ཞེས་པ་སྟེ། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསྐྱེད་པར་མཛད་ཅིང་། སྤྲོས་པའི་མཐའ་བརྒྱད་བྲལ་བ་ཆོས་དབྱིངས་མུ་མཐའ་བྲལ་བའི་ཕོ་བྲང་ན། སྐྱེ་འཆི་བགྲེས་རྒུད་ཀྱི་འཕོ་འགྱུར་དག་པའི་ངོ་བོར་བཞུགས་པའི་བཅོམ་ལྡན་འདས་ཆོས༷་སྐུ༷་ཡུམ༷་ཆེན༷་མོ་མཆོག་སྟེ། དོན་དུ་གདོད་མའི་གནས་ལུགས་རང་ངོར་སད་པ་ཀུན་ཏུ་བཟང་མོ་ཉིད་དང་། རང་བྱུང་གདོད་མའི་ཡེ་ཤེས་བག་ལ་མ་ཉལ་བར་རྟོག་བྲལ་ཆོས་ཉིད་ཀྱི་རང་རྩལ་མཚན་དཔེའི་འོད་མདངས་གཟུགས་སྐུ་དག་པའི་ལང་ཚོ་སྣང་སྟོང་དབྱིངས་ཀྱི་མཁའ་འགྲོའི་རྣམ་པ་ཅན། འགག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བདུད་རྩི་ཆད་པ་མེད་པར་རྟག་པ་རྒྱུན་གྱི་འཁོར་ལོར་རོལ་བའི་དངོས་གྲུབ་ཀྱི་བདག་མོ། རང་བྱུང་རང་ཤར་ལོངས༷་སྤྱོད༷་རྫོགས་པའི་སྐུ༷་ཡི་མཚན་དཔེའི་འོད་སྣང་ཆེན་པོས་རབ་འབྱམས་རྒྱལ་བའི་ཞིང་ཀུན་ཁྱབ་པར་མཛད་མཁན། གཉིས་འཛིན་བདུད་ཀྱི་དཔུང་ཚོགས་དབྱིངས་སུ་ཞིག་པའི་རང་མདངས་མངོན་དུ་གྱུར་པ་མཁའ་འགྲོའི་གཙོ་མོ་ཝ༷་རཱ༷་ཧི༷་དང་། ཡེ་གྲོལ་ཀ་དག་འོད་གསལ་གྱི་ཀློང་དུ་འགྲོ་འོང་གི་མིང་ཙམ་མ་གྲུབ་ཀྱང་། ཀུན་ཁྱབ་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་གཡོས་པ་ན། མི་མཇེད་ཀྱི་ཞིང་འདིར་འགྲོ་བའི་སྟོན་པ་མཆོག་གི་སྤྲུལ༷་པའི་སྐུ༷་ཡི་རྣམ་པར་བཞེངས་པ་རྣམ་འདྲེན་བཞི་པ་སྟེ། རྒྱལ་བ་རྒྱ་མཚོས་གང་གི་འགྲོ་བ་འདུལ་བའི་སྙིང་སྟོབས་ཞུམ་པ་མེད་པའི་ཁྱད་ཆོས་ལ་པད་དཀར་ལྟར་བསྔགས་པ། བདག་ཅག་གི་སྟོན་མཆོག་དམ་པ་ཐུབ༷་པའི་དབང༷་པོ་དང་། རྒྱལ་བ་ཀུན་གྱི་གདུང་འཚོབ་བླ་ན་མེད་པ། གསང་ཆེན་བླ་ན་མེད་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ། སྟོན་པའི་བསྟན་ལ་རྒྱལ་བ་གཉིས་པ་ལྟར་བཀུར་བ་དཔལ་ཨོ་རྒྱན་གྱི་སློབ་དཔོན་གུ༷་རུ༷་པདྨ༷་སཾ་བྷ་ཝ་དང་། འཕགས་ཡུལ་གྲུབ་པའི་གཙུག་རྒྱན་ཕ་དམ༷་པ༷་རྒྱ༷་གར༷་དང་། སྐུ་གསུམ་མཁའ་འགྲོའི་རང་གཟུགས་མིའི་གར་དུ་རོལ་པ། ཟབ་རྒྱས་ཆོས་ཀྱི་བང་བའི་སྒོ་ཆེན་འབྱེད་པའི་ཕྲིན་ལས་ཀྱི་བྱེད་པོར་སྤྲུལ་པ། མདོ་སྔགས་ཐེག་པ་ཐམས་ཅད་ཀྱི་མངའ་བདག་མཚུངས་པ་མེད་པ་མ༷་ཅིག༷་ལབ༷་ཀྱི་སྒྲོན༷་མ༷་སོགས༷་ཀྱི་གཅོད༷་ཡུལ༷་བརྒྱུད༷་པ་དང་། དེ་འཛིན་རིས་སུ་མ་ཆད་པའི་རིག་འཛིན་རྣམས༷་ལ་གསོལ༷་བ༷་འདེབས༷་ལགས་ན། འཁོར་བ་སྡུག་བསྔལ་གྱི་རྩ་བ་བདག༷་འཛིན༷་གྱི་འཁྲི༷་བ༷་རྨེག་མེད་རྩད༷་ནས་ད་ལྟ་ཉིད་དུ་ཞིག་ནུས་པར་བྱིན་གྱིས་རློབས་ཤིག །འཕགས་བཞི་བསྐྱེད་པའི་ཨ་མའམ་མ༷་ཅིག༷་སྟེ། ཤིན་ཏུ་འཇལ་དཀའ་བ་རྒྱལ་བའི་ཡུམ༷་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན༷་ཆོས་ཉིད་སྟོང་པ་ཉིད་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས༷་པར་བྱིན༷་གྱིས༷་རློབས༷་ཤིག །ཆགས་སྡང་གི་རྣམ་རྟོག་ལས་གྲོལ་ཏེ་མཐའ་ཡས་པའི་འགྲོ༷་བ་རིགས་དྲུག༷་གི་སེམས་ཅན་ཐམས་ཅད་གཉེན༷་དུ༷་འདུ༷་བར་བྱིན༷་གྱིས༷་རློབས༷་ཤིག །བདུད་ཐམས་ཅད་ཀྱི་རྩ་བ་སྙེམས༷་བྱེད༷་ཀྱི་རྣམ་རྟོག་རེ༷་དོགས༷་ད་ལྟ་གདན་ཐོག་འདི་ཉིད་དུ་བྲལ༷་བར༷་བྱིན༷་གྱིས༷་རློབས༷་ཤིག །ཅེས་པའོ། །སྐབས་འདིར་རྩ་བའི་གཞུང་དུ་དམིགས་རིམ་སོགས་གསལ་པོ་ཚིག་ཟིན་དུ་མ་གསུངས་མོད་ཀྱང་། ཡོངས་གྲགས་ཀྱི་བླ་མའི་རྣལ་འབྱོར་གཞན་རྣམས་དང་མཐུན་པར། བརྒྱུད་པའི་བླ་མ་རྣམས་མདུན་དུ་གསལ་ཞིང་། དབང་བཞི་དངོས་གྲུབ་བྱིན་རླབས་དང་བཅས་པ་བླངས་ན་ཆོག །སྤྱིར་མདོ་སྔགས་གཉིས་ཀ་ལྟ་བའི་ཆ་ནས་ཁྱད་པར་དང་། མཐོ་དམན་ཡོད་མེད་ཐད་ལ་བཤད་སྟངས་དང་འདོད་ཚུལ་མི་འདྲ་བ་མཆིས་སྲིད་ཀྱང་། ཐབས་ཀྱི་ཆ་ནས་མདོ་ལས་སྔགས་ཤིན་ཏུ་ཁྱད་པར་འཕགས་པ་གསང་བ་སྔགས་ཀྱི་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱི་ཞལ་མཐུན། མདོ་ལས་སྔགས་མྱུར་བའི་གཙོ་བོ་ལྟ་བ་དང་ཐབས་གཉིས་ནང་ནས་ཕྱི་མ་ལ་རག་ལས། མྱུར་ལམ་རྡོ་རྗེ་ཐེག་པའི་ཐབས་ཐམས་ཅད་ཀྱི་ནང་ནས་ཀྱང་། རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་དངོས་སུ་མཐོང་ནས། མོས་གུས་འཆང་ནས་གསོལ་བ་འདེབས་ཤིང་། དབང་བཞི་ལེན་པའི་སྒོ་ནས་དགོངས་རྒྱུད་རྟོགས་པ་ཐད་ཀར་དུ་འཕོ་བའི་བྱིན་རླབས་འཇུག་པ་དེ་མཆོག་ཏུ་གྱུར་པའོ། །མོས་གུས་དང་མི་ལྡན་པར་གསོལ་བ་འདེབས་ཀྱང་། བྱིན་རླབས་དང་དངོས་གྲུབ་ཐོབ་དཀའ་ན། དང་པོ་རང་གི་རྒྱུད་ལ་མོས་གུས་རྣལ་མ་ཡོད་དགོས་པའི་ཁར། མཚམས་མཚམས་སུ་མོས་གུས་དེ་ཤིན་ཏུ་ཤུགས་དྲག་པས། རང་གི་རྣམ་རྟོག་དང་ཚོར་བ་གཞན་ཚང་མ་འགག་འགྲོ་བ་ལྟ་བུ་ཞིག་དགོས། སྤྱིར་ལྷ་དང་བླ་མ་ལ་མོས་གུས་ཡོད་ན་བྱིན་རླབས་རེ་འབྱུང་བ་སྨྲོས་ཅི་དགོས་ཀྱང་། དེ་ལའང་དབང་པོ་མཆོག་དམན་གྱི་མོས་གུས་འཇོག་སྟངས་མི་འདྲ་བ་ཡོད། དེང་སང་སྐྱེ་བོ་མང་པོ་ཞིག་གིས་མོས་གུས་འཇོག་སྟངས་དེ་ཕལ་ཆེར་དབང་པོོ་དམན་པའི་དད་པ་ཙམ་ལས་མ་འགོང། རང་རེ་བོད་པ་འབུམ་ཕྲག་མང་པོོར་ལྷ་དང་བླ་མ་ལ་མོས་གུས་འགྱུར་བ་མེད་པ་ཡོད་ནའང་། དོན་དམ་པའི་གནས་ལུགས་རྗེན་པར་མཇལ་མཁན་ཤིན་ཏུ་ཉུང་བའི་རྒྱུ་མཚན་ཡང་དེ་རུ་ཟད། མང་པོོ་ཞིག་གིས་ལྷ་དང་བླ་མ་རྣམས་གསོན་དུས་སུ་ན་ཚ་འབྱུང་ན་གསོལ་བ་འདེབས་ཡུལ། འཆི་དུས་འཇིགས་སྐྲག་ལས་ཐར་ཕྱིར་དུ་སྐད་འབོད་བྱེད་ཡུལ་ཞིག་ཏུ་བརྩི་དགོས་སྙམ་པ་དེ་དབང་པོོ་དམན་པའི་མོས་གུས་འཇོག་ཚུལ་དུ་སོང་། དབང་པོོ་མཆོག་གི་མོས་གུས་འཇོག་སྟངས་ནི། བརྒྱུད་པའི་བླ་མ་ནི་དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ་ཡིན་པས། རང་ལ་སེམས་ཉིད་ཆོས་སྐུའི་རང་ཞལ་ཐད་ཀར་དུ་བསྟན་ནས། ཐར་པའི་གོ་འཕང་ལ་འཁྲིད་མཁན་གྱི་སངས་རྒྱས་དངོས་ཡིན་སྙམ་པ་ལྟ་བུའོ། །མོས་གུས་གཅིག་པུ་ཙམ་གྱིས་མི་འོང་གི །རྒྱུན་དུ་བླ་མ་རྣམས་ལ་གསོལ་བ་འདེབས་དགོས་པས། པཎ་ཆེན་ནཱ་རོ་པས། ཅི་དགུ་ཐམས་ཅད་བླ་མ་ལ། །གསོལ་བ་བཏབ་ལས་འབྱུང་བར་འགྱུར། །ཞེས་དང་། རྗེ་བཙུན་རང་རིག་རས་པའི་ཞལ་ནས་ཀྱང་།རྗེ་ལ་གསོལ་བ་མི་འདེབས་པའི། །མི་རྟོག་ཡེ་ཤེས་འདོད་པ་དེ། །བྱང་བསྟན་ཕུག་པར་ཉི་སྒུག་འདྲ། །སྣང་སེམས་འདྲེས་དུས་དེ་ལ་མེད། །ཅེས་གསུངས། དཔེར་ན་ཡིད་བཞིན་ནོར་བུ་ལག་ཏུ་ཡོད་ཀྱང་དེ་ལ་བྱི་དོར་དང་བཀུར་སྟི་བྱས་ནས་གསོལ་བ་འདེབས་ཚེ། རང་གི་འདོད་པ་རྣམས