དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

བསོག་སྲུང་སྤེལ་བའི་ཐབས་ལ་རྨོངས་པའི་དབང་གིས། དེ་དག་སྤྱད་ནས་སླར་འཁྱག་ལྟོགས་ཀྱི་སྡུག་བསྔལ་མྱོང་བར་འགྱུར་བ་ལྟ་བུའོ། །དེ་ལས་ལྡོག་སྟེ། འཇིག་རྟེན་གྱི་འཚོ་བའི་ཐབས་ལ་མཁས་པའི་ཚོང་པ་དག་གིས་རྒྱུ་ནོར་གཅིག་ལ་བརྟེན་ནས་མང་དུ་སྤེལ་བ་བཞིན་དུ། བསྔོ་བའི་སྟོབས་ཀྱིས་དགེ་བའི་རྩ་བ་དག་མི་ཉམས་པར་བྱང་ཆུབ་མ་ཐོབ་བར་དུ་གོང་ནས་གོང་དུ་འཕེལ་བར་འགྱུར། བསྔོ་བའང་ཐེག་པ་ཆེན་པོའི་ཀུན་སློང་དང་མ་བྲལ་བར་དགོས་ཀྱི། གཞན་ཉན་རང་སོགས་ཀྱིས་འདོད་པའི་གོ་འཕང་ཙམ་གྱི་ཆེད་དུ་དགེ་བའི་རྩ་བ་བསྔོ་བར་མི་བྱ་སྟེ། ཡུམ་བར་མ་ལས། རབ་འབྱོར་དགེ་བའི་རྩ་བ་འདི་ནི་སངས་རྒྱས་ཀྱི་ས་ཁོ་ནར་བསྔོ་བར་བྱ་ཡི། ཉན་ཐོས་དང་རང་སངས་རྒྱས་དང་། དེ་ལས་གཞན་གྱི་སར་ཡང་བསྔོ་བར་མི་བྱ་སྟེ། ཞེས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ནས་གཞན་དོན་དུ་དགེ་བའི་རྩ་བ་བསྔོ་དགོས་ཀྱི། རང་དོན་ཆེད་དུ་གཉེར་བའི་སྒོ་ནས་མངོན་མཐོའི་གོ་འཕང་ངམ་ཐར་པ་ཐོབ་པའི་རྒྱུར་བསྔོས་ན། ཐེག་པ་དམན་པའི་སར་ལྟུང་བའི་སྐྱོན་སོགས་འབྱུང་བར་འགྱུར་བས། དེ་ཉིད་ལས། དེ་ཡང་སེམས་ཅན་ཐམས་ཅད་ལ་བསྔོ་ཡི། རང་གི་ཡོངས་སུ་ཐོབ་པ་ཙམ་གྱི་དོན་དུ་ནི་མ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས། འདི་ནི་རྩ་གཞུང་གི་ཚིག་གིས་དངོས་སུ་བསྟན་པའི་དོན་ཡང་ཡིན་ཏེ། རྒྱལ་བའི་སྲས་ཀྱི་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་ལ་གོ་ཞིང་། སྦྱིན་པ་ལྟ་བུར་མཚོན་ན། སོ་སོའི་སྐྱེ་བོ་གང་ཞིག་གིས་སེམས་བསྐྱེད་ཀྱི་རྩིས་མ་ཟིན་པའི་སྒོ་ནས། གཞན་ལ་ནོར་སོགས་ཀྱི་སྦྱིན་པ་གཏོང་ཡང་། དེ་ལ་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཞེས་པའི་ཐ་སྙད་འདོགས་མི་རུང་བ་ཡིན། སེམས་བསྐྱེད་ཀྱིས་ཟིན་ན། ཐ་ན་གཞན་ལ་ཟས་ཁམ་གང་སྦྱིན་པའང་རྒྱལ་བའི་སྲས་ཀྱི་སྤྱོད་པར་ངང་ངམ་ཤུགས་ཀྱིས་འགྱུར་བས། རང་གཞན་འགྲོ་བ་ཀུན་གྱིས