར་མི་འགོར་བའི་དགོས་པ་ཆེ། སོ་སོའི་སྐྱེ་བོ་དག་གིས་ཚོགས་གཉིས་ཟུང་འཇུག་ཏུ་སྒྲུབ་ཤིན་ཏུ་དཀའ་བས། དེ་དག་གི་ངོར་རེ་ཞིག་ཚོགས་གཉིས་ཀྱི་ངོ་བོ་ཐ་དད་དུ་གནས་སྟབས། སྦྱིན་སོགས་བསོད་ནམས་ཀྱི་ཚོགས་དང་། གནས་ལུགས་སྒོམ་པ་ཡེ་ཤེས་ཀྱི་ཚོགས་གཉིས་རེས་མོས་སུ་བྱེད་པ་གལ་ཆེ། རིམ་གྱིས་ལམ་ཇེ་མཐོར་བགྲོད་ནས་དེ་གཉིས་དུས་གཅིག་ལ་གསོག་ནུས་པ་ཞིག་ཐོན་ཚེ། ཚོགས་གཉིས་པོ་འགལ་མེད་དུ་རྟོགས་པའི་ཁར། ཅི་བྱེད་དགེ་བའི་ཕྱོགས་སུ་འགྲོ་བའི་དུས་ཤིག་འཆར་འོང་། དེ་ལྟ་བུའི་སར་མ་སླེབ་བར་དུ། ལས་དང་པོ་པ་སོ་སྐྱེ་རང་ག་མ་དག་གིས་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་གཉིས་ལྡོག་པ་ཐ་དད་ངེས་པར་བྱས་ནས། སྐབས་སྐབས་སུ་དེ་གཉིས་རེ་རེ་ནས་བསོག་པ་དང་། གཞན་དུ་དེ་གཉིས་མཉམ་པོར་གསོག་པར་གཞོལ་ན་ཤིན་ཏུ་ལེགས་ཏེ། ཚོགས་གཉིས་པོའི་གཅིག་སྒྲུབ་ཚེ་གཞན་མི་སྤོང་བའི་དགོས་པ་ཡོད། གཞན་དུ་སོ་སྐྱེ་ལས་དང་པོ་དག་གིས་ཚོགས་གཉིས་ཡ་བྲལ་དུ་གཅིག་སྒྲུབ་ནས་གཞན་ཡལ་བར་དོར་བའི་ཉེན་ཁ་ཆེ་ཚུལ་ནི། ཁ་ཅིག་གིས་སྦྱིན་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ཀྱི་ཆར་གཏོགས་པའི་དགེ་བ་ལ་གཞོལ་ཀྱང་། བདག་མེད་པ་དང་སྟོང་པ་ཉིད་ཀྱི་དོན་སོགས་དོན་དམ་པའི་ཆོས་ཉིད་ལ་བསམ་སྒོམ་བྱེད་རྒྱུ་ཡལ་བར་དོར་སྲིད། དེ་ནི་ཡང་དག་པའི་ལམ་མ་ཡིན་ཏེ། དོན་དམ་པའི་གནས་ལུགས་མ་རྟོགས་པའི་བར་དུ་དམིགས་བཅས་ཀྱི་དགེ་བར་ཅི་ཙམ་འབད་ཀྱང་། མཐར་ཐུག་གི་འབྲས་བུ་མི་གནས་པའི་མྱང་འདས་ཆེན་པོའི་གོ་འཕང་ལ་རེག་མི་ནུས། ཡང་གལ་ཏེ་འགའ་ཞིག་གིས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་འབའ་ཞིག་སྒོམ་དགོས་ཀྱི། ལུས་ངག་གི་དགེ་བ་མི་མཁོ་བར་འདོད་པ་སྲིད་ན། དེའང་མཐར་ལྷུང་བའི་ལམ་ཡིན་པས་ཤིན་ཏུ་གཟབ་པའི་གནས་ཡིན་ཏེ། སྒོམ་རིམ་ཐ་མ་ལས། སྦྱིན་པ་ལ་སོགས་པ་སྤྱད་པ་ནི་སྐྱེ་བོ་བླུན་པོའི་དབང་དུ་མཛད་ནས་བསྟན་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ཤིང་། དེ་སྐད་ཀྱང་སྨྲ་བ་དེས་ནི་ཐེག་པ་ཆེན་པོ་མཐའ་དག་སྤངས་པ་ཡིན་ནོ། །ཐེག་པ་ཐམས་ཅད་ཀྱི་རྩ་བ་ནི་ཐེག་པ་ཆེན་པོ་ཡིན་པས་དེ་སྤངས་ན་ཐེག་པ་ཐམས་ཅད་སྤངས་པར་འགྱུར་རོ། །ཞེས་གསུངས། ལུང་འདིའི་དོན་དངོས་ནི། ཚོགས་གཉིས་ཟུང་འཇུག་ཏུ་སྒྲུབ་མི་ནུས་པའི་གང་ཟག་དག་གིས། དེ་གཉིས་ཐ་དད་དུ་བཟུང་ནས། སྦྱིན་པ་ལྟ་བུའི་བསོད་ནམས་ཀྱི་ཚོགས་དགེ་བ་དམན་པ་ཡིན་པས་སྒྲུབ་མི་དགོས་པར་འདོད་ན། ཐེག་པ་ཆེན་པོ་མཐའ་དག་སྤངས་པའི་སྐྱོན་འབྱུང་བར་བསྟན་པ་ཡིན་ཞིང་དེ་བཞིན་དུ་དོན་ལ་གནས། འདི་ནི་རྒྱུ་མཚན་ཉིད་ཐེག་པའི་ས་ལམ་གྱི་བགྲོད་སྟངས་དང་ཤིན་ཏུ་མཐུན་ཏེ། སྟོང་ཉིད་རྟོགས་པའི་ཤེས་རབ་རང་ངོས་ནས་མཐོང་སྤང་དང་སྒོམ་སྤང་གཉིས་ཀའི་གཉེན་པོར་སོང་ཡང་། སྟོང་ཉིད་མངོན་སུམ་དུ་རྟོགས་ཚེ་མཐོང་སྤང་སྤོང་ནུས་མོད་ཀྱང་། དེ་མ་ཐག་ཏུ་སྒོམ་སྤང་སྤོང་བར་མི་འགྱུར་བས། རང་ཉིད་ཀྱིས་རྟོགས་པའི་དོན་ལ་ཡང་དང་ཡང་དུ་བསྒོམས་ཤིང་། ཚོགས་རླབས་པོ་ཆེའི་དཔུང་གིས་བརྒྱན་པར་བྱས་པའི་འབྲས་བུ་རུ། རིམ་གྱིས་སྐས་ཀྱི་རིམ་པ་འཛེགས་པ་ལྟར་སྤང་བྱའི་སྒྲིབ་པ་ཇེ་ཉུང་དང་ཇེ་ཕྲར་འགྱུར་ཞིང་། རང་རྒྱུད་ཀྱི་ཤེས་རབ་ཇེ་གསལ་དང་ཇེ་ཟབ་ཏུ་གྱུར་ནས། མཐར་མི་སློབ་པའི་སར་སླེབས་ཏེ། སྤང་བྱའི་སྒྲིབ་པ་བཙལ་ཀྱང་རྡུལ་ཙམ་མི་རྙེད། མཁྱེན་པའི་རྩལ་ཡོངས་སུ་རྫོགས་པའི་ཡང་རྩེ་ཟིན་འོང་པར་བཞེད་པས་སོ། །གཞན་རིག་འཛིན་བརྒྱུད་པའི་བྱིན་རླབས་འབུམ་གྱི་བདུད་རྩིའི་མཚོ་ཆེན་སྙིང་ལ་འཁྱིལ་བའི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རྣམས་ཀྱིས་ཀ་དག་སེམས་ཀྱི་ཆོས་ཉིད་གཟིགས་ཐེངས་རེ་ལ་སྐད་ཅིག་མ་གཅིག་གིས་སྒྲིབ་པ་མང་པོ་སྦྱངས་ཤིང་། ཚོགས་རྒྱ་ཆེན་པོ་གསོག་ནུས་པ་ཁས་ལེན་དགོས་ཏེ། རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། ཁང་སྟོང་མུན་པ་ལོ་སྟོང་ལོན་པ་ཡང་། །སྒྲོན་མེས་སྐད་ཅིག་ཉིད་ལ་སེལ་བ་བཞིན། །རང་སེམས་འོད་གསལ་རྟོགས་པའི་སྐད་ཅིག་ལ། །བསྐལ་པ་གྲངས་མེད་བསགས་པའི་སྡིག་སྒྲིབ་འདག །ཅེས་གསུངས། མདོ་སྔགས་ཐེག་པ་ལ་མྱུར་བུལ་གྱི་ཁྱད་པར་ཡོད་པའི་ཁར། མྱུར་དུ་སངས་རྒྱས་ཀྱི་ས་ཐོབ་པ་ལ་རྫོགས་པ་ཆེན་པོ་ནི་ཐེག་པ་ཐམས་ཅད་ཀྱི་ཁྲོད་ནས་ཤིན་ཏུ་མྱུར་བའི་ལམ་ཡིན་པས། དེའི་ས་ལམ་བགྲོད་སྟངས་དང་། ཚོགས་གསོག་སྟངས་ཀྱང་ཐེག་པ་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་ཡོད་པ་དག་གསང་བ་བསམ་གྱིས་མི་ཁྱབ་པའི་ཤེས་བྱར་གནས་ཡོད་ན། རྟོག་གེའི་བློ་ཡིས་དེ་དག་ལ་དཔྱད་པའི་ངལ་བ་ཡིད་ཐང་ཆད་ཅིང་། སྐྱོ་འོས་པའི་གནས་སུ་འདུག་པ། ཁྲོན་པའི་སྦལ་པས་ནམ་མཁའི་རྒྱ་ཁྱོན་གཞལ་བ་དང་ཅིས་མ་མཚུངས། སར་བཞུགས་པའི་སྐྱེས་བུ་དམ་པ་རྣམས་ནི་ཏིང་ངེ་འཛིན་གྱི་སྒོ་མོ་མང་པོ་དང་། རྫུ་འཕྲུལ་དང་དངོས་གྲུབ་སྣ་ཚོགས་ལ་དབང་འབྱོར་བས། དེ་དག་གིས་ཚོགས་གསོག་སྟངས་ནི། རང་རེ་ཐ་མལ་པ་རྣམས་ཀྱིས་ཇི་བཞིན་དཔོག་མི་ནུས། སྔོན་ཆད་ཉིན་ཞིག་ལ། མགོ་ལོག་དར་ཐང་དགོན་གྱི་འདུ་ཁང་ཆེན་མོར། སྐྱབས་རྗེ་དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེས་རྡོ་རྗེ་སློབ་དཔོན་མཛད་ནས་རྡོ་རྗེ་ཕུར་པའི་སྒྲུབ་པ་ཞིག་འཚོགས་སྐབས་སུ། ཁོང་གི་ཟུར་ན་ཉིད་ཀྱིས་ངོས་འཛིན་མཛད་པའི་སྤྲུལ་སྐུ་དགུང་ལོ་གཞོན་པ་ཞིག་ཁྲི་ཐོག་ཏུ་གཉིད་ཤོར་བ་ལ། དགེ་བསྐོས་ཀྱིས་དེ་མཐོང་ནས། གཉིད་དཀྲོག་པར་བརྩམས་པ་ལ། བླ་མས་དེ་མ་ཐག་ཏུ་དགེ་བསྐོས་ལ། ཁོང་གཉིད་ལས་མ་དཀྲོག་རོགས། ང་ཚོ་ཚང་མས་འདི་གར་ཉིན་གང་པོར་ཆོ་ག་འདོན་པ་ལས། སྤྲུལ་སྐུ་འདི་གཟིམས་པའི་ཕན་ཡོན་ཆེ་ཞེས་གསུངས་པ་མང་པོས་ཐོས། རང་ཅག་ཐ་མལ་པ་དག་གིས་དགེ་སྒྲུབ་ཚོགས