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ལ། དེ་ལ་རང་གི་འདོད་དོན་རྣམས་ཀྱི་ཆེད་དུ་གསོལ་བ་མ་བཏབ་ན། དེ་རང་ཁྱིམ་ལ་གནས་བཞིན་དུ། ཟས་གོས་འདོད་ཡོན་གྱིས་ཕོངས་ནས་དབུལ་པོོར་བསྡད་པ་ལྟར་དུ་འགྲོ། ཀུན་སློང་མི་འདྲ་བའི་བྱེ་བྲག་གིས་གསོལ་བ་འདེབས་ཚུལ་ལ་རྣམས་གྲངས་མི་འདྲ་བ་ཡོད་པའི་དབང་གིས་བྱིན་རླབས་དང་དངོས་གྲུབ་ལ་ཆེ་ཆུང་ཤིན་ཏུ་ཡོད། ལྷ་དང་བླ་མ་རེ་བསྒོམས་ནས། ང་ལ་ནད་མེད་པར་ཤོག་ཅིག །ཚེ་རིང་བར་བྱིན་གྱིས་རློབས་ཞེས་གསོལ་བ་འདེབས་ན་ཐུན་མོང་གི་དངོས་གྲུབ་ཕྲན་བུ་རེ་ཟུང་ལས་མི་འབྱུང་། དེ་བས་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དོན་དུ་དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ། མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན་ནོ་སྙམ་པའི་འདུ་ཤེས་བཟུང་ནས། ད་ལྟ་སྟན་ཐོག་འདི་ཉིད་དུ་གཟུང་འཛིན་གྱི་འཁྲི་བ་ཆོད་པར་བྱིན་གྱིས་རློབས། དགོངས་རྒྱུད་རྟོགས་པའི་བྱིན་རླབས་བཙན་ཐབས་ཀྱིས་འཕོ་བར་མཛད་དུ་གསོལ་ཞེས་དང་། ཡང་ན། སེམས་ཉིད་གཉུག་མ་རང་བྱུང་གི་རང་ཞལ་སྐད་ཅིག་ཉིད་ལ་མཇལ་བར་བྱིན་གྱིས་རློབས་ཞེས་གསོལ་བ་བཏབ་ནས། དབང་བཞི་ལེན་ཞིང་ཐུགས་ཡིད་བསྲེས་ན། ལམ་གྱི་གོལ་ས་ཉུང་བར་འགྱུར་ཞིང། ལྟ་སྒོམ་གྱི་བོགས་འདོན་དུ་རང་ཤུགས་ཀྱིས་འགྲོ་བ་མ་ཟད། མདོ་སྔགས་ཀྱི་གཞུང་ལ་ནང་བྱན་ཆུད་པའི་མཁས་པ་དང་། ལྟ་སྒོམ་ལ་མངའ་བརྙེས་པའི་སྒོམ་ཆེན་པ་ལྟ་བུ་ཡིན་མི་དགོས་པར། དེ་མ་ཐག་ཏུ་ཆོས་ཉིད་མ་བཅོས་པའི་གནས་ལུགས་ལྷན་ནེར་མཇལ་སྲིད་དེ། ས་སྐྱ་པཎ་ཆེན་གྱིས། གདམས་པ་རྒྱ་མཚོ་ཁོང་དུ་མ་ཆུད་ཀྱང༌། །སྤྱི་བོར་བླ་མ་བསྒོམ་ཞིང་དད་པ་ཡིས། །མིག་ནས་མཆི་མ་འཁྲུགས་ཤིང་གསོལ་འདེབས་པ། །ངན་འགྲོའི་སྐྱེ་སྒོ་གཅོད་པའི་སྒོམ་ཆེན་ཡིན། །ཞེས་གསུངས། གསོལ་བ་འདེབས་ཡུལ་ལ་ཆོས་སྐུའི་བླ་མ་དང་། ལོངས་སྐུའི་བླ་མ། སྤྲུལ་སྐུའི་བླ་མ་སོགས་རྣམ་གྲངས་མང་པོ་འཇོག་རྒྱུ་ཡོད་ཅིང་། གཙོ་བོ་རང་གི་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