དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

སེམས་དགའ་ལྷང་ངེའི་ངང་དུ་དེངས་སྙམ་པར་བྱའོ། །གལ་ཏེ་དམར་མཆོད་བྱ་ན། རང་གི་རྣམ་པར་ཤེས་པ་དེ་ཉིད་ཕཊ་ཅེས་བརྗོད་པ་ཙམ་གྱིས་ནམ་མཁའི་དབྱིངས་སུ་ཡར་ཐོན་པ་དང་ཆབས་ཅིག་ཏུ། རྣལ་འབྱོར་མ་མ་ཅིག་དམར་མོའི་སྐུར་བཞེངས་པ་དེས། ཕྱག་གཡས་པའི་གྲི་གུག་ཚད་ཙམ་གྱིས་མར་གན་རྐྱལ་དུ་འགྱེལ་བའི་བེམ་པོའི་པགས་པ་བཤུས་པའི་སྟེང་དུ། ཤ་ཚིལ་ཁྲག་དང་། གློ་སྙིང་རྒྱུ་མའི་འདོད་ཡོན་བཀྲམས་པ་དེ་དག་ཡིད་འོང་རོ་བརྒྱ་ལྡན་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཕུང་པོར་བྱིན་གྱིས་བརླབས་ཏེ། གདོན་འདྲེ་འགོང་པོ། ཕོ་གདོན་རྒྱལ་པོ། མོ་གདོན་བསེན་མོ། ཟ་འདྲེ། ཤི་གཤེད། གནོད་སྦྱིན་ཕོ་མོ། ཤ་ཟའི་རིགས་རྣམས་མགྲོན་དུ་བོས་ནས། དེ་དག་གིས་སྤྲོ་བཞིན་དུ་ཤ་ཁྲག་བཟའ་བཏུང་ལ་རོལ་ནས། ཡིད་ཚིམ་ཞིང་རྒྱུད་ལ་གདུག་སེམས་ཞི། དེ་དག་གི་རྒྱུད་ལ་རྩོལ་བ་མེད་པར་དོན་དམ་བྱང་ཆུབ་ཀྱི་སེམས་འཁྲུངས་ཏེ། མཐར་སྤྱན་རས་གཟིགས་དང་དབྱེར་མེད་པར་གྱུར་ནས་གྲོལ་བར་བསམ། བཅུ་པ་ཆོས་སྦྱིན་འགྱེད་པ་ནི།

སྐར་མ་རབ་རིབ་མར་མེ་དང༔
སྒྱུ་མ་ཟིལ་པ་ཆུ་བུར་དང༔
རྨི་ལམ་གློག་དང་སྤྲིན་ལྟ་བུ༔
འདུས་བྱས་ཆོས་རྣམས་དེ་ལྟར་བལྟ༔

དཔེར་ན། སྐར༷་མ༷་དང་། རབ༷་རིབ༷། མར༷་མེ༷་དང་། དེ་བཞིན་དུ་སྒྱུ་མ༷། ཟིལ་པ༷། ཆུ༷་བུར༷་དང༷་། རྨི༷་ལམ༷། གློག༷་དང༷་། སྤྲིན༷་ལྟ༷་བུ༷་སྟེ། རྒྱུ་རྐྱེན་ལས་བྱུང་བའི་འདུས་བྱས་ཀྱི་ཆོས་རྣམས་ནི་དེ༷་ལྟར༷་སྣང་ཡང་རང་བཞིན་གྱིས་མ་གྲུབ་པར་བལྟ་ཞེས་པ་སྟེ། གཅོད་གཞུང་གཞན་གྱི་འགྲོ་སྟངས་ལྟར་ན། ཆོས་ཀྱི་སྦྱིན་པ་བཏང་ཚར་བའི་རྗེས་སུ་མགྲོན་རྣམས་སྤྱན་རས་གཟིགས་ཀྱི་སྐུར་གྱུར་པར་སྒོམ་པ་ཡིན་མོད་ཀྱང་། རྩ་གཞུང་འདིའི་ལུགས་ལ། མགྲོན་ཐམས་ཅད་སྤྱན་རས་གཟིགས་དང་དབྱེར་མེད་དུ་གྱུར་ནས་གྲོལ་བ་ཐོབ་པར་སྙམ་པའི་རྗེས་སུ། གལ་ཏེ་གྲོལ་མ་ནུས་པའི་འབྱུང་པོ་སོགས་མགྲོན་གྱི་རིགས་མཆིས་སྲིད་ན། དེ་དག་གི་རྒྱུད་ལ་བྱམས་སོགས་དགེ་བའི་བློ་དང་ཤེས་རབ་སྐྱེ་བའི་ཕྱིར་དུ་སླར་ཡང་ཆོས་ཀྱི་སྦྱིན་པ་གཏོང་བའོ། །གོང་གི་ཚིགས་བཅད་ནི་མདོར་བྱུང་ཞིང་། རྒྱལ་བའི་གསུང་རབ་མཐའ་དག་གིས་བསྟན་པའི་དོན་གྱི་སྙིང་པོ་གཅིག་ཏུ་འདུས་པའི་གསུང་གལ་པོ་ཆེ་ཟབ་ཅིང་བརླིང་བ་ཡིན་པ་མ་ཟད། ལུང་མཚན་ཉིད་ཐེག་པའི་གཞུང་ལྟར་དུ་འགྲེལ་ལུགས་དང་། མན་ངག་ཡང་གསང་རྫོགས་པ་ཆེན་པོའི་ལུགས་ལྟར་དུ་འགྲེལ་སྟངས་གཉིས་ཡོད་པ་ལས། ཕྱི་མ་ལྟར་ན། ཅིར་ཡང་མ་ཡིན་པ་ཐོག་མའི་གཞི་དབྱིངས་འདུས་མ་བྱས་པ་ནམ་མཁའ་ལྟར་དུ་གནས་པ་ལས། རིག་པ་བྱང་ཆུབ་སེམས་ཀྱི་རང་མདངས་གཞི་སྣང་གི་བཀོད་པ་མུ་མེད་པ་གཞན་དུ་མ་གྲུབ་པར། མེ་ལོང་ལ་གཟུགས་བརྙན་སྣ་ཚོགས་ཅིར་ཡང་བཀྲ་བ་ལྟར་དུ། བདེན་པར་མེད་བཞིན་དུ་འགག་པ་མེད་པར་རིག་པ་རང་གི་ངོར་སྣང་བ་ལ། ཐོག་མའི་མ་རིག་པའི་སླད་ཞུགས་པའི་དབང་གིས་རང་སྣང་གཞན་དུ་བཟུང་ནས། འཁོར་བའི་ཆོས་ཏེ་རང་གཞན་སྣོད་བཅུད་སྐྱིད་སྡུག་གི་ཆོ་འཕྲུལ་ཐ་དད་པ་བྱུང་སྟེ། བདག་འཛིན་རེ་དོགས་ཀྱི་སྡུག་བསྔལ་གྲངས་མང་སྤྱོད་ཀྱང་། དེ་དག་ཐམས་ཅད་རང་སྣང་ཇི་བཞིན་མ་རྟོགས་པར་ཕར་ཡུལ་དུ་བཅད་ནས་བདེན་བདེན་འདྲ་པོར་སྣང་བ་ཙམ་དུ་ཟད་ཅིང་། དོན་དུ་རྨི་ལམ་རྨིས་པའི་སྣང་བ་ལྟ་བུ་ལས་ཅུང་ཙམ་དངོས་པོར་མ་གྲུབ་པས་ན། ད་ལྟའི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་པར་མེད་ཅིང་ངོ་བོས་སྟོང་པ་སྒྱུ་མ་དང་སྨིག་རྒྱུ་སོགས་བཞིན་དུ་སྣང་ལ་བདེན་པར་མ་གྲུབ་