སྔ་འགྱུར་བའི་རྒྱུད་ཀྱི་དགོངས་འགྲེལ་ཆེན་པོ་དག་དང་བསྟུན་ཚེ། ཆོས་ཅན་དག་གཟིགས་ཚད་མའི་དབང་དུ་བཏང་ན། རང་རེའི་ལུས་འདི་འགྲུབ་བྱེད་ཀྱི་རྒྱུ་ལ་མ་དག་པའི་ཆོས་རྡུལ་ཙམ་ཡང་མི་དམིགས་པར། རབ་འབྱམས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་མ་བཅོས་རང་བྱུང་གི་ཞིང་ཁམས། ཀླད་པ་དུང་ཁང་ཁྲོ་བོའི་ལྷ་ཚོགས་དང་། སྙིང་ཁ་བདེ་གཤེགས་ཞི་བའི་ལྷ་ཚོགས། བ་སྤུའི་ཁུང་བུ་རེ་རེའང་དཔའ་བོ་མཁའ་འགྲོ་བྱེ་བ་འབུམ་ཕྲག་གི་བསྟི་གནས། ལུས་ཀྱི་རྩ་གནས་དང་དོན་སྣོད་ཡན་ལག་ཉིང་ལག་རྣམས་གནས་ཡུལ་གྱི་རང་བཞིན་དུ་གྲུབ་པ། འདི་ལས་ལྷག་པའི་ཞིང་ཁམས་དང་དཀྱིལ་འཁོར་ཞིག་གུད་དུ་མ་མཆིས་པར་བཞེད་པ་རྒྱལ་བ་ཀུན་གྱི་ཡང་གསང་གི་དགོངས་པ་མཐར་ཐུག་པའོ། །དེས་ན་རྡོ་རྗེ་ཐེག་པའི་ལུགས་ལ། ཐ་ན་ཟས་ཟ་ན་ཡང་། ཐ་མལ་གྱི་བཟའ་བཏུང་ལ་སྤྱོད་པ་ཙམ་མ་ཡིན་པར་བདུད་རྩི་ཚོགས་ཀྱི་འཁོར་ལོར་ངེས་ནས། ལྷ་དང་དཀྱིལ་འཁོར་ལ་མཆོད་པ་སྟོབ་པའི་འདུ་ཤེས་གཟུང་དགོས་པ་ཡིན། འོན་ཀྱང་ཐེག་པ་དམན་པའི་མདོའི་ལུགས་ལ། ལས་དང་ཉོན་མོངས་ཀྱི་རྒྱུ་རྐྱེན་ལས་བསྐྱེད་པའི་ད་ལྟའི་ཟག་བཅས་ལུས་ཕུང་འདི་ནི་མ་དག་པའི་འཁོར་བར་འཆིང་བྱེད་ཀྱི་གདོས་ཐག་ལྟ་བུ། མི་གཙང་བའི་རྫས་སོ་དྲུག་ལས་གྲུབ་ཅིང་། དག་དང་མ་དག་པ་གཉིས་ལས་མ་དག་པ་དང་། གཙང་དང་མི་གཙང་བ་གཉིས་ལས་མི་གཙང་བའི་ཕྱོགས་སུ་གཏོགས་པ་དང་། ལུས་ཙམ་དུ་མ་ཟད་ད་ལྟའི་གནས་སྐབས་ཀྱི་ཕུང་པོ་ཕལ་ཆེ་ཤོས་མ་དག་པའི་ཁོངས་སུ་འགྲོ་བ་སྟེ། དཔེར་ན། ཚོར་བ་མི་བདེ་བ་ལྟ་ཅི་སྨྲོས། ཚོར་བ་བདེ་བའང་དོན་དུ་སྡུག་བསྔལ་བདེན་པར་བཞེད་པས། དག་པ་རབ་འབྱམས་ཀྱི་ལྟ་བ་དངོས་སུ་མི་བཞེད། སྐབས་འདིར་རང་ལུས་ཉིད་གནས་ཚུལ་དུ་རྡོ་རྗེའི་ལུས་སུ་བཞུགས་པས། བརྡེག་བཙོག་དང་བརྙས་བཅོས་བྱས་ན་གསང་སྔགས་ཀྱི་དམ་ཚིག་རལ་ནས་རྩ་ལྟུང་འབྱུང་ཡང་། སྣང་ཚུལ་དུ་ཡོད་པའི་ཐ་མལ་