་བཟུང་ན་བྱིན་རླབས་མྱུར་དུ་འཇུག་སླ། ལྷག་ཏུ་རང་གིས་ཚེ་འདིར་ཞལ་མཇལ། གསུང་ཐོས་པའི་བླ་མ་དབང་དང་གདམས་ངག་ཞུ་ཡུལ། དད་པ་དག་སྣང་བྱེད་སའི་བླ་མ་ལ་གསོལ་བ་བཏབ་ན་བྱིན་རླབས་ཤིན་ཏུ་མྱུར་བ་ཚད་མར་གྲུབ་པའི་རྟེན་འབྲེལ་གྱི་ཆོས་ཉིད་བསླུ་བ་མེད་པ་ཡིན། འོན་ཀྱང་རང་གིས་དངོས་སུ་ཞལ་མ་མཇལ་བའི་ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་དང་། མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་སོགས་ཀྱི་བླ་མ་རྣམས་ལ་གསོལ་བ་བཏབ་ན། དད་པ་དང་མོས་གུས་ཀྱི་སྟོབས་ཀྱིས། མི་རིང་བར་རང་གི་རྒྱུད་ལ་དགོངས་བརྒྱུད་རྟོགས་པའི་བྱིན་རླབས་འཕོ་ནུས། རྩ་གཞུང་འདི་ལྟར་ན། སྐྱབས་འགྲོའི་ཚོགས་ཞིང་དང་། སེམས་བསྐྱེད་དང་། མཎྜལ། གསོལ་འདེབས་རྣམས་ཀྱི་དམིགས་རིམ་དཀྱུས་གཅིག་བྱེད་ན་ཆོག་ཀྱང་། སྐབས་འདིར་གཙོ་བོ་བརྒྱུད་པའི་བླ་མ་རྣམས་ཡིད་ལ་གསལ་བ་གལ་ཆེ། དེས་ན་རང་གི་མདུན་གྱི་ནམ་མཁར་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ལ་དམིགས་ཤིང་། ཡིད་མོས་གུས་ལྡོག་ཏུ་མེད་པས་དེ་དག་གི་གསང་བ་གསུམ་གྱི་ཡོན་ཏན་གཞལ་དུ་མེད་པ། རྒྱ་ཆེ་བ། མུ་མཐའ་བྲལ་བ་ནམ་མཁའི་ཀློང་ཡངས་པ་ལྟ་བུ་ལ་དད་པ་བསྐྱེད་ཅིང་། ད་ལྟ་སྟན་ཐོག་འདི་ཉིད་དུ་བདུད་བཞིའི་འཆིང་བ་བཅད་དེ། མ་བཅོས་པའི་གནས་ལུགས་ཀ་དག་སྟོང་པ་ཉིད་ཇི་བཞིན་དུ་རྟོགས་པར་ཤོག་ཅིག་ཅེས་གསོལ་བ་ཕུར་ཚུགས་སུ་འདེབས། མཐར་བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་མི་རྟོག་པའི་ཡེ་ཤེས་དེ་ཉིད་རང་གི་རྒྱུད་དང་དབྱེར་མེད་དུ་བསྲེས་ནས། སེམས་མ་བཅོས་པའི་གཤིས་ལུགས་ད་ལྟའི་རིག་པ་རྗེན་པ་ལ་མཉམ་པར་འཇོག་པར་བྱའོ། །ལྔ་པ་ལུས་མཆོད་སྦྱིན་འགྱེད་པའི་ཐོག་མར་དབྱིངས་རིག་མཉམ་སྦྱོར་དུ་བསྲེ་འཕོ་བྱ་ཚུལ་ནི།
རང་རིག་འོད་གསལ་ཐིག་ལེ་རྒྱ་སྲན་ཙམཿ
དབུ་མའི་ལམ་བརྒྱུད་མཁའ་འགྲོའི་ཐུགས་ཀར་བསྲེཿ
ཆོས་ཉིད་ཁྱབ་བརྡལ་བདེ་བ་ཆེན་པོའི་དབྱིངསཿ
བསམ་བརྗོད་སྤྲོས་པ་བྲལ་བའི་ངང་དུ་བཞགཿ
དཀར་ཆག