་ངེས་ལེགས་གཏན་བདེ་བླ་ན་མེད་པའི་གོ་འཕང་ལ་དབང་སྒྱུར་བའི་ཆེད་དུ། ཀུན་སློང་རྣམ་པར་དག་པའི་སྒོ་ནས་དགེ་བའི་རྩ་བ་བསྔོས་ཚེ། བསྔོ་བར་བྱ་བའི་དགེ་བ་དང་བསྔོ་བ་ཉིད་ཀྱང་དེ་མ་ཐག་ཏུ་རྒྱལ་བའི་སྲས་ཀྱི་སྤྱོད་པའི་ཁོངས་སུ་ཚུད་པའི་དགོས་པ་ཡོད། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ཐེག་པ་ཆེན་པོའི་ཀུན་སློང་དང་མ་བྲལ་བར། དེ་དག་ལ་གཞིར་བཅོལ་ན་ལུས་ངག་གི་དགེ་བ་ཁོ་ན་མ་ཡིན་པར། འཇིག་རྟེན་གྱི་བྱ་སྤྱོད་ཐམས་ཅད་ཀྱང་རྒྱལ་བའི་སྲས་ཀྱི་སྤྱོད་པར་འགྱུར་ཏེ། མདོ་སྡེ་རྒྱན་ལས། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་བ། །དེ་ལྟ་དེ་ལྟར་རིགས་ཤིང་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །ཞེས་དང་། འཕགས་པ་ལྷས། བསམ་པས་བྱང་ཆུབ་སེམས་དཔའ་ལ། །དགེ་བའམ་འོན་ཏེ་མི་དགེ་རུང་། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་སེམས་དེ་གཙོ་བའི་ཕྱིར། །ཞེས་གསུངས་པ་ལྟར། གསུང་རབ་ཐོས་བསམ་བྱེད་པ་དང་། ཏིང་ངེ་འཛིན་ལ་གཞོལ་བ་དང་། སྦྱིན་པ་གཏོང་བ་སོགས་དགེ་བའི་ལས་ལ་དངོས་སུ་སྤྱོད་པའི་དུས་ཁོ་ན་མ་ཡིན་པར་། ཐ་ན་རང་ཉིད་ཀྱིས་གོས་གོན་པའི་ཚེ་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གོན་པ་དང་། སྐས་ལས་འབབ་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་འཁོར་བར་འཇུག་པ་དང་། སྒོ་འབྱེད་པའི་ཚེ་འགྲོ་བ་ཐམས་ཅད་ལ་ཐར་པའི་གྲོང་ཁྱེར་གྱི་སྒོ་འབྱེད་པ་དང་། སྒོ་གཅོད་པའི་ཚེ་ངན་སོང་གསུམ་གྱི་སྒོ་གཅོད་པ་དང་། ལམ་དུ་འཇུག་པའི་ཚེ་འཕགས་པའི་ལམ་དུ་འཇུག་པར་མོས་པའམ། ཡང་ན་སེམས་ཅན་དགའ་བ་མཐོང་ན་ཆོས་ལ་དགའ་བ་དང་། མི་དགའ་བ་མཐོང་ན་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་མི་དགའ་བ་དང་། བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་བའི་ཡོ་བྱད་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་བྱས་ཚེ། དེ་དག་ཐམས་ཅད་ཕྱིའི་གཟུགས་བརྙན་དུ་