གདོས་བཅས་ཀྱི་ཕུང་པོ་འདི་ཉིད། སྔགས་དང་དམིགས་པ་སོགས་ཐབས་ལ་མཁས་པའི་སྒོ་ནས་དུམ་བུར་གཏུབས་ཤིང་། མྱོང་གྲོལ་ཟག་མེད་ཚོགས་ཀྱི་འགྱེད་ཆེན་པོའི་འཁོར་ལོར་བསྒྱུར་ནས། བདག་གཅེས་པར་འཛིན་པའི་བློ་ཐད་ཀར་དུ་གཅོད་ཅིང་། ཚོགས་རྒྱ་ཆེན་པོ་འབད་མེད་དུ་གསོག་པའི་ཕྱིར་དུ། ཡར་དཀོན་མཆོག་གསུམ་སོགས་སྐྱབས་གནས་རྣམས་དང་། མར་རིགས་དྲུག་གི་འགྲོ་བ་ལ་སྦྱིན་པ་གཏོང་བ་ཡིན་ནོ། །དེས་ན་གཅོད་ལུགས་ཀྱི་ལུས་སྦྱིན་བྱེད་པའི་དགོས་པ་གཙོ་བོ་ནི། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་འབད་མེད་དུ་གསོག་པ་དང་། བདག་འཛིན་ཐད་ཀར་དུ་གཅོད་པར་འདུས། དེའི་ཚུལ་ནི། རྒྱུ་འབྲས་རྟེན་འབྱུང་མི་བསླུ་བའི་ཆོས་ཉིད་ཀྱི་སྟོབས་ཀྱིས། སྦྱིན་པ་བཏང་བས་དགེ་བ་བསོད་ནམས་ཀྱི་ཚོགས་བསག་པར་འགྱུར་ཞིང་། སྦྱིན་པའི་དངོས་པོ་རིན་ཐང་ཆེ་ཆུང་དང་། སྦྱིན་པ་པོའི་ངོས་ནས་ཀུན་སློང་གི་ཁྱད་པར་དང་། དངོས་པོ་གང་ལ་གཅེས་འཛིན་ཆེ་ཆུང་གི་དབང་གིས། བསོད་ནམས་ཀྱི་ཚོགས་རྒྱ་ཆེ་ཆུང་གི་རྣམ་གྲངས་སྣ་ཚོགས་འབྱུང་། དཔེར་ན་གཞན་ཞིག་ལ་ཟངས་རྒྱ་མ་གང་བྱིན་པ་ལས་དངུལ་རྒྱ་མ་གང་བྱིན་པ་དགེ་བ་ཆེ། དེ་ལས་ཀྱང་གསེར་ཅུང་ཟད་ཅིག་བྱིན་པ་ལ་བསོད་ནམས་ཆེ། ཡང་མི་ཕྱུག་པོ་ཞིག་གིས་མི་གཞན་ལ་རྟ་བཅུ་བྱིན་པ་ལས། མི་དབུལ་པོ་ཞིག་གིས་གཞན་ལ་རྟ་གཅིག་བྱིན་པ་དགེ་བ་ཆེ། ཡང་རང་གིས་བརྩི་མཐོང་མེད་པའི་ཡོ་བྱད་ཅིག་ལས། གཅེས་པར་འཛིན་པའི་ཡོ་བྱད་ཅིག་གཞན་ལ་སྟེར་བར་དགེ་བ་ཆེ་སྟེ། ཇི་སྐད་དུ། རྟ་དང་གླང་པོ་བརྒྱ་འགྱུར་ཡིན། །བུ་དང་ཆུང་མ་སྟོང་འགྱུར་ཡིན། །ལུས་ཀྱི་མཆོད་སྦྱིན་འབུམ་འགྱུར་ཡིན། །ཞེས་གསུངས། ས་སྟེང་འདི་ན་རང་གཞན་ཚང་མས་གཅེས་སྤྲས་བྱེད་ཡུལ་གཙོ་བོ་ནི་ཤ་ཁྲག་ལས་གྲུབ་པའི་གདོས་བཅས་ཀྱི་ལུས་འདི་སོང་བས། འདི་ན་འོང་། འདི་རྒས་འོང་། འདི་ལྟོགས་འོང་སྙམ་ནས་མི་ཐམས་ཅད་དུས་རྒྱུན་དུ་སེམས་ཁྲལ་གྱི་རྒྱ་མཚོར་ལྷུང། ལུས་འདི་ཇེ་དར་དང་ཇེ་བཟང་ཇེ་ཡག་འོང་སླད་དུ། ཐབས་མི་འདྲ་བ་དང་བརྩོན་པ་ཆེན་པོས་ཟས་གང་ཞིམ་ཟ། གོས་གང་མཛེས་གྱོན། ལུས་ལ་མཛེས་བྱེད་ཀྱི་རྒྱན་ཆ་རྩ་ཆེན་འདོགས་བཞིན་ཡོད་པར་གཟིགས་དང་ཧ་གོ་སླ། དེས་ན་ལུས་འདི་གཏོང་ན་དེ་དགེ་བ་ཤིན་ཏུ་ཆེ་བས། གཅོད་ཡུལ་དུ་ཐབས་དམིགས་རིམ་གྱི་སྒོ་ནས་ལུས་འདི་མཆོད་སྦྱིན་དུ་བཏང་ནས། ལུས་དངོས་སུ་གཏོང་བའི་དཀའ་ངལ་ལ་བརྟེན་མི་དགོས་པར། འཕགས་པའི་རྫུ་འཕྲུལ་ལྟ་བུའི་སྒོ་ནས་ཡུན་ཐུང་དུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པ་བསོག་ནུས། ཡང་ལུས་སྦྱིན་གྱི་སྒོ་ནས་བདག་འཛིན་གཅོད་པ་ཡིན་ཏེ། ཐབས་ཀྱིས་བདག་འཛིན་གཅོད་པ་དང་། ཤེས་རབ་ཀྱིས་གཅོད་པ་གཉིས་ཡོད་པ་ལས། དང་པོ་ནི་རང་ཅག་འདོད་ཁམས་པའི་སེམས་ཅན་སྤྱི་དང་། ལྷག་ཏུ་རང་ཅག་འགྲོ་བ་མི་རྣམས་ཀྱི་དབང་དུ་བྱས་ན། གདོས་བཅས་ལུས་འདི་བདག་ཏུ་འཛིན་པའི་གཞི་གཙོ་བོ་ཡིན་པས། དམིགས་རིམ་གྱི་སྒོ་ནས་འདི་ཕངས་མེད་སྦྱིན་ནུས་ན་བདག་འཛིན་གཅོད་པའི་བཙན་ཐབས་སུ་འགྲོ། གཉིས་པ་ནི་གནས་ལུགས་སྒོམ་པའི་སྟོབས་ཀྱིས་བདག་མེད་པའི་དོན་མངོན་དུ་བྱེད་པ་ཡིན་ཞིང་། སྐབས་འདིར་དེ་གཉིས་ཟུང་སྦྱོར་དུ་ཉམས་སུ་ལེན་ཚུལ་ཚང་བས་ཐབས་ཆེས་རྨད་དུ་བྱུང་བའོ། །དེ་ཡང་འགྱེད་ལ་གཉིས་སམ་བཞི་སོགས་སུ་འབྱེད་ཚུལ་ཡོད་པ་ལས། མ་ཅིག་གིས། ཉམས་ལེན་དཀར་འགྱེད་དམར་འགྱེད་ནི། །སྟོན་པོ་བརྒྱ་ཡི་དོ་ཟླ་མིན། །ཞེས་གསུངས་པ་ལྟར་དུ། གཅོད་ལུགས་སུ་འགྱེད་ལ་དཀར་དམར་གྱི་འགྱེད་ཆེན་གཉིས་སུ་དབྱེ། འོན་ཀྱང་གཅོད་གཞུང་མང་པོར་འགྱེད་ལ་དཀར་འགྱེད་དང་། ཁྲ་འགྱེད། དམར་འགྱེད། ནག་འགྱེད་བཅས་སུ་དབྱེ་ཞིང་། དེ་དག་ལ་དམིགས་རིམ་མི་འདྲ་བ་རེ་རེ་གསུངས་ཡོད། འདིར་དཀར་འགྱེད་གཏོང་ཚེ། རང་གི་རྣམ་པར་ཤེས་པ་དེ་ཉིད་ཕཊ་ཅེས་བརྗོད་པ་ཙམ་གྱིས་ནམ་མཁའི་དབྱིངས་སུ་ཡར་