པར་ངེས་ནས། དོན་དམ་རིག་པའི་ཆོ་རོལ་དུ་ཙམ་དུ་བལྟ་བར་བྱའོ་ཞེས་སྐུལ་ནས། མ་གྲོལ་བར་ལུས་པའི་མགྲོན་གང་མཆིས་པ་རྣམས་ལ་ཆོས་ཀྱི་སྦྱིན་པ་འགྱེད་པའོ། །རྫོགས་པ་ཆེན་པོའི་ལུགས་ལྟར་དུ་ཆོས་ཐམས་ཅད་སྒྱུ་མར་སྒྲུབ་ཚུལ་ཞིབ་པར་རྟོགས་འདོད་པ་དག་གིས་ཀུན་མཁྱེན་ཀློང་ཆེན་པའི་སྒྱུ་མ་ངལ་གསོར་གཟིགས་ན་ལེགས་ཏེ། དེར་ལེའུ་བདུན་དུ་རྨི་ལམ་སོགས་སྒྱུ་མའི་དཔེ་རྣམས་བཀོད་ནས་ལུང་དང་རིགས་པ་རྨ་མེད་པའི་སྒོ་ནས་ཆོས་རྣམས་སྒྱུ་མར་གཏན་ལ་ཕབ་པར་མཛད་ཡོད་པ་མ་ཟད། དེ་ཀློག་པ་ཙམ་གྱིས་ཀུན་མཁྱེན་བླ་མ་ནི་ཐོག་མའི་མགོན་པོ་ཞལ་དངོས་ཉིད་ཞིང་འདིར་ཐུན་མིན་རྫོགས་པ་ཆེན་པོའི་བསྟན་པའི་རྒྱལ་མཚན་སྒྲེང་བར་བྱོན་པ་ལོས་ཡིན་སྙམ་པའི་ངེས་ཤེས་དབང་མེད་དུ་འཆར་འོང་བ་ཡོད། དཔེར་ན་དེ་ཉིད་ཀྱི་ལེའུ་གཉིས་པར། ཁོང་གིས་ཡུམ་བར་མ་དང་། ཕྱིར་མི་ལྡོག་པའི་མདོ། ཡེ་ཤེས་རྔམ་གློག་སོགས་མདོ་རྒྱུད་ཀྱི་གཞུང་དག་ལ་ཁུངས་བཅོལ་ནས། ཆོས་ཐམས་ཅད་སྒྱུ་མར་སྒྲུབ་པ་ལ། གཞི་དང་ལམ་དང་འབྲས་བུའི་སྒྱུ་མ་གསུམ་དུ་དབྱེ་བ་མཛད་པ་སོགས་ཀྱིས་མཚོན་ནོ། །གཞན་ཡང་གཏེར་གཞུང་ཚད་ལྡན་རྣམས་སུ་གསང་ཆེན་ཨ་ཏི་ཡོ་གའི་ཐུན་མོང་མ་ཡིན་པའི་གྲུབ་མཐའི་གཞུང་དང་མཐུན་པར་འདི་སྣང་འཁོར་བའི་ཆོས་ཐམས་ཅད་སྒྱུ་མར་བསྒྲུབས་ཡོད་དེ། སྤྲུལ་བའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་ཀུན་གྱི་ཡང་སྙིང་ལྟ་བུ་ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད་ལས། དེ་ཕྱིར་ཀ་དག་ཆེན་པོའི་རོལ་པ་ལས༔ མ་དག་འཁོར་བའི་སྣང་སེམས་མཆེད་པ་ནི༔ བདག་རྟོག་ཕྲ་བས་ཤེས་རབ་ཡེ་ཤེས་སྒྲིབ༔ གཞི་ཡི་མདངས་གདངས་ལྷུམས་སུ་ནུབ་པ་ལས༔ ཕྱི་གདངས་འཁོར་བའི་ཀུན་གཞི་ལུང་མ་བསྟན༔ བེམ་སྟོང་མཁའ་ལས་གསལ་བའི་ཆ་མངོན་ཞིང༔ ངར་འཛིན་ཤེས་པ་སྣང་སེམས་མཆེད་གཞིར་ལངས༔ ཡིད་ཉིད་གཅིག་པུ་འཆར་རུང་གཞིར་གྲུབ་ནས༔ རྣམ་པར་ཤེས་པ་དྲུག་གི་གཡོ་འགྱུ་ལས༔ མ་ངེས་སྣང་ཡུལ་སྒྱུ་མའི་འཕྲུལ་བཞིན་སྣང༔ ཞེས་གསུངས་ཏེ། ཡེ་གཞི་ཀ་དག་ཕྱོགས་ཡན་ཆེན་པོ་ནམ་མཁའ་རྒྱ་ཁྱོན་ཚད་མེད་པ་ལྟ་བུ། འཁོར་འདས་དང་དགེ་མི་དགེ་གང་གི་མཐར་མ་ལྷུང་བ། གྲོལ་ཏེ་སངས་རྒྱས་མ་བྱུང་བ། འཁྲུལ་ཏེ་སེམས་ཅན་མ་བྱུང་བ། གློ་བུར་རྐྱེན་གྱིས་ཅིར་ཡང་འཆར་རུང་བར་གནས་པ་ལ། བདག་རྟོག་ཤིན་ཏུ་ཕྲ་བ་ལངས་ནས་གནས་ལུགས་མཁྱེན་པའི་རང་བྱུང་གི་ཤེས་རབ་དང་། གཞིར་གནས་ལྷུན་གྲུབ་ཡེ་ཤེས་རྣམས་བསྒྲིབས་ཚེ། གཞི་ཡི་མདངས་གདངས་ལྷུམས་སུ་རེ་ཞིག་ནུབ་པ་ན། ཕྱི་གདངས་ཀྱི་ཚུལ་དུ་འཁོར་བའི་གཞི་ལུང་མ་བསྟན་གྱི་ཀུན་གཞི་བྱུང་ཞིང་། དེ་ལས་རླུང་རྒྱུ་བའི་དབང་གིས། སྣང་བ་སྣ་ཚོགས་འཆར་བའི་གོ་མ་འགགས་པའི་རྐྱེན་དུ་གསལ་ཆ་མ་འགགས་པ་ཞིག་ཤར་བ་ལ། ངའོ་སྙམ་པའི་ངར་འཛིན་གྱི་ཤེས་པ་རགས་པ་ཉིད་སྣང་སེམས་ཐམས་ཅད་ཀྱི་མཆེད་གཞིར་ལངས་ཏེ། དེ་ཉིད་ལས་ཡིད་ཉིད་གཅིག་པུ་སྣང་སེམས་ཐམས་ཅད་འཕྲོ་བའི་མཆེད་པའི་གཞིར་ཤར་བ་ན། དེ་ལ་བརྟེན་ནས་སྒོ་ལྔའི་རྣམ་པར་ཤེས་པ་དྲུག་གཡོ་ཞིང་འགྱུ་བའི་རྩལ་ལས། ཁམས་གསུམ་རིགས་དྲུག །ཉིན་མཚན། རི་ར་བ་ཁང་ཁྱིམ། ཡག་སྡུག །དགྲ་གཉེན། དུས་དང་བསྐལ་པ་སོགས་བདེན་པར་གྲུབ་པ་མེད་ཀྱང་སྒྱུ་མ་ལྟར་དུ་སྣང་བཞིན་པའོ། །བཅུ་གཅིག་པ་གཟུགས་སྣང་ཐམས་ཅད་དབྱིངས་སུ་བསྡུ་བ་ནི།

སྨྲ་བསམ་བརྗོད་བྲལ་རང་བྱུང་གཉུག་མའི་ངང༔
རིག་པ་སྟོང་གསལ་རྗེན་པ་དབུ་མའི་དབྱིངས༔
སྦྱིན་བྱ་སྦྱིན་བྱེད་འཁོར་གསུམ་དམིགས་མེད་གཤིས༔
བློ་བྲལ་རྫོགས་པ་ཆེན་པོའི་ཀློང་དུ་ཨ༔

སྨྲ༷་བསམ༷་བརྗོད༷་བྲལ༷་ཆོས་ཀྱི་དབྱིངས་གནས་ལུགས་འཕོ་འགྱུར་མེད་པའམ། གྲྭ་ཟུར་མེད་པའི་ཐིག་ལེ་ཉག་གཅིག་གི་ཀློང་ཆེན་པོ་རང༷་བྱུང༷་ཀ་དག་གཉུག༷་མའི༷་ངང༷་སྟེ། ཡུལ་ཅན་ལྟར་ན་ཆོས་ཉིད་ཀྱི་རིག༷་པ༷་འདུས་མ་བྱས་པ་སྟོང༷་གསལ༷་རྗེན༷་པ༷། ཡུལ་ལྟར་ན་རྣམ་ཐར་གསུམ་ལྡན་གནས་ལུགས་དབུ༷་མའི༷་དབྱིངས༷། དོན་དུ་ཐ་མི་དད་པ་མཚན་མ་ཀུན་བྲལ་རང་རིག་ཀ་དག་ཕྱོགས་ཡན་ཆེན་པོའི་ཁོར་ཡུག་གི་སྦུབས། སྦྱིན༷་བྱ༷་དང་། སྦྱིན༷་བྱེད༷་སོགས་འཁོར༷་གསུམ༷་གྱི་དམིགས༷་པ་རྡུལ་ཙམ་ཡང་མེད༷་པ་ཆོས་ཐམས་ཅད་ཀྱི་གདོད་མའི་གཤིས༷་ལུགས། བློ༷་བྲལ༷་འོད་གསལ་རྫོགས༷་པ༷་ཆེན༷་པོའི༷་དགོངས་ཀློང༷་དུ༷་ཨ༷་ཞེས་པ་སྟེ། དེ་ནས་རང་དང་སྤྱན་རས་གཟིགས་ཀྱི་སྐུར་གསལ་བའི་མགྲོན་ཐམས་ཅད་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་དུ་ཞི་ནས། རེ་ཞིག་སྤྲོས་བྲལ་སེམས་ཉིད་རྣམ་དག་སྤྲིན་བྲལ་གྱི་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་གཞག་པར་བྱ། འཇོག་ཚུལ་ནི། མེ་ལོང་ནང་དུ་དཀར་དམར་གྱི་གཟུགས་བརྙན་ཤར་བ་དག་ཀྱང་། སྣང་བཞིན་དུ་བདེན་པར་གྲུབ་པའི་ཆ་ཅུང་ཙམ་མེད་པ་དང་འདྲ་བའི་སྣང་སྟོང་སྒྱུ་མ་ལྟ་བུའི་གཟུགས་སྣང་ཐམས་ཅད་སྟོང་ཆེན་གྱི་དབྱིངས་སུ་ཐིམ་སྟེ། དེ་ཡང་བྱ་རྒོད་མཁའ་ལ་ལྡིང་བའི་རྗེས་སུ་ཤུལ་མི་རྙེད་པ་བཞིན་དུ། མ་དག་པ་ལྟ་ཅི། དག་པའི་སྣང་བ་མཆིས་སོ་ཅོག་དབྱིངས་སུ་ཐིམ་ནས་གཟུགས་སྣང་གི་དངོས་པོ་རྡུལ་ཕྲ་རབ་ཙམ་མ་ལྷག་པར་བསྒོམས་ནས། དུས་གསུམ་གྱི་རྣམ་རྟོག་གིས་མ་བསླད་པའི་རིག་པ་ཟང་ཐལ་བའི་ངང་དུ་གནས་ཤིང་། དགག་བྱ་དང་བསྒྲུབ་བྱ་སོགས་གཉིས་སྣང་གི་རྩོལ་བ་རྣམས་ཞིག་པའི་ཀློང་དུ་གནས་ཏེ། ཐ་མལ་གཟུང་འཛིན་མི་དགེ་བའི་རྣམ་རྟོག་རང་མཚན་པ་དང་ཐ་མལ་གྱི་བྱ་སྤྱོད་རྣམས་ལྟ་ཅི་སྨྲོས། སྦྱིན་བྱ་དང་སྦྱིན་བྱེད་སོགས་དགེ་བར་གྱུར་པའི་སྤྲོས་པའི་མཚན་མ་རྣམས་ཀྱང་རྩད་ནས་ཟད་པའི་ཡེ་དག་ཆོས་ཉིད་ཆེན་པོའི་ངང་དུ་བདེ་བར་ངལ་གསོ་བར་བྱ། བཅུ་གཉིས་པ་མཐར་བསྔོ་བས་མཇུག་བསྡུ་བ་ནི།