འཇིག་རྟེན་གྱི་སྤྱོད་པ་རང་ག་མ་ཡིན་མོད་ཀྱང་། དོན་དུ་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཡང་དག་པར་འགྱུར་འགྲོ་བ་ཡིན་ན། ཀུན་མཁྱེན་འཇིགས་མེད་གླིང་པའི་ཞལ་ནས། རྩ་བ་སྨན་དུ་མཆིས་ན་མྱུ་གུ་འང་སྨན། །རྩ་བ་དུག་ཡིན་མྱུ་གུ་སྨྲོས་ཅི་དགོས། །བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས་པའང་དོན་གྱི་གནད་གལ་ཆེན་པོ་འདི་ལྟ་བུ་ལ་དགོངས་པའོ། །གཞན་ཡང་བསྔོ་བའི་ཚེ་ན། ཟབ་མོ་ཆོས་ཉིད་ཀྱི་ལྟ་བའི་ངང་ནས། དགེ་བའི་རྩ་བ་ཐམས་ཅད་སྒྱུ་མ་ལྟར་བདེན་པར་མ་གྲུབ་པའི་རང་བཞིན་དུ་ཤེས་པའི་ངང་ནས་བསྔོ་བར་བྱ་སྟེ། མདོ་ལས། རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། དགེ་བ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུའི་ཚུལ་གྱིས་ཡོངས་སུ་བསྔོ་བར་བྱ་སྟེ། ཞེས་གསུངས། དེ་དང་མཐུན་པར། ཀུན་མཁྱེན་གཉིས་པས། དགེ་དང་མི་དགེའི་རྟོག་ཚོགས་རང་གྲོལ་ལ། །རེ་དང་དོགས་པའི་མཚན་མ་མ་མཆིས་ཀྱང་། །སྣང་ཆའི་རྟེན་འབྲེལ་བསླུ་མེད་དགེ་ཚོགས་ཀུན། །ཟག་མེད་ཆོས་ཀྱི་དབྱིངས་སུ་བསྔོ་བར་བྱ། །ཞེས་གསུངས་པས། དགེ་བ་དང་མི་དགེ་བའི་མཚན་མ་དག་ནི་ཡེ་གཞི་གདོད་མ་ཆོས་ཀྱི་དབྱིངས་སུ་གྲུབ་མ་མྱོང་བས། བསྔོ་བར་བྱ་བའི་དགེ་བ་ཞེས་དམིགས་སུ་ཡོད་པའི་དངོས་པོ་མ་མཆིས་ཏེ། ཐམས་ཅད་དང་པོ་ཉིད་ནས་མེད་པར་མ་ཟད། ཡོད་པར་སེམས་པའང་འཁྲུལ་བའི་སྣང་བ་ཉིད་ལས་མ་འདས་ན། ཆོས་ཉིད་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པའི་ཚེ། རྒྱུ་དགེ་བ་དང་འབྲས་བུ་མྱང་འདས་སོགས་གང་ཡོད་པར་འདོད་པའི་དངོས་པོ་ཐམས་ཅད་བློའི་མདུན་དུ་ཞིག་པར་འགྱུར། འོན་ཀྱང་ཅང་མེད་ཆད་སྟོང་མ་ཡིན་པས། སྒྱུ་མ་ལྟ་བུའི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་དགེ་དང་མི་དགེ་བའི་རྣམ་གཞག་མི་བསླུ་བ་འབྱུང་བ་ལ། ཆོས་ཐམས་ཅད་གཞི་མེད་རྩ་བྲལ་དུ་གནས་པ་ནི་སྟོང་ཆ་ཆོས་ཉིད་དང་། ཆོས་ཉིད་སྟོང་པ་ཉིད་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཆར་བ་ཀུན་རྫོབ་སྣང་ཆ་སྟེ། དེ་གཉིས་མི་འགལ་བ་ཟུང་འཇུག་ཏུ་སྦྱོར་བའི་ལྟ་བ་ལ་གཞི་བྱས་ཏེ། དངོས་མེད་སྒྱུ་མ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་ནི། རིགས་དྲུག་བར་དོ་དང་བཅས་པའི་འགྲོ་བ་དག་གིས་འཁྲུལ་བ་རང་སྣང་དུ་ངོ་ཤེས་ནས། གཞི་ཀ་དག་གི་ཀློང་དུ་འོད་གསལ་ཆོས་སྐུའི་དཔལ་ལ་བདེ་བར་རོལ་པའི་རྒྱུར་སྨོན་པ་ནི་ཡང་དག་པའི་བསྔོ་བ་རླབས་པོ་ཆེའོ། །སྤྱིར་གསང་སྔགས་ཟབ་མོའི་བསྐྱེད་རྫོགས་ཉམས་སུ་ལེན་པའི་སྐབས་གཅིག་པུར་མ་ཡིན་པར། རང་རེ་ཐེག་པ་ཆེན་པོར་ཁས་འཆེ་བ་དག་གིས་ཐ་ན་ལུས་ངག་གི་དགེ་བ་ཕྲ་མོ་ཙམ་བྱེད་ནའང་། ཐོག་མར་མགོ་བརྩམས་པ་ནས་བཟུང་། བར་དུ་ལས་ལ་འཇུག་པའི་སྐབས་དང་། ཐ་མར་བསྔོ་བ་བྱེད་པའི་སྐབས་སུ་དེ་ཐམས་ཅད་སྒྱུ་མ་ལྟ་བུར་བལྟ་བར་བྱ་དགོས་པ་མ་ཟད། རང་གི་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ཐམས་ཅད་དུ། གང་སྣང་གང་ཤར་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་ལྟ་བ་དེ་ཉིད་རང་རྒྱུད་ལ་འབྱོངས་ཅི་ནུས་བྱེད་དགོས་སོ། །ཞོར་དུ་སློང་དང་ཚར་ཚད་སོགས་ཀྱི་རྣམ་གཞག་བཤད་པ་ལ། རྒྱས་པ་ཀློག་འདོད་ན་མཁས་དང་གྲུབ་པའི་དམ་པ་གོང་མ་རྣམས་ཀྱིས་མཛད་པའི་གཅོད་གཞུང་རྣམས་སུ། དེ་དག་གི་ཚུལ་ཤིན་ཏུ་ཞིབ་ཅིང་ཕྲ་བ་བཀོད་ཡོད་པ་དག་ལ་གཟིགས་ན་ཆོག་པས། འདིར་བཀོད་ཀྱང་དེ་རྣམས་ཀྱི་གསུང་ལ་རྗེས་ཟློས་བྱེད་པ་ཙམ་ལས་དགོས་པ་ཆེར་མ་མཐོང་ཡང་། ས་བཅད་མ་སྟོང་བའི་མཚོན་བྱེད་དུ་ཅུང་བརྗོད་ན། གཅོད་པ་རྣམས་གཉན་སར་ཕྱིན་ཚེ། རྣལ་འབྱོར་དབྱིངས་ཆེ་བ་ལ། ལྷ་འདྲེ་དབྱིངས་ཆུང་བ་སོགས་ཀྱི་རྐྱེན་ལ་བརྟེན་ནས་སློང་ཚད་མི་འབྱུང་བའམ། ཡང་ན་གཅོད་པ་ཉམས་ལེན་དམན་ཞིང་། ཌཱ་དྲིལ་འདོན་དབྱངས་ལ་མཁས་པ་ཙམ་ལས་གཅོད་ཀྱི་ལྟ་སྒོམ་སྤྱོད་པ་རྒྱུད་ལ་མ་ལོན་པ་དག་ལ་སློང་ཚད་འབྱུང་རྒྱུ་མེད་པ་ནི། ལྷ་འདྲེ་སོགས་མེད་པར་འདོད་ཅིང་། དགྲ་ལ་འཛིང་པ་དང་། ཆུ་ལ་མཆོང་རྒྱུར་མི་འཛེམ་པའི་ཁྲེལ་མེད་ཀྱི་མི་རྐུན་ཇག་པ་ཚོ་དུད་ཁྲོད་ནང་དུ་རོ་འགྲམ་དུ་ཉལ་ཡང་། འཇིགས་སྣང་དང་ཉམས་མི་འདྲ་བ་གང་ཡང་མི་འབྱུང་བ་དང་འདྲ། ས་མཐོན་པོར་བཞུགས་པའི་འཕགས་པའི་སྐྱེས་བུ་ཞིག་ཡིན་ན་མ་གཏོགས། སློང་ཚད་འབྱུང་དགོས་ཀྱི། མ་བྱུང་ན་དེ་བཟང་རྟགས་མ་ཡིན་པར། ཕལ་ཆེར་གཅོད་པའི་ཉམས་ལེན་ངན་པ་འམ། གཅོད་པ་དབྱིངས་ཆུང་བ་སོགས་ཀྱི་སྐྱོན་ལ་ཐུག །མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱིས། གཞན་ཡང་སྒྲིབ་པ་ཆ་སྲབ་ཅིང་། བརྩོན་འགྲུས་ཆེ་བ་ལ་ལུས་སྣང་སེམས་གསུམ་གྱི་སྟེང་ནས་མི་མཐུན་པའི་རྐྱེན་སྣ་ཚོགས་འབྱུང་སྟེ། སྒོམ་སྐྱེ་བའི་སྔ་ལྟས་ཡིན་པས་སྐྱོན་དུ་མི་བལྟ། འདི་ལ་གཅོད་ཡུལ་པས་སློང་ཚད་ཟེར། ཞི་བྱེད་པས་དགེ་བའི་སློང་ཟེར། རྫོགས་ཆེན་པས་བྱིན་རླབས་ཞུགས་པའི་རྟགས་ཟེར། ཕྱག་ཆེན་པ་རྣམས་ཀྱིས་ཉམས་ལེན་གྱི་དྲོད་རྟགས་ཟེར། མདོར་ན་སྡིག་པ་དག་པའི་རྟགས་སོ། །ཞེས་གསུངས་པ་ལྟ་བུ་དང་། ཁོང་ལ་སློང་ཚད་དང་ཚར་ཚད་རྣམས་དངོས་སུ་ཉམས་སུ་མྱོང་ཞིང་། མ་ཅིག་གིས་བྱིན་གྱིས་བརླབས་པའི་རྟགས་ཐོན་གསུངས། དེས་ན་དེང་སང་གི་གཅོད་པ་རེ་ཟུང་གིས་ལོ་ཟླ་མང་པོར་རང་ཁྱིམ་དྲོན་མོ་དང་། འདུ་ཁང་ཁྲ་ཁྲ་ཤིག་ཤིག་གི་ནང་དུ། ཟས་གང་ཞིམ་ཟ། སྟན་གང་འཇམ་ཐོག་ཏུ་བཞུགས་ནས། གཅོད་ཆོག་སྙན་མོ་རེ་འདོན་ནས། རྐང་གླིང་འབུད་ཚེ་ས་གཞི་འགུལ་འོང་སྙམ་པར་བྱེད་པ། ཌཱ་རུ་དགུང་ལ་བཀྱགས་ནས་བརྡུང་ཚེ་ལྷ་འདྲེ་རྣམས་འཇིགས་འོང་བ་འདྲ་བ། དྲིལ་བུ་སྙན་མོ་བཀྲོལ་ཚེ་དབྱིངས་ནས་མཁའ་འགྲོ་མ་རྣམས་ཕེབས་འོང་བ་ལྟ་བུ། དོན་དུ་གཅོད་འདོན་པ་དེ་གཞན་ལ་ངོམ་ཆོས་དང་། རང་ཉིད་ལ་དགེ་སྡིག་ལུང་མ་བསྟན་གྱི་བྱ་སྤྱོད་ཙམ་དུ་གྱུར་ནས། རྒྱུན་དུ་ཉམས་སུ་ལེན་ཁུལ་བྱེད་ཀྱང་། སློང་ཚད་དང་ཚར་ཚད་འདི་བྱུང་ཟེར་བ་ཅི་ཡང་མེད་པ་ནི་གཅོད་ཡུལ་ལམ་དུ་མ་ལྷོངས་པའི་སྐྱོན་ཡིན་པས། རང་གཞན་ཀུན་གྱིས་བཀའ་གཏེར་གཅོད་གཞུང་ཚད་ལྡན་རྣམས་ལས་བསྟན་པའི་ལྟ་སྒོམ་སྤྱོད་གསུམ་རྣམ་གཞག་མ་ནོར་བ་ལ་ངེས་ཤེས་ཐོབ་པར་བྱས་ནས། དད་དང་བརྩོན་འགྲུས་ཟུང་ལྡན་གྱི་སྒོ་ནས་