དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

དེ་ནི་སྣང་ཚུལ་གྱི་ད་ལྟའི་རྣམ་པར་ཤེས་པ་གང་གི་ངོ་བོ་དེ་ཉིད་གནས་ཚུལ་རང༷་རིག༷་བརྗོད་མེད་འོད༷་གསལ༷་བའི་བདག་ཉིད་ཅན་དུ་ཡོད་པ་འདི་ཀ་འོད་ཀྱི་རང་བཞིན་གྱི་ཐིག༷་ལེ༷་རྒྱ༷་སྲན༷་ཙམ༷་གྱི་ཆེ་ཆུང་དང་མཚུངས་པར་བསྒོམས་ནས། ཡར་རྩ་དབུ༷་མའི༷་ལམ༷་དུ་བརྒྱུད་དེ། བདུད་བཞི་ཀུན་འཇོམས་དབྱིངས་ཀྱི་མཁའ༷་འགྲོའི༷་ཐུགས༷་ཀར༷་ཐིམ་ཞིང་བསྲེ༷་ལ། དེ་མ་ཐག་ཏུ་ཀུན་རྟོག་སྤྲིན་གྱི་ཡོལ་བས་མ་བསྒྲིབས་པའི་ཆོས༷་ཉིད༷་ཁྱབ༷་བརྡལ༷་གདོད་མའི་གནས་ལུགས། ཟག་པ་བག་ཆགས་དང་བཅས་པ་ཡོངས་སུ་ཟད་པའི་ངེས་དོན་བླ་ན་མེད་པའི་བདེ༷་བ༷་ཆེན༷་པོའི༷་དབྱིངས༷་སུ། བཅོས་མའི་མཚན་མ་སྒྲོ་སྐུར་གྱི་མཐས་མ་བཅིངས་པ་སྟེ། འཁྲུལ་བ་ཀུན་རྫོབ་པའི་བསམ༷་བརྗོད༷་སྤྲོས༷་པ༷་ཐམས་ཅད་དང་ཡེ་ནས་བྲལ༷་བའི༷་གནས་ལུགས་དེ་ཁོ་ན་ཉིད་ཀྱི་ངང༷་དུ༷་བཞག༷་པར་བྱའོ། །ཞེས་པ་སྟེ། འདས་མ་འོངས་དུས་གསུམ་གྱི་རྣམ་རྟོག་གི་བདག་ཉིད་ཅན་གྱི་ད་ལྟའི་ཤེས་པ་འདི་ཐ་མལ་གཏི་མུག་གི་དབང་དུ་གྱུར་ཚེ་འཁོར་བའི་གཞི་བྱེད་ཀྱང་། དོན་དུ་འདིའི་ངོ་བོ་ནི་ཐོག་མཐའ་ཀུན་ཏུ་འོད་གསལ་བ་དྲི་མ་མེད་པའི་རང་བཞིན་ཅན་དུ་ད་ལྟ་ཉིད་དུ་མངོན་སུམ་དུ་ས་ལེར་བཞུགས་བཞིན་པར་གནས་ཡོད་པས། བཙན་ཐབས་ཀྱི་སྒོ་ནས་ད་ལྟ་ཉིད་དུ་གློ་བུར་དུ་གཉིད་ལས་སད་པ་བཞིན་དུ། སྐད་ཅིག་གཅིག་གིས་མ་དག་པའི་རྣམ་ཤེས་ལས་གྲོལ་དེ། ཆོས་སྐུ་བརྗོད་མེད་ཀྱི་རིག་པ་རྗེན་པ་དེ་གླེན་པས་བུ་རམ་གྱི་རོ་མྱོང་བ་ལྟར་དུ་ཧ་གོ་ནུས། དེའི་རྒྱུ་མཚན་ནི། གཞི་འོད་གསལ་གྱི་རིག་པ་དེ་ཐོག་མ་མེད་པ་ནས་རང་རེའི་རྒྱུད་ལ་སེམས་ཀྱི་གནས་ལུགས་སུ་འཕོ་འགྱུར་མེད་པར་བཞུགས་ཟིན་པས། དེ་གུད་དུ་མ་གྲུབ་ཅིང་། ལོགས་སུ་མི་གནས་པའི་ཕྱིར་ན། སེམས་ཀྱི་ངོ་བོ་ལས་ལོགས་སུ་མ་གྲུབ་པ་མ་ཟད། འདི་ནི་དོན་དམ་རང་བྱུང་གི་སངས་རྒྱས། རྒྱལ་བ་ཀུན་ཏུ་བཟང་པོའི་ཡེ་ཤེས། དུས་གསུམ་གྱི་འདྲེན་པ་ཐམས་ཅད་གྱི་དགོངས་པའི་མཐིལ། སེམས་ལས་འདས་པའི་གཉུག་མའི་གནས་ལུགས་ཡིན། ཚེ་འདིར་ཀ་དག་རྫོགས་པ་ཆེན་པོའི་གྲུབ་མཐའ་ལ་བསྙེགས་དང་མ་བསྙེགས་པའི་ཚད་ནི། འདི་ཐད་ཀར་དུ་མཇལ་མྱོང་དང་མ་མྱོང་གི་སྒོ་ནས་ཐག་གཅོད་དགོས། གལ་ཏེ་འདི་ལས་གཞན་དུ་བསྐལ་པ་སྟོང་དུ་སངས་རྒྱས་ཟེར་བ་བཙལ་ཀྱང། རང་གི་མགོ་བོ་རང་གིས་གཞན་དུ་ཡོད་པར་རློམ་ནས་འཚོལ་བའི་བརྟུལ་བཞུགས་ལས་མ་འདས་པས། དཀའ་བ་ཅི་ཙམ་དཔྱད་ཀྱང་། རང་གནས་ཆོས་སྐུའི་ཞལ་ངོ་མཐོང་བའི་དུས་ཤིག་མི་འབྱུང་སྟེ། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་བསྒོམ་པར་བྱའོ། །ཞེས་དང་། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་ཕྱོགས་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས། དེས་ན་ད་ལྟ་ཉིད་དུ་དེ་ལྟ་བུའི་བརྗོད་མེད་མཐའ་བྲལ་གྱི་ཆོས་སྐུའི་རིག་པ་ཉིད་མཇལ་བའི་ཐབས་སུ། མ་ཅིག་གིས། བེམ་རིག་བྲལ་ལ་དབྱིངས་རིག་བསྲེ། །སྟོང་ཉིད་ངང་ལ་ཅི་གནས་བཞག །ཉམས་ལེན་ཕུང་པོ་གཟན་དུ་སྐྱུར། །ཞེས་གསུངས་པ་ལྟར། ད་ལྟའི་རང་གི་ལུས་དཀྱིལ་དུ་རྩ་ཐམས་ཅད་ཀྱི་གཙོ་བོ་དབུ་མ་ཕྱི་དཀར་ལ་ནང་དམར་བ། མདའ་ལྟར་དྲང་བ་སྤྱི་བོར་ཟུག་ཡོད་པ་བསྒོམ། དེ་ནས་རྐང་མཐིལ་གཡས་པར་ཐབས་ཀྱི་ཐིག་ལེ་དཀར་པོ་དང་། གཡོན་དུ་ཤེས་རབ་ཀྱི་ཐིག་ལེ་དམར་པོ་སྲན་རྡོག་ཙམ་བསྒོམས། ཡང་དེ་གཉིས་སྐད་ཅིག་གིས་ཡར་གནས་གསང་གནས་སུ་འཕོས་ཚེ་འདྲེས་ནས། དཀར་ལ་དམར་བའི་མདངས་ཆགས་པ་རྒྱ་སྲན་གྱི་དབྱིབས་དང་མཚུངས་པ། ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། དེ་ནས་ཡར་ལྟེ་བར་འཕོས། ཡང་སྙིང་གར་སླེབས་ཚེ་རང་གི་རྣམ་ཤེས་ཀྱི་ངོ་བོར་གྱུར་པ་ན། ཡར་མགྲིན་པར་འཕོས། དེ་ནས་ཡར་སྤྱི་བོར་འཕོས་ནས། ཚངས་བུག་ནས་ཡར་ཐོན་ཏེ་མཁའ་འགྲོའི་ཐུགས་ཀར་བསྲེས་ནས། མཁའ་འགྲོའི་ཐུགས་དེ་ཉིད་ནམ་མཁའི་དབྱིངས་མཐའ་མེད་པར་ཁྱབ་སྟེ། མཐའ་དབུས་ཀུན་བྲལ་སེམས་ཀྱི་ཆོས་ཉིད་ཁྱབ་བརྡལ་མི་རྟོག་པའི་ཡེ་ཤེས་ཀྱི་ཀློང་དུ་འཁོར་གསུམ་གྱི་བྱ་རྩོལ་ཞིག་ནས་ལྷོད་དེར་གཞག །སྐབས་འདིར་ངེས་པར་དུ་མཁའ་འགྲོའི་རྣམ་པ་བསྐྱེད་མི་དགོས་པར། མཁའ་འགྲོའི་ཐུགས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གོ་ཆོག་པས། རང་རིག་ཐིག་ལེའི་རྣམ་པ་ཅན་ཉིད་མཐའ་དབུས་བྲལ་བའི་དབྱིངས་སུ་ཐིམ་ཞིང་དབྱེར་མེད་དུ་འདྲེས་ཏེ། སྐྱེ་འགག་འགྲོ་འོང་གི་སྤྲོས་པ་ཞི་ཞིང་། གཟུགས་དབྱིབས་ཀྱི་མཚན་མ་ཡོངས་སུ་དག་པའི་དབྱིངས་རིག་དབྱེར་མེད་ཆོས་སྐུའི་དགོངས་ཀློང་དུ་སྒོམ་མེད་རང་བབས་སུ་རྒྱུན་རིང་ཐུང་ཅི་ནུས་བཞག་པར་བྱའོ། །དྲུག་པ་ཕུང་པོ་གཟན་སྐྱུར་དངོས་ལ་རང་ལུས་ཟག་མེད་ཀྱི་རྫས་སུ་བྱིན་གྱིས་བརླབ་པ་ལ།

རང་སེམས་རྣམ་པར་ཤེས་པ་ཕཊཿཀྱིས་ཐོན༔
རྣལ་འབྱོར་མར་གྱུར་ལུས་ཕུང་སིལ་བུར་གཏུབས༔
སྟོང་གསུམ་ཁྱོན་ཡངས་ཀཱ་པ་ལ་ཡི་ནང༔
ཧ་ཧོ་ཧྲིཿཡིས་ཟག་མེད་བདུད་རྩིར་བསྒྱུར༔
ཨོཾ་ཨཱ་ཧཱུྃ་ཧ་ཧོ་ཧྲཱིཿ

རང༷་གི་སེམས༷་ད་ལྟའི་རྣམ༷་པར༷་ཤེས༷་པ༷་ཉིད་ཕཊ༷་ཀྱིས༷་ལུས་ལས་ཐོན༷་ཞིང་། གློ་བུར་དུ་རང་ལུས་བེམ་པོ་མར་ས་ཐོག་ཏུ་འགྱེལ། རྣམ་ཤེས་ཉིད་དེ་མ་ཐག་ཏུ་མ་ཅིག་ལབ་ཀྱི་སྒྲོན་མ་དབྱིངས་ཀྱི་རྣལ༷་འབྱོར༷་མར༷་གྱུར༷། དེས་གདོས་བཅས་སྒྱུ་མའི་ལུས༷་ཕུང༷་འདི་ཉིད་སིལ༷་བུར༷་གཏུབས༷་ཏེ། སྟོང༷་གསུམ༷་གྱི་ཁྱོན༷་ལྟར་ཡངས༷་པའི་ཀཱ༷་པ༷་ལ༷་ཡི༷་ནང༷་དུ་བཞག་ཅིང་། ཨོཾ༷་ཨཱ༷་ཧཱུྃ་ཧ༷་ཧོ༷་ཧྲཱིཿཡིས༷་མྱོང་གྲོལ་ཟག༷་པ་མེད༷་པའི་བདུད༷་རྩིར༷་བསྒྱུར༷་བར་བྱའོ། །ཞེས་པ་སྟེ། དང་པོ་ད་ལྟའི་རང་ལུས་ཤ་ཁྲག་རུས་པ་ལས་གྲུབ་པ་སྒྱུ་མའི་ཕུང་པོ་འདི་ནི་གསང་བ་སྔགས་ལྟར་ན། རང་རེ་གང་ཟག་རྣམས་ཀྱི་ལུས་ནི་སངས་རྒྱ་བའི་རྟེན་མཆོག་ཏུ་གྱུར་པ་ཡིན་ཏེ། དེའང་དང་པོ་རང་ཅག་གི་རྩ་རླུང་ཁམས་རྣམས་འབྱུང་གཞི་བདེ་བར་གཤེགས་པའི་སྙིང་པོ་ལས་གྲུབ་པ་ལ་ཐུག །དེའི་རྒྱུ་མཚན་ནི་རྒྱུད་ལྟར་ན་རང་རེའི་ལུས་འདི་ཉིད་དྲི་བཅས་སྤྲུལ་པའི་སྐུའི་མཚན་ཉིད་ཚང་བའི་ཕྱིར་ཏེ། མའི་སྦྲུམ་ཁོག་ཏུ་གནས་པའི་ཚེ་ཟླ་བ་རེ་བཞིན་དུ་ས་གོང་ནས་གོང་དུ་བགྲོད་པའི་ཚུལ་དང་། མ་མཁན་པོ། ཕ་སློབ་དཔོན། ལྟོ་བ་གནས། མངལ་གྱི་ཕྲུ་མ་ཆོས་གོས། སྐྲ་དང་ཁ་སྤུ་བྲེགས་པའི་དབུ་ཟླུམ་ཞབས་རྗེན། སྤྱི་བོར་ཐལ་མོ་སྦྱར་བ་ཕྱག །ཨ་ཧཾ་གི་སྒྲ་སྔགས་ཀྱི་བཟླས་པ། འགྲོ་བའི་བྱ་བ་ཁྲིམས་སོགས་ཏེ་སྤྲུལ་པའི་དགེ་སློང་དུ་བཞེངས་པས་སོ། །