དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཆེན་པོ་དཔལ་ཨོ་རྒྱན་གྱི་སློབ་དཔོན་པད་མ་འབྱུང་གནས་ཀྱི་ཞལ་སྐྱིན་མཚུངས་ཟླས་དབེན་པ། སྙིགས་དུས་ཀྱི་སྤྲུལ་པའི་གཏེར་སྟོན་ཡོངས་ཀྱི་རྒྱལ་པོ། དཀྱིལ་འཁོར་འཁོར་ལོའི་མགོན་པོ་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་བླ་མ་འཇིགས་མེད་རྡོ་རྗེ་མཆོག་གི་གཏེར་བྱོན་གཅོད་གཞུང་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་འབར་བ། སྙན་བརྒྱུད་མཁའ་འགྲོའི་ཆོས་སྐོར་གྱི་ཁོངས་སུ་གཏོགས་པ་ཚོགས་བསགས་དངོས་གྲུབ་དགའ་སྟོན་ནི་རྟོག་གེའི་བློས་བཟོས་པའི་གཞུང་དང་། སྒོམ་ཆུང་གི་ཉམས་ཆོས་ཡ་མ་ཟུང་ཙམ་མ་ཡིན་པར། ཟག་མེད་ཡེ་ཤེས་ཀྱི་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ཆེན་པོ་ནས། ཆོས་ཉིད་དབྱིངས་ཀྱི་མཁའ་འགྲོའི་ཐུགས་གསང་མི་ཟད་པའི་གཏེར་མཛོད་ཆེན་པོ་ལས་བྱུང་ཞིང་། གྲངས་ཀྱིས་མི་གཞལ་བའི་སྐལ་ལྡན་ཕོ་མོ་མང་པོ་འོད་སྐུར་འདྲེན་པའི་རྟེན་འབྲེལ་གྱི་དཔལ་འབར་བ། མདོ་སྔགས་ཆོས་ཐམས་ཅད་ཀྱི་ཡང་སྙིང་གཅིག་ཏུ་བསྡུས་པའི་གསེར་ཞུན་ལྟ་བུར་བཞུགས་པས། ཟབ་དོན་རིན་པོ་ཆེའི་སྲད་བུ་ལ་རྡོ་རྗེའི་ཚིག་གིས་ཀུན་ནས་མཛེས་པར་བརྒྱན་པས་རྟོགས་དཀའ་ཡང་། ཐ་ན་ཚིག་འབྲུ་གཅིག་གི་དོན་ཇི་བཞིན་ངེས་ཚེ། ལས་ཅན་སྐལ་བ་ལྡན་པ་དག་གིས་ཐད་ཀར་དུ་ཆོས་ཉིད་རྗེན་པར་མཇལ་བའམ། དེ་ལྟར་མི་ནུས་ཀྱང་། མི་རིང་བར་དོན་དམ་པའི་གནས་ལུགས་ཇི་བཞིན་མཐོང་སྟེ། བདུད་བཞི་དབྱིངས་སུ་བཅད་ནས་མི་གནས་པའི་གོ་འཕང་དུ་བསྐྱོད་པར་འགྱུར་ན། སྔོན་དུ་གཞན་གྱིས་མཛད་པའི་འགྲེལ་པ་ཀུན་ལ་གྲགས་པ་མ་བཞུགས་པས། གཅོད་གཞུང་རིན་ཐང་བྲལ་བ་འདི་ཉིད་རང་གཞན་ཀུན་གྱིས་རྟོགས་ཤིང་ཉམས་སུ་ལེན་བདེ་བའི་སླད་དུ། རྩ་གསུམ་ཆོས་སྐྱོང་སྲུང་མ་རྒྱ་མཚོ་དཔང་པོར་བཞུགས་པའི་མདུན་སྔར་བཀའི་གནང་བ་ཞུ་བས་ཐོག་དྲངས་ནས་། གཞུང་གི་རྨང་འདིང་བ། གཞུང་དངོས་ཀྱི་རིམ་པ་འགྲེལ་བ་གཉིས་སུ་ཕྱེ་ནས་འགྲེལ་བར་བྱ་བ་ལ། དང་པོ་གཞུང་གི་རྨང་འདིང་བ་ལ། གཅོད་སྤྱིའི་བརྒྱུད་རིམ་དང་། བྱེ་བྲག་ཟབ་གཏེར་རིན་པོ་ཆེ་འདི་ཉིད་ཀྱི་ལོ་རྒྱུས། གཅོད་ཡུལ་གྱི་གོ་དོན་ཞིབ་པར་འགྲེལ་བ་གསུམ་ལས། དང་པོ་གཅོད་སྤྱིའི་བརྒྱུད་རིམ་ནི། སྔོན་ཚེ་འཕགས་ཡུལ་དུ་ཆོས་ཉིད་མངོན་སུམ་དུ་གཟིགས་པའི་སྤྱན་མངའ་བ་བྲམ་ཟེ་འཕགས་པ་ལྷ་སོགས་ཀྱིས་ཕ་རོལ་ཏུ་ཕྱིན་པའི་གཞུང་གི་སྙིང་པོ་སྐྱེ་བ་མེད་པའི་དོན་ཆོས་ཀྱི་དབྱིངས་སྟོང་པ་ཉིད་རྩལ་དུ་བཏོན་ནས། དངོས་འཛིན་བདུད་ཀྱི་དཔུང་ཚོགས་ཐད་ཀར་དུ་གཅོད་པའི་གཞུང་རྨད་དུ་བྱུང་བ་མཛད་ཅིང་། ཕྱིས་སུ་སར་བཞུགས་ཀྱི་དཔའ་བོ་ཕ་དམ་པ་བོད་ཡུལ་དུ་ཕེབས་ནས་དམ་ཆོས་ཞི་བྱེད་ཀྱི་བསྟན་པའི་རྒྱལ་མཚན་བཙུགས་ཏེ། སྐལ་ལྡན་གྱི་སློབ་མ་གྲངས་མང་བ་དག་ལ་གནས་ལུགས་མངོན་སུམ་དུ་སྟོན་པར་མཛད་པ་དག་གི་གདམས་ངག་སོགས་ལ་གཞིར་བྱས་པའི་གཅོད་ཡུལ་ཞེས་བྱ་བའི་དམ་ཆོས་བྱིན་རླབས་ཀུན་ལས་ལྷག་པ་འདི་ལ། བརྒྱུད་པའི་སྒོ་ནས་ཕོ་གཅོད་དང་མོ་གཅོད་སོགས་དབྱེ་ལུགས་མི་འདྲ་བ་མཆིས་ཀྱང་། དོན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མིའི་རྣམ་པར་རོལ་པ་མ་ཅིག་ལབ་ཀྱི་སྒྲོན་མ་ཞེས་མཚན་གྱི་སྒྲ་དབྱངས་ཕྱོགས་ཀུན་ཏུ་ཁྱབ་པ་གང་གིས། ལྟ་བ་ཟབ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ཀྱི་བཞེད་དོན་དང་། མྱུར་ལམ་གསང་སྔགས་རྡོ་རྗེའི་ཐེག་པའི་ཐབས་རྨད་དུ་བྱུང་བ་ཟུང་དུ་འབྲེལ་བའི་ཕྱག་རྒྱ་ཆེན་པོ་གཅོད་ཉིད་ཀྱི་གཞུང་ལུགས་ཀྱི་གཞི་བཙུགས་ནས། བཀའ་ཚོམས་ཆེན་མོ། ཡང་ཚོམས་ལེའུ་ཉེར་ལྔ་པ། ཐུན་མོང་ཐུན་མིན་གྱི་ཁྱད་པར་གྱི་ལེའུ་ཡན་ལག་བརྒྱད་གསུམ་ཉེར་བཞི་པ་རྣམས་གདུལ་བྱའི་སྐྱེས་སུ་གནང་ཞིང་། སྐལ་ལྡན་སློབ་ཚོགས་མང་པོ་རྗེས་སུ་བཟུང་བས་ཉིད་ཀྱི་རིང་ལུགས་བོད་ཡུལ་དུ་དར་ཁྱབ་རྒྱ་ཆེར་བྱུང་། ཕྱིས་སུ་ས་དགེ་བཀའ་རྙིང་སོགས་གངས་ཅན་གྱི་གྲུབ་མཐའ་འཛིན་པ་ཐམས་ཅད་ཀྱིས་རྗེ་བཙུན་མ་འདི་ཤིང་རྟའི་སྲོལ་འབྱེད་དུ་བཀུར་ཞིང་། གང་གི་གཞུང་ལ་ཕུགས་བཅོལ་ནས། རང་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་གཅོད་ཁྲིད་སྣ་ཚོགས་པ་བྱུང་། ད་ལྟའང་ཉིད་ཀྱི་བསྟན་པའི་རྒྱལ་མཚན་དཀར་པོ་ཕྱོགས་བཞི་མཚམས་བརྒྱད་ཀྱི་མཁའ་དབྱིངས་སུ་མངོན་པར་མཐོ་བ་འདི་ཡང་ཤིན་ཏུ་ཡ་མཚན་ཞིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཕྲིན་ལས་རླབས་པོ་ཆེ་ལྟ་བུར་དད་གུས་བྱ་འོས་པའི་གནས་སོ། །རྗེ་བཙུན་མ་འདི་ཉིད་དོན་དུ་ཆོས་སྐུའི་དབྱིངས་ན་དབྱིངས་རིག་དབྱེར་མེད་ཀུན་ཏུ་བཟང་མོ་དང་། ལོངས་སྐུའི་ཞིང་ན་བདེ་སྟོང་དབང་ཕྱུག་བཛྲ་ཝ་ར་ཧི། སྤྲུལ་སྐུའི་ཞིང་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་རྣམས་གཅིག་ཏུ་འདུས་པའི་ངོ་བོ་སླར་འགྲོ་བ་འདུལ་བའི་ཆེད་དུ། གཟིགས་པ་རྒྱ་ཆེན་པོ་མངའ་བའི་སྒོ་ནས་འཛམ་བུའི་གླིང་དུ་གང་འདུལ་སྒྱུ་མའི་རོལ་གར་དུ་བསྒྱུར་བ་ཡིན་པས། གཅོད་ཡུལ་ཀྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་དུ་ཡུན་རིང་དུ་གནས་པར་འགྱུར་བ་དང་། དེ་ཇི་སྲིད་གནས་ཀྱི་བར་དུ། གང་གི་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་ཕྱོགས་ཐམས་ཅད་དུ་བརྡལ་ཏེ། ཡིད་ཅན་མང་པོ་ཆོས་སྐུའི་གོ་སར་ཁྲིད་པར་མཛད་དང་མཛད་པར་འགྱུར་རོ། །སྔོན་ཆད་གངས་རིའི་ལྗོངས་ན་མངོན་པར་མཐོ་བ་རྒྱལ་བའི་དབང་པོ་རང་བྱུང་རྡོ་རྗེ་སོགས་ཀྱིས་མ་ཅིག་གི་དགོངས་པ་ལེགས་པར་བཀྲལ་བའི་བསྟན་བཅོས་དང་གཅོད་ཆོག་སྣ་ཚོགས་པ་མཛད་ཅིང་། གསང་སྔགས་གསར་མའི་གྲུབ་མཐའ་འཛིན་པ་ཕལ་མོ་ཆེས་གཅོད་བཀའ་མའི་ལུགས་ཀྱི་རྗེས་སུ་འབྲངས་ནས་ཉམས་ལེན་བྱེད་སྲོལ་ད་ལྟའི་བར་དུ་དར་བཞིན་ཡོད་པ་ཀུན་གྱི་མཐོང་ཆོས་སུ་གྱུར། རྙིང་མའི་ཕྱོགས་སུ་སྔོན་ཆད་ཀཿ ཐོག་ཀུན་དགའ་འབུམ་པ་ཉིད་ཨ་མ་ཇོ་མོའི་ཐུགས་སྲས་ཁུ་སྒོམ་ཆོས་ཀྱི་སེང་གེ་ནས་སངས་རྒྱས་གཉན་སྟོན་ལ་བརྒྱུད་པའི་གཅོད་ཀྱི་གདམས་པ་ཚང་ལ་མ་ནོར་བའི་བཀའ་བབས་ཀྱི་བདག་པོར་གྱུར་ནས། བཀའ་མའི་ལུགས་ཀྱི་གཅོད་ཀྱི་ཉམས་ལེན་དར་རྒྱས་བྱུང་། ཕྱིས་སུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་འཇིགས་མེད་གླིང་པ་མཆོག་གིས་དགོངས་པ་ཆོས་སྐུའི་ཀློང་མཛོད་ནས། ཀློང་ཆེན་སྙིང་ཐིག་གི་ཆར་གཏོགས་པའི་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཞེས་ཐོས་པ་ཙམ་གྱིས་བདུད་བཞིའི་མཚན་མ་དབྱིངས་སུ་རང་སར་ཞིག་པའི་བྱིན་རླབས་ལྡན་པ་དེ་ཉིད་གདན་དྲངས་པ་ནས་བཟུང་། རིམ་གྱིས་པད་མའི་ཞལ་སྐྱིན་སྤྲུལ་པའི་གཏེར་ཆེན་གསེར་རིའི་ཕྲེང་བ་ཟམ་མ་ཆད་རྣམས་ཀྱིས་ཟབ་མོ་གཏེར་གྱི་ཁོངས་སུ་གཏོགས་པའི་གཅོད་གཞུང་རྨད་དུ་བྱུང་བ་དག་གདུལ་བྱའི་གསོས་སུ་གདན་དྲངས་པར་མཛད། གྲུབ་བརྒྱའི་གཙུག་རྒྱན་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གཅོད་ཡིག་འཛིན་པ་རང་གྲོལ་དང་། གཏེར་སྟོན་ཐམས་ཅད་ཀྱི་རིགས་བདག་ཆེན་པོ་ཁྲག་འཐུང་བདུད་འཇོམས་གླིང་པའི་ཁྲོས་མའི་ཆོས་སྐོར་ལྟ་བུ་སྟེ། འདི་དག་ལ་འགྲོ་དོན་ཕྲིན་ལས་རྒྱ་ཆེན་པོ་བྱུང་དང་འབྱུང་བཞིན་པ་མ་ཟད། གཏེར་ཆེན་བདུད་འཇོམས་གླིང་པའི་ཁྲོས་མའི་ཆོས་སྐོར་ཉམས་སུ་ལེན་མཁན་ཚོའི་ནང་དུ་ཚེ་གཅིག་ལ་ཟང་ཐལ་ཆོས་སྐུའི་གོ་འཕང་མངོན་དུ་མཛད་ནུས་པ་མང་པོ་བྱུང་ཞིང་། ད་ལྟའང་བལ་བོད་དང་། འབྲུག་ཡུལ། ཕྱི་གླིང་གི་ཡུལ་ཁམས་རྣམས་སུ་ཉམས་སུ་ལེན་མཁན་མང་པོ་འབྱུང་བཞིན་པའོ། །སྤྱིར་གཅོད་ཀྱི་ཆོས་འདི་རང་རྒྱུད་ཀྱི་ཉོན་མོངས་འདུལ་བ་དང་། ཕྱི་ནང་གསང་བའི་བར་ཆད་སེལ་བ་ལ་ཆོས་གཞན་མང་པོ་ལས་ཤིན་ཏུ་མྱུར་བ་ཡིན་པའི་ཁར། རྟེན་ལ་ཕོ་མོ་དགེ་བསྙེན་རབ་བྱུང་སྔགས་པ་གང་ཡིན་ཡང་རུང་བ་དང་། རིགས་ལ་མཐོ་དམན་གྱི་དབྱེ་བ་ཅི་ཡང་མེད་པར་སུས་ཀྱང་ཉམས་སུ་ལེན་ཆོག་པ་དང་། ཉམས་སུ་ལེན་མཁན་རྣམས་ལ་ཆོས་པ་གཞན་དང་མི་འདྲ་བར་བྱིན་རླབས་ནུས་མཐུ་ལྡན་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དཔག་ཏུ་མེད་པ་མཆིས། དེ་དག་ཞིབ་པར་མཚོན་པ་དཔེ་དྲུག་སོགས་ཀྱི་སྒོ་ནས་ཤེས་པར་བྱ། རྣལ་འབྱོར་པ་དག་གིས་ཆོས་འདི་ཐུགས་དམ་དུ་བཞེས་ཚེ། མི་རིང་བར་རེ་དོགས་ཀྱི་སྡུག་བསྔལ་རྣམས་དུག་གི་ལོ་མ་སྟ་རེས་གཅོད་པའམ། འཁྱག་རོམ་ཉི་མའི་འོད་ཀྱིས་བཞུ་བ་ལྟར་དུ་རང་སར་དེངས་ནས། ཉམས་ཀྱི་བདེ་བ་དང་རྟོགས་པའི་བཅུད་ལ་རོལ་ཞིང་། གཞན་ལ་ཕན་པའི་ཕྲིན་ལས་ཀྱི་འཁོར་ལོ་རྒྱ་ཆེན་པོར་བསྐོར་ནུས་པ་སོགས་ཕན་ཡོན་གྲངས་ཀྱིས་མི་ཟིན་པ་ལ་མངོན་སུམ་དུ་ལོངས་སྤྱོད་པར་འགྱུར་རོ། །གཉིས་པ་བྱེ་བྲག་ཟབ་གཏེར་རིན་པོ་ཆེ་འདི་ཉིད་ཀྱི་ལོ་རྒྱུས་ནི། རྗེ་བཙུན་མ་ལབ་ཀྱི་སྒྲོན་མས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་བདུད་ཀྱི་ལེའུར་གཟིགས་པའི་སྐབས་སུ། སྟོང་ཉིད་ཀྱི་ལྟ་བ་རྣལ་མ་ཐུགས་རྒྱུད་ལ་འཁྲུངས་ཤིང་། ལྷ་དང་བླ་མའི་ཞལ་སྔ་ནས་གདམས་པ་ཟབ་མོ་མང་དུ་བཞེས་པའི་མཐར། ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ཆེན་པོ་གཅོད་ཀྱི་ཤིང་རྟའི་སྲོལ་ཆེན་པོ་གཏོད་པར་མཛད་ནས། སྲས་རྒྱལ་བ་དོན་གྲུབ་སོགས་བརྒྱུད་འཛིན་གྱི་སློབ་མའི་ཚོགས་ལ་མན་ངག་ཡོངས་སུ་རྫོགས་པ་གཏད་དེ། བོད་གངས་ཅན་གྱི་ཡུལ་གཅིག་པུར་མ་ཟད། དམ་པའི་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་འཕགས་པའི་ཡུལ་དུའང་ཕར་དར་བས་བོད་ཆོས་རྒྱ་ལ་བསྒྱུར་བ་ཀུན་གྱི་ཐོག་མར་གྱུར། དེ་ནས་བཟུང་གངས་ཅན་གྱི་ཞིང་དེ་འཕགས་ཡུལ་ལྟར་དུ་བསྟན་པའི་ཆུ་མགོར་གྱུར་པའི་རྟེན་འབྲེལ་གྱི་སྣང་བའི་སྒོ་ཆེན་པོ་ཐོག་མར་ཕྱེ་བའི་