དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

མཁའ་འགྲོ་མནྡྷ་ར་བ་སོགས་དང་། གང་ཟག་སྙན་བརྒྱུད་དེ། བླ་མའི་ཞལ་ནས་སློབ་མའི་སྙན་དུ་གདམས་པ་བླུགས་ནས་རྒྱུད་ལ་རྟོགས་པ་རྣལ་མ་འཁྲུངས་པ་བཻ་རོ་ཙ་ན་དང་རྒྱལ་བ་མཆོག་དབྱངས་སོགས་བརྒྱུད་པའི་བླ་མ་རྣམས་དང་། ཁྱད་པར་གཅོད་གཞུང་འདིའི་ཐུན་མོང་མ་ཡིན་པའི་བརྒྱུད་པ་ལ་འདུལ་ཆོས་ཀྱི་སྒྲོན་མ་སོགས་ལ། རང་ཉིད་ཀྱི་སྐུ་ལས་ལས་བྱེད་ཀྱི་མཁའ་འགྲོ་མ་གྲངས་མེད་པ་སྤྲོས་ཤིང་། དེ་དག་རྣམས་ཀྱིས་ཕྱག་ཏུ་ཀ་པཱ་ལ་བསྣམས་ནས། བདུད་རྩི་གང་བར་བཅུས་ནས་འབུལ་ཞིང། གཞན་ཡང་བདུད་རྩི་ཁོལ་བཞིན་པའི་རླངས་པ་སྤྲིན་ཕུང་མང་པོ་མཆེད་པ་རེ་རེའི་སྟེང་དུ། འདོད་ཡོན་རྣམ་ལྔའི་མཆོད་པ་སྣ་ཚོགས་ལེགས་པར་བཀོད་པ་འབུལ། དེ་ནས་མཆོད་ཡུལ་རྣམས་ཐུགས་ཤིན་ཏུ་ཚིམས་ནས། དེ་དག་གིས་བརྩེ་བ་ཆེན་པོའི་སྒོ་ནས་དབང་དང་བྱིན་རླབས་དངོས་གྲུབ་འཛད་མེད་རྒྱ་ཆེན་པོ་སྩོལ་བར་བསྒོམ། མགོན་པོ་ཡོན་ཏན་གྱི་མགྲོན་ལ།

དཀར་དམར་གཏོར་མ་ཏིང་འཛིན་འཕྲུལ༔
སྣང་སྲིད་ལྷ་སྲིན་སྡེ་བརྒྱད་སོགས༔
གཙང་རིས་མགོན་པོ་འཁོར་བཅས་བརྔན༔
བར་ཆད་སོལ་ལ་སྡོང་གྲོགས་མཛོད༔

དཀར༷་དམར༷་གྱི་གཏོར༷་མ༷་སྟེ་ཟག་མེད་མཆོད་པའི་དངོས་པོ་སྣ་ཚོགས་མ་ཚང་བ་མེད་ལ། ཡིད་དུ་འོང་བའི་སྤྲིན་གྱི་ཕུང་པོ་ཏིང༷་ངེ་འཛིན༷་གྱི་འཕྲུལ༷་ལས་བྱུང་བ་འདི་ནི། ཁྱེད་ཅག་ཕྱོགས་བཞི་མཚམས་བརྒྱད་དུ་གནས་པའི་སྣང༷་ཞིང་སྲིད༷་པའི་ལྷ༷་སྲིན༷་སྡེ༷་བརྒྱད༷་སོགས༷་དང་། གཙང༷་རིས༷་ཀྱི་མགོན༷་པོ༷་བདུན་ཅུ་རྩ་ལྔ་འཁོར༷་དང་བཅས༷་པ་ལ་བརྔན༷་ན། ཚེ་སྲོག་དབང་ཐང་དང་ཆོས་སྒྲུབ་པའི་བར༷་ཆད༷་སོལ༷་ལ། ལུས་དང་གྲིབ་མ་བཞིན་དུ་སྡོང༷་གྲོགས༷་མཛོད༷་ཅིག་ཅེས་པ་སྟེ། རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་འཕྲུལ་ལས་བྱུང་བའི་ཟག་མེད་འདོད་ཡོན་གྱི་ཕུང་པོ་ནམ་མཁའི་ཁམས་གང་བ། ས་གཞི་ཐམས་ཅད་ལ་ཁྱབ་པར་བསྐྱེད་ནས། མགྲོན་དུ་སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་སྤྱི་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཕྱོགས་སྐྱོང་བཅུ། གཟའ་བརྒྱད། རྒྱུ་སྐར་ཉེར་བརྒྱད། ཀླུ་ཆེན་བརྒྱད། འཇིགས་བྱེད་དགུ། ལྷ་ཆེན་བརྒྱད་བཅས་དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་ལ་འབུལ་ཚེ། དེ་དག་ཡིད་རབ་ཏུ་ཚིམས་ཤིང་། རྣལ་འབྱོར་པ་རང་གི་གྲོགས་སུ་ཁས་བླངས་པར་བསྒོམས། དེ་ནས་མགྲོན་རྣམས་ད་ནས་བཟུང་སྟེ་བདག་ཇི་སྲིད་འཚོའི་བར་དུ། བྱང་ཆུབ་སྒྲུབ་པའི་ལམ་ལ་བར་དུ་གཅོད་པའི་རྐྱེན་གེགས་ཐམས་ཅད་སེལ་བའི་སྡོང་གྲོགས་མཛོད་ཅིག་ཅེས་བསྐུལ་ཞིང་། དེ་དག་གིས་ཀྱང་དེ་བཞིན་དུ་སྒྲུབ་པར་དམ་བཅས་པར་བསྒོམ་པར་བྱ། བགེགས་རིགས་ལན་ཆགས་ཀྱི་མགྲོན་ལ།