དགེ་འདིས་རྒྱལ་སྲས་སྤྱོད་པ་མཐར་ཕྱིན་ནས༔
སྣང་སྲིད་ལྷ་འདྲེ་གཞི་ཀློང་གྲོལ་བར་ཤོག༔

ཐ་མལ་གྱི་རྣམ་རྟོག་རགས་པ་ཕངས་སེམས་དང་། ཕྲ་བ་འཁོར་གསུམ་གྱི་འདུ་ཤེས་ཀྱིས་མ་གོས་པར། ཟག་མེད་བདུད་རྩིའི་འགྱེད་ཆེན་པོ་བཏང་བའི་དགེ༷་བ་འདིས༷། སྦྱིན་སོགས་རྒྱལ༷་བའི་སྲས༷་ཀྱི་སྤྱོད༷་པ༷་རླབས་པོ་ཆེ་མཐར༷་ཕྱིན༷་ནས༷། རྣམ་རྟོག་གི་རང་གཟུགས་ཤར་བ་ཙམ་ལས་མ་འདས་པའི་སྣང༷་ཞིང་སྲིད༷་པའི་ལྷ༷་འདྲེ༷་ཡོད་ཚད་གདོད་མའི་གཞི༷་ཀློང༷་ཆེན་པོར་མི་རིང་བར་གྲོལ༷་བར༷་ཤོག༷་ཅིག་ཅེས་པ་སྟེ། སྤྱིར་ཐེག་པ་ཆེན་པོའི་ལུགས་ལ་དགེ་བའི་རྩ་བ་ཐམས་ཅད་བསྔོ་བས་རྒྱས་གདབ་དགོས་པ་དམ་པ་གོང་མ་རྣམས་ཀྱི་དགོངས་བཞེད་རྣལ་མ་ཡིན་ཏེ། དེའི་མཐུས་དགེ་བའི་རྩ་བ་རྒྱུན་མི་ཆད་པར་གོང་ནས་གོང་དུ་འཕེལ་བའི་རྟེན་འབྲེལ་གྱི་ཁྱད་ཆོས་མི་བསླུ་བ་ཡོད་པས་ན། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང༌། །རྒྱ་མཚོ་མ་སྐམ་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་གསུངས། བསྔོ་བའི་ཚུལ་ལ། མངོན་མཐོ་སྲིད་པའི་ཕུན་སུམ་ཚོགས་པ་ལ་དམིགས་པའི་བདག་ལྟས་བསླད་པའི་དགེ་བའི་རྩ་བ་རྣམས་ནི། བསོད་ནམས་ཆ་མཐུན་གྱི་ཁོངས་སུ་གཏོགས་ཤིང་། དགེ་བའི་འབྲས་བུ་ལ་ལན་གཅིག་ལོངས་སུ་སྤྱད་པའི་རྗེས་སུ་རྫོགས་པར་འགྱུར་བ་ནི། དཔེར་ན་ཚོང་སོགས་འཇིག་རྟེན་གྱི་སོ་ཚིས་ལ་མི་མཁས་པའི་སྤྲང་པོས་ནོར་ཅུང་ཟད་རྙེད་པ་བཞིན་ཏེ། ཁོ་ལ་མི་གཞན་གྱིས་ཟས་ནོར་རེ་སྦྱིན་ཡང་།