ཐོན་པ་དང་ཆབས་ཅིག་ཏུ། མཁའ་འགྲོ་འབུམ་གྱི་གཙོ་མོ་དབྱིངས་ཀྱི་རྣལ་འབྱོར་མ་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དམར་ལ། ཕྱག་གཡས་པས་གྲི་གུག་ནམ་མཁར་བཏེགས་པ། ཕྱག་གཡོན་པས་ཀ་པཱ་ལ་ཁྲག་གིས་བཀང་བ་བསྣམས་པར་གྱུར་པ་དེས། མར་གན་རྐྱལ་དུ་འགྱེལ་བའི་བེམ་པོ་ལ་གྲི་གུག་གདེངས་ཙམ་གྱིས་ཐོད་པ་ཕྲལ། དེ་ཉིད་སྟོང་ཁམས་མཉམ་པའི་སྣོད་རབ་ཏུ་ཡངས་པ། སྐུ་གསུམ་མཚོན་བྱེད་ཀྱི་མི་མགོ་གསུམ་གྱིས་བཏེགས་པ་ཞིག་ཏུ་གྱུར། དེའི་ནང་དུ་བེམ་པོ་བཞག་ཅིང་ཚལ་བར་གཏུབས། འོག་ནས་ཨ་ཤད་ལས་ཡེ་ཤེས་ཀྱི་མེ་འབར། སྟེང་དུ་ཧཾ་ཡིག་ལས་ཟག་མེད་ཀྱི་བདུད་རྩིའི་ཆར་བབས། ལུས་ཀྱི་ཤ་ཁྲག་རུས་གསུམ་རྣམས་མཉམ་དུ་ཁོལ་ནས་ཚོགས་ཀྱི་འཁོར་ལོ་རོ་བཅུད་ཕུན་སུམ་ཚོགས་པ། སྣས་དྲི་ཚོར་བ་དང་། ཁར་རེག་པ་ཙམ་གྱིས་ཡིད་ཚིམས་ཤིང་། སྐད་ཅིག་གིས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་རྩོལ་མེད་དུ་བསྐྱེད་པར་བྱེད་པའི་ཚོགས་ཀྱི་འཁོར་ལོ་བླ་ན་མེད་པ། འཛད་དུ་མེད་ཅིང་རྒྱ་ཆེ་བ། མགྲོན་གང་མང་སླེབས་ཀྱང་ཐམས་ཅད་ཡིད་ཚིམས་པར་ནུས་པ་ཞིག་ཏུ་བསྐྱེད་ཅིང་། ཨོཾ་ཨཱ་ཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབ་པར་བྱ། འདི་ནི་མདོའི་སྐབས་སུ་མཆོད་སྦྱིན་འགྱེད་པ་ལས་ཀྱང་ལྟ་བ་དང་ཐབས་གཉིས་ཀའི་ཐད་ནས་ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ཏེ། མདོའི་སྐབས་སུ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུའི་སྒོ་ནས་རྒྱལ་བ་རྣམས་ལ་མཆོད་པ་འབུལ་བ་དང་། བྱམས་སྙིང་རྗེའི་སྒོ་ནས་འགྲོ་བ་ཡི་དྭགས་སོགས་ལ་ཟས་ཀྱི་སྦྱིན་པ་འགྱེད་ཚུལ་ཡོད་ཀྱང་། དེ་དག་ཀྱང་མགྲོན་རང་རང་སོ་སོའི་ཡིད་ཚིམ་པར་བྱེད་ནུས་པར་མོས་པ་ཙམ་ལས། ཟག་མེད་བདེ་བ་ཆེན་པོའི་དགའ་སྟོན་དུ་སྒྱུར་ཐབས་མེད་མོད། གསང་བ་སྔགས་སུ། སྔགས་ཀྱིས་ཆོས་ཀུན་སྟོང་པར་སྦྱངས་ནས། རང་ཉིད་ལྷར་བསྐྱེད་པ་དང་མཉམ་དུ། རྣམ་པར་མི་རྟོག་པའི་ཡེ་ཤེས་ངོ་བོ་ཆོས་སྐུ་ཉིད་ལ་ང་རྒྱལ་བཟུང་ནས་བྱིན་གྱིས་བརླབས་ཚེ། མཆོད་སྦྱིན་གྱི་རྫས་རྣམས་སྟོང་པའི་ངང་ལས་བསྒྲུབས་ཟིན་ཅིང་། སྐད་ཅིག་གིས་ཆོས་དབྱིངས་ཟག་པ་མེད་པའི་བདུད་རྩིར་བསྒྱུར་བ་དང་མཚུངས་པར། འདིར་ནི་རང་ཉིད་མ་ཅིག་རྣལ་འབྱོར་མ་དམར་མོའི་སྐུར་བསྐྱེད་ཅིང་། ལྷའི་ང་རྒྱལ་དང་ལྡན་པའི་སྒོ་ནས། རྫས་རྣམས་སྔགས་དང་དམིགས་པའི་སྒོ་ནས་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་དུ་བྱིན་གྱིས་བརླབས་པའོ། །བདུན་པ་མགྲོན་འབོད་པ་ནི།
ཕྱོགས་བཅུའི་ཞིང་སོགས་འབུམ་ཕྲག་གྲོང་ཁྱེར་ནས༔
མཆོག་གསུམ་རྩ་གསུམ་སྣང་སྲིད་ལྷ་འདྲེ་བཅས༔
མཆོད་ཡུལ་མགྲོན་ཀུན་ལམ་གྱི་མཁའ་དབྱིངས་འགེངས༔
ཐུགས་རྗེ་བརྩེ་བ་ཆེན་པོས་གཤེགས་སུ་གསོལ༔
རབ་འབྱམས་ཕྱོགས༷་བཅུའི༷་ཞིང་ཁམས་སོགས༷་ཚད་དང་གྲངས་བསམ་གྱིས་མི་ཁྱབ་པར་མཐའ་ཀླས་པའི་གནས་རྣམས་དང་། ཡེ་ཤེས་ཀྱི་གཟིགས་པ་ཁོ་ནར་གྱུར་པ་རྒྱལ་བ་རྣམས་བཞུགས་པའི་དག་པའི་ཞིང་དང་། ལས་སྨོན་རྣམ་པར་དག་པས་བསྐྱེད་པའི་ས་སྤྱོད་ཀྱི་ཞིང་ཁམས་སྣ་ཚོགས་དང་། མཁའ་འགྲོའི་ཚོགས་ཀྱི་བསྟི་གནས་འབུམ༷་ཕྲག་གྲོང༷་ཁྱེར༷་སོགས་ནས༷། དཀོན་མཆོག༷་གསུམ༷་དང་། རྩ༷་བ་གསུམ༷་དང། གཞན་ཡང་འཇིག་རྟེན་གྱི་ཁམས་སུ་རོལ་པའི་སྣང༷་ཞིང་སྲིད༷་པའི་ལྷ༷་འདྲེ༷་དང་བཅས༷་པ་ལུས་པ་མེད་པ། མཆོད་པ་དང་སྦྱིན་པའི་ཡུལ་དུ་གྱུར་པའི་མགྲོན༷་ཀུན༷་ལམ༷་གྱི༷་མཁའ༷་དབྱིངས༷་འགེངས༷་བཞིན་པ་ལྟ་བུ་ཡིད་ཀྱིས་བསྐྱེད་ལ། རྒྱལ་བ་སྲས་དང་བཅས་པ། རྩ་གསུམ་ལྷ་ཚོགས་དང་བཅས་པ་དག་ཉེ་རིང་ཕྱོགས་རིས་བྲལ་བའི་ཐུགས་རྗེ༷འམ་ཡང་ན་དམིགས་མེད་བརྩེ༷་བ༷་ཆེན༷་པོས༷་འདིར་གཤེགས༷་སུ༷་གསོལ༷་ཞེས་པ་སྟེ། འདིར་མཆོད་པ་དང་སྦྱིན་པའི་ཡུལ་གང་རུང་དུ་གྱུར་པའི་མགྲོན་རིགས་བཞི་རྣམས་གདན་འདྲེན་པ་ལ། ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་དང་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་དང་། འཁོར་ཉན་རང་དགྲ་བཅོམ་པའི་ཚོགས་དང་། གང་ལ་གང་འདུལ་གྱི་རྣམ་འགྱུར་སྟོན་པར་མཛད་པའི་རང་སྣང་རྣམ་པར་དག་པའི་རོལ་པ་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དང་། གནས་ཡུལ་ན་བཞུགས་པའི་དཔའ་བོ་དཔའ་མོ་རྣམས་ཏེ། མདོར་ན་སྟོན་པ་བླ་ན་མེད་པ་སངས་རྒྱས་དང་། སྐྱོབ་པ་བླ་ན་མེད་པ་དམ་པའི་ཆོས། འདྲེན་པ་བླ་ན་མེད་དགེ་འདུན་ཏེ་མཆོག་གསུམ་དང་། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོས་གཙོར་མཛད་པའི་དཀོན་མཆོག་སྲི་ཞུའི་མགྲོན་དང་། གཞན་ཡང་མགོན་པོ་ཡོན་ཏན་གྱི་མགྲོན། རིགས་དྲུག་སྙིང་རྗེའི་མགྲོན། བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་ཏེ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་པོ་རྣམས་དང་། མཐོ་བ་སྲིད་པའི་རྩེ་མོ་ནས་མར་ངན་སོང་གི་གཏིང་དུ་འཁྱམས་པའི་འགྲོ་བ་མཆིས་སོ་ཅོག །ཉེ་རིང་དང་བཟང་ངན་གྱི་ཁྱད་པར་མེད་པར་ཐམས་ཅད་འགྱེད་ལ་སྤྱན་འདྲེན་ན། དེ་རིང་རྣལ་འབྱོར་པ་བདག་གིས་འཁོར་བ་སྡུག་བསྔལ་གྱི་རྩ་བ་རེ་དོགས་གཅེས་འཛིན་གྱི་བློ་གདན་ཐོག་གཅིག་ཏུ་གཅོད་ཕྱིར་དང་། བརྟུལ་ཞུགས་ཀྱི་སྤྱོད་པའི་སྒོ་ནས་འཁོར་འདས་མཉམ་པར་རྟོགས་པའི་ཕྱིར་དུ། གཅེས་འཛིན་དང་ཕངས་སེམས་ཏིལ་ཙམ་མེད་པར། རང་ལུས་ཚོགས་ཀྱི་འཁོར་ལོར་འབུལ་ཞིང་འགྱེད་པར་བྱ་བ་ལ། ཁྱེད་ཅག་རྣམས་ཡུལ་གང་དུ་བཞུགས་ཀྱང་ད་ལྟ་ཉིད་དུ་བྱམས་པའི་སེམས་སམ། ཡང་ན་དགའ་བའི་བློ་དང་བཅས་གཤེགས་སུ་གསོལ་ཞེས་འབོད་པའོ། །བརྒྱད་པ་མགྲོན་བཞི་ཏིང་འཛིན་ཉིད་ལ་གསལ་གདབ་པ་ནི། ཐོག་མར་དཀོན་མཆོག་སྲི་ཞུའི་མགྲོན་ལ།
ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱུན༔
རྒྱལ་དགོངས་བརྡ་སྙན་རིག་འཛིན་སོགས༔