གཉིས་སྣང་འཁྲུལ་བའི་རྒྱལ་གདོན་ལ༔
བདག་ལུས་ཤ་ཁྲག་རུས་ཚིལ་དང༔
བདག་འཛིན་ང་ཡི་ཕུང་པོ་འབུལ༔
གནོད་སེམས་མཁོན་འཛིན་ཞི་བར་ཤོག༔

ཆོས་ཀུན་རང་སྣང་རིག་པའི་ཆོ་འཕྲུལ་དུ་མ་གོ་བར། གཉིས༷་སྣང༷་འཁྲུལ༷་བའི༷་རང་གཟུགས་རྒྱལ༷་གདོན༷་བགེགས་ཀྱི་རིགས་རྣམས་ལ༷། དེ་རིང་གཅེས་འཛིན་ཅི་ཡང་མེད་པར། གཏོང་ཕོད་ཆེན་པོའི་བློའི་སྒོ་ནས་བདག༷་ལུས༷་ཀྱི་ཤ༷་ཁྲག༷་དང་། རུས༷་ཚིལ༷་དང༷་། ཡན་ལག་ཉིང་ལག་བཅས་ཏེ། ཚེ་འདིར་བདག༷་ཏུ་འཛིན༷་པའི་གཞི་ང༷་ཡི༷༷་ཕུང༷་པོ༷་འདི་ཉིད་འབུལ༷་ལགས་ན། ད་ནས་བཟུང་སྟེ། རྣལ་འབྱོར་པ་བདག་དང་། སེམས་ཅན་གཞན་ལ་བར་ཆད་རྩོམ་པའི་ཀུན་སློང་གནོད༷་སེམས༷་དང་། ཞེ་སྡང་མཁོན༷་འཛིན༷་རྣམས་ཞི༷་བར༷་ཤོག༷་ཅེས་པ་སྟེ། ཆོས་དབྱིངས་གདོད་མའི་ཀ་དག་གི་ཀློང་དུ་ལྷ་འདྲེ་གདོན་བགེགས་ཀྱི་མིང་ཙམ་མ་གྲུབ་ཀྱང་། མ་རིག་པའི་དབང་གིས་གཟུང་འཛིན་འཁོར་བའི་སྣང་བ་གྲུབ་ཚེ། ཚེ་སྲོག་ལུས་ལོངས་སྤྱོད་དང་། ཆོས་སྒྲུབ་པ་ལ་བར་དུ་གཅོད་མཁན། གཉིས་སྣང་འཁྲུལ་བའི་རང་གཟུགས་ཁོ་ནར་ཤར་བ་ལན་ཆགས་དང་འཕྲལ་དུ་བྱུང་བའི་གེགས་རྩོམ་པའི་བགེགས་རིགས་སྤྱི་དང་། ཞེ་སྡང་ལས་གྱུར་པའི་ཕོ་གདོན་སྟོང་ཕྲག་ཉི་ཤུ་རྩ་གཅིག །གཏི་མུག་ལས་གྱུར་པའི་ཀླུ་གདོན་སྟོང་ཕྲག་ཉི་ཤུ་རྩ་གཅིག །འདོད་ཆགས་ལས་གྱུར་པའི་མོ་གདོན་སྟོང་ཕྲག་ཉི་ཤུ་རྩ་གཅིག །དུག་གསུམ་གསུམ་ཆར་ལས་གྱུར་པའི་གདོན་འདྲེས་མ་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་གཙོ་འཁོར་བྲན་གཡོག་དང་བཅས་པ་ལྷགས་པ་ལ། བདག་འཛིན་གྱི་རྩ་བ་ཐད་ཀར་དུ་གཅོད་ཅིང་། ཟབ་མོ་གཅོད་ཡུལ་གྱི་རྟུལ་ཞུགས་མཐར་ཕྱིན་པའི་ཆེད་དུ། དེ་རིང་འཇིགས་མེད་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་བདག་གིས་ཕངས་པ་དང་ཞུམ་སེམས་ཅི་ཡང་མེད་པར། ད་སྔ་ཡན་ཆད་དུ་གཅེས་པར་བཟུང་བའི་ལུས་པོ་འདི་འབུལ་ན། ཁྱེད་ཅག་རྣམས་ཀྱིས་འཛེམ་དོགས་མེད་པར། ཤ་ལ་དགའ་བ་རྣམས་ཤ་ལ་རོལ། ཁྲག་ལ་དགའ་བ་རྣམས་ཁྲག་ལ་རོལ། རུས་དང་ཚིལ་ལ་དགའ་བ་རྣམས་རུས་དང་ཚིལ་ལ་རོལ་ཅིག་ཅེས་བསྐུལ་ཚེ། དེ་རྣམས་ཀྱིས་ལྟོགས་པ་ཟས་ལ་ཧབ་ཐོབ་ཏུ་རྒྱུགས་པ་བཞིན་དུ། ཡིད་ཚིམས་པར་རོལ་ནས། གནོད་སེམས་ཀྱི་ཀུན་སློང་རྣམས་སྤངས་ཤིང་། ད་ནས་བཟུང་སྟེ་བར་ཆད་མི་གཏོང་བའི་ཁས་བླངས་ནས་བདེ་བར་གནས་པར་བསྒོམ་མོ། །རིགས་དྲུག་སྙིང་རྗེའི་མགྲོན་ལ།

བདག་ལུས་མྱོང་གྲོལ་བདུད་རྩིའི་གཏེར༔
རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན༔
གང་ལ་གང་འདོད་ཆར་འབེབས་ནས༔
གཉིས་མེད་མཉམ་ཉིད་དོན་རྟོགས་ཤོག༔

ཏིང་འཛིན་དང་སྔགས་ཀྱི་ནུས་པ་རླབས་པོ་ཆེས་བདག༷་ལུས༷་ཟག་མེད་མྱོང༷་གྲོལ༷་གྱི་བྱིན་རླབས་ཅན་དུ་བསྒྱུར་བའི་བདུད༷་རྩིའི༷་གཏེར༷་ཆེན་པོ་ཅི་ལྟར་སྤྱོད་ཀྱང་རྫོགས་སུ་མེད་པ་འདི་ནི། ཡས་མཐོ་རིས་འགྲོ་བ་དང་། མས་ངན་སོང་གི་འགྲོ་བ་རིགས༷་དྲུག༷་གི་སེམས་ཅན་སྙིང༷་རྗེའི༷་མགྲོན༷་དུ་གྱུར་པ་རྣམས་ལ༷་རིས་སུ་མ་ཆད་པར་སྦྱིན༷་པ་བྱ་ཞིང་། གང༷་ལ༷་གང༷་འདོད༷་ལྟར་དུ་ཡིད་དུ་འོང་ཞིང་ཕུན་སུམ་ཚོགས་པའི་འདོད་ཡོན་གྱི་དངོས་པོའི་འགྱེད་ཆར༷་ལྟར་འབེབས༷་པ་འདི་ལ་བརྟེན་ནས༷། རང་གཞན་འགྲོ་བ་ཀུན་གྱིས་འཁོར་འདས་གཉིས༷་མེད༷་དང་སྐྱིད་སྡུག་མཉམ༷་པ་ཉིད༷་ཀྱི་དོན༷་རྟོགས༷་པར་ཤོག༷་ཅིག་ཅེས་པ་སྟེ། བདེན་གཉིས་དག་མཉམ་གྱི་ལྟ་བ་དང་། སྔགས་ཀྱི་ནུས་པ་ཟུང་གིས་དྲི་ཚོར་བ་དང་ཁར་རེག་པ་ཙམ་གྱིས་བདེ་སྟོང་གི་ཡེ་ཤེས་སྐྱེད་ནུས་པར་བྱིན་གྱིས་བརླབས་པའི་བདག་ལུས་མྱོང་གྲོལ་བདུད་རྩིའི་དགའ་སྟོན་ཆེན་པོ་འདི། བྱམས་དང་སྙིང་རྗེ་ཚད་མེད་པའི་སྒོ་ནས། ལྷ་དང་ལྷ་མ་ཡིན་སོགས་རིགས་དྲུག་གི་འགྲོ་བ་མ་ལུས་པར་འགྱེད་པ་ལ། དེ་དག་ཐམས་ཅད་ཀྱིས་བློ་དགའ་བའི་ངང་ནས་ལོངས་སུ་སྤྱོད་ཅིང་། གོས་འདོད་པ་ལ་གོས་ཐོབ། ཟས་འདོད་པ་ལ་ཟས་ཐོབ། སྨན་འདོད་པ་ལ་སྨན་ཐོབ་པར་བསྒོམ། སྦྱིན་པ་རྒྱ་ཆེན་པོ་འདི་ཡི་བསོད་ནམས་ལ་བརྟེན་ནས། རང་གཞན་ཀུན་གྱིས་རིག་རྩལ་འཁོར་འདས་སྐྱིད་སྡུག་བཟང་ངན་གྱི་ཡོ་ལང་ཐམས་ཅད་ཆོས་ཀྱི་དབྱིངས་ཆེན་པོར་ཐ་མི་དད་པར་རྟོགས་ནས། སྡུག་བསྔལ་གྱི་གཟེབ་ལས་གཏན་དུ་ཐར་ཏེ། ཀུན་བཟང་གདོད་མའི་བཙན་སར་བསྙེག་པར་ཤོག་ཅིག་ཅེས་སྨོན་ནོ། །དགུ་པ་ལྷག་མ་འགྱེད་པ་ནི།

ཚེ་རབས་ལན་ཆགས་ཤ་མཁོན་རྣམས༔
སྤྱན་རས་གཟིགས་དང་དབྱེར་མེད་གྱུར༔
ཨོཾ་མ་ཎི་པདྨེ་ཧཱུཾ༔

ཚེ༷་རབ༷ས་ཐོག་མ་མེད་པ་ནས་བསགས་པའི་ལན༷་ཆགས༷་བསྙེགས་ཤིང་། ད་དུང་ཤ༷་འཁོན༷་མ་དོར་པའི་མགྲོན་པོ་རྣམས༷་དང་། གློ་བུར་དུ་ལྷགས་པའི་ཁས་ཉན་དབང་ཆུང་བའི་འབྱུང་པོ་སོགས་ལའང་བྱམས་ཤིང་བརྩེ་བའི་ངང་ནས་མྱོང་གྲོལ་འགྱེད་ཀྱི་ལྷག་མ་སྦྱིན་ཞིང་། དེ་དག་གི་ངོར་འཁོར་བའི་འཁྲུལ་སྣང་གི་སྡུག་བསྔལ་ཞིག་སྟེ། ཐམས་ཅད་མགོན་པོ་སྤྱན༷་རས༷་གཟིག༷ས་དང༷་དབྱེར༷་མེད༷་པར་གྱུར༷་ཅེས་ཏེ། ཀུན་རྫོབ་སྒྱུ་མའི་འཁྲུལ་འཁོར་ཆེན་པོ་དབྱིངས་སུ་མ་སད་པའི་འཁོར་བ་རྨི་ལམ་གྱི་ཀློང་ལྟ་བུར། བདེན་པར་མེད་བཞིན་དུ་དངོས་པོར་འཛིན་པའི་དབང་གིས། ཚེ་རབས་མང་པོར་བསགས་པའི་ལན་ཆགས་ཀྱི་རྗེས་དེད་ཅིང་། མ་དག་པའི་ལས་ཀྱིས་བསྐྱེད་པའི་གློ་བུར་དུ་ལྷག་པའི་འབྱུང་པོ་དབང་ཆུང་བ། ཁས་ཞན་པ། གཟི་བརྗིད་ཉམས་པ། འོན་པ། ཞར་བ། ལོང་བ། གཞན་གྱིས་བརྙས་བཅོས་བྱེད་ཡུལ་རྣམས་ཕངས་པ་མེད་པར་ལྷག་མའི་བདུད་རྩིའི་འགྱེད་སྦྱིན་པ་ན། དེ་རྣམས་ཀྱིས་སྐྱི་གཡའ་བ་དང་བྲེལ་བ་མེད་པར་བག་ཕེབས་ངང་དུ་རོལ་ནས། ནད་ཀྱིས་མནར་བ་རྣམས་ནད་ལས་ཐར། དབང་པོ་མི་ལྡན་པ་དག་ལ་དབང་པོ་ཚང་། བློ་སྡུག་བསྔལ་བ་དག་ལ་བདེ་བ་རྒྱས། དེ་དག་གི་ལུས་ལ་སྔར་མེད་པའི་བཀྲག་མདངས་ཤར་བར་བསྒོམ། དེ་ནས་མཐར་ལྷ་འདྲེ་རྣམས་ཀྱི་སེམས་རྒྱུད་དང་མགོན་པོ་སྤྱན་རས་གཟིགས་ཀྱི་ཐུགས་གཉིས་ཀ་ཆུ་ལ་ཆུ་བཞག་པ་བཞིན་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རུ་འཕོས་པར་བསྒོམས་ཏེ། ཡི་གེ་དྲུག་མ་ཅི་ནུས་སུ་བཟླ་བར་བྱ། མཐར་མགྲོན་རྣམས་རང་རང་གི་གནས་སུ་ཞལ་མཛུམ་མུལ་ལེ།