་བསགས་ཟེར་བ་དེ། བསྙེན་པ་མང་པོ་བཟླ་བ། གནས་སྐོར་ལ་འགྲོ་བ། མཆོད་རྟེན་བཞེངས་པ། དགོན་སྡེ་ལ་འབུལ་བ་རྒྱ་ཆེན་པོ་འབུལ་བ་སོགས་མིག་གིས་མཐོང་རྒྱུ་ཡོད་པ། རྣ་བས་ཐོས་རྒྱུ་ཡོད་པ། ལག་པས་འཛིན་རྒྱུ་ཡོད་པ་ཞིག་ཏུ་བརྩི་འདུག་ཀྱང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པ་རྣམས་ཀྱིས་ཚོགས་གཉིས་སྒྲུབ་ཚུལ་ནི་རང་རེའི་ཐ་མལ་གྱི་བློས་དཔྱོད་མི་ནུས་པ་བསམ་གྱིས་མི་ཁྱབ་པའི་ཡུལ་དུ་མཆིས་སོ། །མདོར་ན་སྐུ་གཉིས་ཀྱི་གོ་འཕང་མངོན་དུ་གྱུར་པ་ལ། ལམ་གྱི་གནས་སྐབས་སུ་ཚོགས་གཉིས་ལ་ཅིས་ཀྱང་འབད་དགོས་ལ། བསོད་ནམས་ཀྱི་ཚོགས་གསོག་ཐབས་རྒྱ་ཆེ་བ་གྲངས་མང་བར་བཞུགས་པ་ལས། མཎྜལ་འབུལ་བ་ནི་དེ་དག་གི་ནང་ནས་རྒྱུ་མཚན་མང་པོའི་སྒོ་ནས་མཆོག་ཏུ་གྱུར་པ་ཡིན་ཏེ། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། སྐྱེ་བ་འདི་ནས་ཚེ་རབས་ཀུན། །བདེ་སྐྱིད་འབྱུང་བའི་རྒྱུ་གཅིག་པུ། །བསོད་ནམས་ཚོགས་ནི་བསག་དགོས་ཏེ། །མཐར་ཐུག་སངས་རྒྱས་ཐོབ་དུས་ཀྱང༌། །མཚན་དང་དཔེ་བྱད་བརྒྱན་པའི་སྐུ། །བསོད་ནམས་ཚོགས་ལས་འབྱུང་བ་ཡིན། །བསོད་ནམས་ཚོགས་ནི་བསགས་པའི་ཐབས། །བསམ་གྱིས་མི་ཁྱབ་གྲངས་མང་ཡང༌། །མཎྜལ་ལས་ནི་ཟབ་པ་མེད། །འདུས་བྱས་དགེ་བ་གཞན་རྣམས་ནི། །ཡར་ལ་མཆོད་དང་མར་ལ་སྦྱིན། །འབུལ་བ་འགྱེད་དང་མང་ཇ་སོགས། །དེ་བཞིན་ལྷ་བྲི་རྟེན་བཞེངས་སོགས། །རྒྱུ་ཡི་དངོས་པོ་བཏང་དགོས་རྣམས། །དྲི་མ་གསུམ་དང་ལྡན་པར་བཤད། །དང་པོ་སྒྲུབ་ཚེ་སྡིག་དང་འདྲེས། །དངོས་གཞིའི་སྐབས་སུ་དཀའ་ཚེགས་སྡིག །རྗེས་ནས་སེར་སྣའི་དྲི་མ་འདྲེས། །མཎྜལ་དྲི་མ་དེ་རྣམས་མེད། །ཅེས་ཞིབ་པར་གསུངས། སྤྱིར་ཚོགས་གསོག་པའི་སླད་དུ་མཎྜལ་འབུལ་ཚུལ་ནི། རྩ་བ་གསུམ་དང་མཆོག་གསུམ་གྱིས་གཙོས་པའི་ཚོགས་ཞིང་དམ་པ་དམིགས་ནས། དེ་རྣམས་ལ་དངོས་སུ་ཅི་འབྱོར་གྱིས་མཆོད་པའི་ཡོ་བྱད་དབུལ་བའམ། རང་གི་འབྱོར་པ་མ་ཡིན་པའི་རི་ཀླུང་ཁང་ཁྱིམ་ནགས་ཚལ་རྣམས་དབུལ་བར་བྱ། ཡང་ཡིད་ཀྱིས་སྤྲུལ་པའི་སྒོ་ནས་ལྷ་དང་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་བ་མེད་པ། ཚང་ཞིང་ཡིད་དུ་འོང་བ་བསྐྱེད་ནས་འབུལ། རང་རེའི་བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་ལ། དཔེར་ན། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་སོགས་སུ་མཎྜལ་འབུམ་གྲངས་གསོག་སྐབས་སུ། སྒྲུབ་པའི་མཎྜལ་དང་མཆོད་པའི་མཎྜལ་གཉིས་འཛོམས་ནས། སྒྲུབ་པའི་མཎྜལ་ལ་ཚོམ་བུ་ལྔ་བཀོད་ཅིང་། མཆོད་པའི་མཎྜལ་ལག་ཏུ་བཟུང་ནས་སྟོང་གསུམ་གྱི་འཇིག་རྟེན་རི་རབ་གླིང་བཞི་དང་ཉི་ཟླ་སོགས་མཚོན་བྱེད་དུ། རིན་པོ་ཆེའི་ཚོམ་བུ་བཀོད་ནས་འབུལ་སྲོལ་ཡོད། དེ་ཉིད་དངོས་སུ་འབྱོར་པའི་མཆོད་པར་འགྲོ་བ་མ་ཟད། ཡིད་ཀྱིས་མཆོད་པ་རྒྱ་ཆེན་པོ་འཇིག་རྟེན་གྱི་ཁམས་ཡོངས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་སྤྲུལ་པའི་དམིགས་རྟེན་དུ་འགྲོ་བས། དམིགས་རྟེན་འབྱོར་ཚེ་ཡིད་ཀྱིས་སྤྲུལ་སླ། འདི་ཉིད་ཚོགས་གསོག་པའི་ཐབས་རྨད་དུ་བྱུང་བ་ཡིན་ཏེ། དངོས་སུ་འབྱོར་པ་གྲངས་མེད་པ་འཛོམ་མི་དགོས་པར། ཡིད་ཀྱིས་སྤྲུལ་པའི་སྒོ་ནས་མཆོད་པ་དཔག་ཏུ་མེད་ཅིང་ཡིད་དུ་འོང་བ་མཐའ་ཀླས་པའི་སྤྲིན་ཕུང་སྐད་ཅིག་ལ་འབུལ་བར་བསྒོམས་པའི་མཐུ་ལས། དཀའ་ཚེགས་ཆེན་པོ་མེད་པར་ཡུན་ཐུང་ནང་དུ། ཚོགས་རྒྱ་ཆེན་པོ་རྫོགས་ནུས་པར་འགྱུར་བས། རྒྱུད་ལས། སངས་རྒྱས་ཞིང་ཁམས་ཐམས་ཅད་ལ། །སྟོང་གསུམ་ཞིང་ཁམས་མ་ལུས་པ། །འདོད་པའི་ཡོན་ཏན་བརྒྱན་པ་ཡི། །མཆོད་ན་སངས་རྒྱས་ཡེ་ཤེས་རྫོགས། །ཞེས་གསུངས། སྤྱིར་རྡོ་རྗེ་ཐེག་པའི་གཞུང་དུ། སྒྲུབ་པའི་མཎྜལ་དང་མཆོད་པའི་མཎྜལ་གཉིས་སུ་འབྱེད་པ་ལ། སྒྲུབ་པའི་མཎྜལ་ལ་དངོས་སུ་འཛོམས་ན་གཞུང་ལས་བསྟན་པ་ལྟར་དུ། སྐབས་ཐོབ་ཀྱི་ལྷ་དང་ཚོགས་ཞིང་གི་དཀྱིལ་འཁོར་ཚོམ་བུ་དང་བཅས་པ་འཛོམས་ན་ལེགས་ཀྱང་། མ་འཛོམས་ན་ཡིད་ཀྱིས་ལྷའི་དཀྱིལ་འཁོར་བསྐྱེད་པས་ཆོག །མཆོད་པའི་མཎྜལ་ནི། སྤྱིར་མཎྜལ་ནི་དཀྱིལ་འཁོར་ལ་འཇུག་ཅིང་། ཡོངས་གྲགས་སུ་ལྷའི་དཀྱིལ་འཁོར་ལ་གོ་དགོས་ཀྱང་། སྐབས་འདིར་རིའི་རྒྱལ་པོ་རི་རབ། གླིང་བཞི་དང་ཉི་ཟླ་སོགས་ལྷ་མིའི་གནས་དང་ལོངས་སྤྱོད་ཀྱིས་ཡོངས་སུ་རྫོགས་པའི་ཞིང་ངམ་འཇིག་རྟེན་ལ་གོ་བས། དོན་དུ་མཆོད་རྫས་ཆུང་ཆུང་དང་། ཉུང་ངུ་རེ་ལ་མི་གོ་བར། མཆོད་པའི་བཀོད་པ་རྒྱ་ཆེ་ཞིང་གྲངས་མེད་པ་ཞིག་ལ་བྱ། བླ་མ་རྣམས་ཀྱིས་དབང་ལུང་ཁྲིད་གསུམ་གསུང་བའི་སྔ་རོལ་དུ། སློབ་མ་རྣམས་ཀྱི་མཎྜལ་འབུལ་ཟེར་བའི་སྲོལ་འདི་དེང་སང་བར་དུ་དར་ཡོད་པ་མ་ཟད། ཕལ་ཆེ་བས་ལག་ནང་དུ་ནས་འབྲུ་བཟུང་ནས་ཡར་མཆོད་རྒྱུ་ཡོད་པ་འདིའང་། དོན་དུ་སློབ་མ་རྣམས་ཀྱིས་ཡིད་ཀྱིས་སྟོང་གསུམ་གྱི་འཇིག་རྟེན་ལོངས་སྤྱོད་དང་བཅས་པ་འབུལ་བར་མོས་དགོས་ཀྱི། ནས་འབྲུ་སྤར་གང་ཙམ་ཡར་སྟོབ་པའི་དོན་ག་ལ་ཡིན། གཞུང་རྣམས་སུ་གྲགས་པའི་ནང་རྡོ་རྗེའི་ལུས་ཀྱི་མཎྜལ་ཞེས་པ་དང་མཐུན་པར། གཅོད་ཡུལ་གྱི་ལུགས་ལ་ཐབས་རྨད་དུ་བྱུང་བའི་སྒོ་ནས། དཀའ་ཚེགས་དྲག་པོ་དང་དུས་ཡུན་རིང་པོ་ལ་མ་ལྟོས་པར། ད་ལྟའི་རང་ལུས་འདི་ཉིད་སྟོང་གསུམ་འཇིག་རྟེན་གྱི་ཚུལ་དུ་ཚོགས་ཞིང་ལ་འབུལ་བ་ཡིན་ལ། ཐབས་འདིས་ཚོགས་རྒྱ་ཆེན་པོ་གསོག་ནུས་པའི་ཁར། མཎྜལ་འབུལ་ཐབས་གཞན་དག་ལས་ཀྱང་། ལུས་གཅེས་འཛིན་དང་། བདག་དང་བདག་གིར་འཛིན་པའི་འཆིང་བ་གཅོད་པ་ལ་ཤིན་ཏུ་ཟབ་མྱུར་ལྡན་པ་ཡིན་ཏེ། མཁའ་འགྲོའི་གད་རྒྱངས་ལས། གཅེས་འཛིན་གྱི་ཕུང་པོ་སྒྱུ་མའི་ལུསཿ མཎྜལ་གྱི་ཚོམ་བུར་རབ་བཀོད་ནསཿ ཚོགས་ཞིང་གི་ལྷ་ལ་ལྟོས་མེད་འབུལཿ བདག་འཛིན་གྱི་རྩ་བ་ཆོད་པར་ཤོགཿ ཅེས་གཅོད་ལུགས་སུ་བདག་འཛིན་གྱི་རྩ་བ་གཏིང་ནས་གཅོད་ཕྱིར་དུ། རང་ལུས་ཚོགས་ཞིང་ལ་བསྟབ་པར་བྱ་གསུངས་པ་བཞིན་ནོ། །གཞུང་འདིའི་མཎྜལ་འབུལ་སྟངས་ནི། རྩལ་ལྡན་གྱི་དཔའ་བོས་སྤུ་གྲི་རྣོན་པོས་ཐོགས་རྡུགས་ཅི་ཡང་མེད་པར་རྩྭའི་དྲ་བ་སྐད་ཅིག་གིས་གཅོད་པ་ལྟར་དུ། དམིགས་མེད་ཆོས་ཉིད་ཀྱི་ལྟ་བའི་ངང་ལས་མི་འདའ་བར། ད་ལྟའི་རང་ལུས་མིག་གིས་མཐོང་བྱར་ཡོད་པ་འདི་ཉིད་ལ་ཞེན་པའི་གཅེས་འཛིན་གྱི་རྣམ་རྟོག་ཕྲ་རགས་ཀྱི་ཕུང་པོ་མཐའ་དག་ཐད་ཀར་དུ་བཅད་དེ། །པགས་པ་དབང་ཆེན་གསེར་གྱི་ས་གཞི་དང་། སྒལ་ཚིགས་རིའི་རྒྱལ་པོ་རི་རབ། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། ཡན་ལག་བཞི་པོ་གླིང་ཆེན་བཞི། ཉིང་ལག་གླིང་ཕྲན། མིག་གཉིས་ཉི་ཟླ། སྙིང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། དབུ་མ་དཔག་བསམ་གྱི་ལྗོན་ཤིང་། ཁྲག་རྒྱ་མཚོ་ཆེན་པོ། ཤ་ཚིལ་རུས་པ་དོན་སྣོད་རྣམས་གསེར་དངུལ་ཟངས་ལྕགས་མེ་ཏོག་སོགས་ལྷ་མིའི་འདོད་ཡོན་སྣ་ཚོགས་སུ་བསྐྱེད་ནས་འབུལ། སྐབས་འདིར་བེམ་རིག་བྲལ་ཀྱང་ཆོག་ལ། ཅིས་ཀྱང་མི་དགོས་པས་གང་བདེ་བྱ། དེ་ནས་མདུན་དུ་བསྒོམས་པའི་ཚོགས་ཞིང་རྩ་གསུམ་ལྷ་ཚོགས་རྣམས་ཀྱི་ཐུགས་དགྱེས་ནས། ཞིང་རྡུལ་གྱི་གྲངས་དང་མཉམ་པའི་སྐྱེ་བ་མང་པོར་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་འདོད་ཡོན་ཡིད་དུ་འོང་བ་མཆོད་པ་སྟེ། བསམ་མི་ཁྱབ་པའི་སྦྱིན་པ་རྒྱ་ཆེན་པོ་བཏང་བའི་ཚོགས་དཔག་ཏུ་མེད་པ་སྐད་ཅིག་ད་ལྟ་ཉིད་དུ་གྲུབ་སོང་སྙམ་པར་བྱའོ། །བཞི་པ་གསོལ་འདེབས་ནི།

ཆོས་སྐུ་ཡུམ་ཆེན་ལོངས་སྐུ་ཝ་རཱ་ཧི༔
སྤྲུལ་སྐུ་ཐུབ་དབང་པདྨ་སཾ་བྷ་ཝ༔
དམ་པ་རྒྱ་གར་མ་ཅིག་ལབ་སྒྲོན་སོགས༔
གཅོད་ཡུལ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས༔
བདག་འཛིན་འཁྲི་བ་རྩད་ནས་ཞིག་པ་དང༔
མ་ཅིག་ཡུམ་དོན་རྟོགས་པར་བྱིན་གྱིས་རློབས༔
འགྲོ་དྲུག་གཉེན་དུ་འདུ་བར་བྱིན་གྱིས་རློབས༔
སྙེམས་བྱེད་རེ་དོགས་བྲལ་བར་བྱིན་གྱིས་རློབས༔