ཕ་གཅིག་བརྒྱུད་ལྡན་བླ་མར་འབུལ༔
དབང་བྱིན་དངོས་གྲུབ་རྒྱ་ཆེན་སྩོལ༔
གཉིས་འཛིན་རྣམ་རྟོག་གི་དྲི་མས་མ་བསླད་པའི་ཟག༷་མེད༷་དག་པ་ཡེ༷་ཤེས༷་ཀྱི་བདུད༷་རྩིའི༷་རྒྱུན༷་ཆད་པ་མེད་པའི་མཆོད་པའི་སྤྲིན་ཕུང་འདི་ཉིད། ད་ནི་རྒྱལ༷་བ་དགོངས༷་བརྒྱུད་དང་། རིག་འཛིན་བརྡ༷་བརྒྱུད། གང་ཟག་སྙན༷་བརྒྱུད་ཀྱི་རིག༷་པ་འཛིན༷་པ་སོགས༷་དང་། བྱིན་རླབས་ཀྱི་འབྱུང་གནས་ཕ༷་གཅིག༷་རྩ་བའི་བླ་མ་རྣམས་ཏེ། རྨད་བྱུང་བརྒྱུད༷་པའི་བཀའ་བཏགས་ཀྱི་ཕྱག་རྒྱ་ལྡན༷་པའི་དངོས་བརྒྱུད་ཀྱི་བླ༷་མར༷་འབུལ༷་ལགས་ན། དབང༷་དང་བྱིན༷་རླབས། མཆོག་ཐུན་གྱི་དངོས༷་གྲུ༷བ་རྒྱ༷་ཆེན༷་པོ་སྩོལ༷་ཅིག་ཅེས་པ་སྟེ། གཙང་སྨེའི་རྣམ་རྟོག་གིས་མ་སྦགས་པ་རང་བཞིན་གྱིས་ཡོངས་སུ་དག་པའི་ཐུན་མིན་ཡེ་ཤེས་ཀྱི་བདུད་རྩིའི་མཆོད་པ་སྐྱབས་གནས་དཀོན་མཆོག་གསུམ་དང་། བཀུར་འོས་རྩ་བ་གསུམ་གྱི་ལྷ་རྣམས་ལ་འབུལ་བར་བྱ་བ་ལ། དེའང་གཙོ་བོ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་། དེ་ཟུང་དང་ཐ་མི་དད་པའི་སྐུ་གསུམ་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་དུ་བཞུགས་པའི་སྟོན་པ་འཁོར་དང་བཅས་པ་རྣམས་སམ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་གཞན་ལ་དགོངས་པ་གཏད་པ་ཙམ་གྱིས་ཟབ་གསང་ཐུགས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པ་དེ་དག་གི་རྒྱུད་ལ་འཆར་བ་སྟེ། ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་རིགས་གསུམ་མགོན་པོ་སོགས་རྒྱལ་བ་དགོངས་བརྒྱུད་ཀྱི་བླ་མ་རྣམས་དང་། རིག་འཛིན་བརྡ་ཡི་བརྒྱུད་པ་སྟེ། བརྡ་དང་ཚིག་ཙམ་གྱིས་དོན་ཐད་ཀར་དུ་རྟོགས་པར་བྱེད་པའི་ལུགས་ཀྱི་རིག་པ་འཛིན་པ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་དང་། ཤྲཱི་སིངྷ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས།
དཀར་ཆག