ཉམས་ལེན་རང་རྒྱུད་ལ་སྨིན་པ་ཞིག་བྱེད་འཚལ། སློང་ཚད་ཀྱི་ངོ་བོ་ནི། སྡུད་པ་ལས། དེ་ཡི་ཚེ་ན་བདུད་ནི་ཟུག་རྔུ་ལྡན་པར་འགྱུར། །མྱ་ངན་ཉམ་ཐག་སྡུག་བསྔལ་ཡིད་མི་བདེ་ཉམ་ཆུང་། །ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ནུར་འགྱུར་ཞེས། །འཇིགས་པ་བསྟན་ཕྱིར་ཕྱོགས་རྣམས་བསྲེག་ཅིང་སྐར་མདའ་གཏོང་། །གང་ཚེ་མཁས་པ་དེ་དག་བསམ་པ་རབ་ལྡན་ཞིང་། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་དོན་བལྟ། །དེ་ཚེ་ལུས་སེམས་དག་ནི་མཁའ་འགྲོ་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་དང་། ཨརྱ་དེ་བས། གཉིས་མེད་ཕ་རོལ་ཕྱིན་བསྒོམས་པས། །འཇིག་རྟེན་ལྷ་འདྲེས་མ་བཟོད་ནས། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ། །མངོན་སུམ་གཟི་བྱིན་རྨི་ལས་སོགས། །ཞེས་གསུངས་པ་ལྟར། རེ་དོགས་བདུད་བཞིའི་འཁྲི་བ་བཙན་ཐབས་སུ་གཅོད་པ་ལ། བདུད་བཞིའི་དམག་ཚོགས་དཔུང་ཇི་ལྟར་འཐུག་ཀྱང་རུང་། རྩལ་ཇི་ལྟར་རྒོད་ཀྱང་རུང་། མཚོན་ཇི་ལྟར་རྣོ་ཡང་རུང་། དེ་དག་རང་སྣང་སེམས་ཀྱི་རོལ་རྩལ་དུ་གོ་བའི་ལྟ་བའི་གདེང་ཆེན་པོའི་ཡ་ལད་ཅིག་ཐོགས་ནས། བདུད་བཞི་ལ་མི་ཡོལ། དེ་ཚོའི་མི་མཐོང་སར་མི་གབ། དེ་ཚོ་ལས་རྒྱང་རིང་དུ་མི་འབྲོ། སྙིང་སྟོབས་ཆེ་བའི་དཔའ་བོ་གཡུལ་ལ་ཞུགས་པ་ལྟར་དུ། དེ་ཚོའི་བཙན་རྫོང་དུ་ཕར་རྒྱུགས་ནས། ཀི་སྒྲ་བཏབ་སྟེ། ཁྱོད་ཚོ་ད་ལྟ་ཉིད་དུ་ཕྱིར་ཐོན་ཤོག་དང་། དེ་རིང་སུ་རྒྱལ་སུ་ཕམ་ས་འདི་རུ་ཐག་གཅོད་ངེས་ཡིན་ཟེར་ཚེ། དེ་ཚོའང་རང་གར་མ་བསྡད་པར། རྒྱལ་པོ་དང་བློན་པོ། དམག་དཔོན། འཁོར་དམག་མི་དང་བཅས་པ་ཕྱིར་ཐོན་ནས་གཡུལ་ལ་ཞུགས་པ་ལྟ་བུ་ཡིན་པས། ཆེད་དུ་འཇིགས་སུ་རུང་བའི་དུད་ཁྲོད་སོགས་སུ་གཅིག་པུར་ཕྱིན་ནས། ལྷ་འབོད་འདྲེ་འབོད་བྱེད་ཅིང་། ཉོན་མོངས་རྣམ་རྟོག་ཡོད་ཚད་ལྷ་འདྲེའི་རྣམ་པར་ཚུར་འགུགས། དེ་དག་ཐམས་ཅད་དབྱིངས་སྐྱེ་མེད་ཀ་དག་གི་ཀློང་དུ་གཅད་དགོས་སོ། །དེ་ནས་གཅོད་ཡུལ་ལམ་དུ་ལྷོངས་ཚེ། རྣལ་འབྱོར་པ་ལ་ཕྱི་ནང་གསང་བའི་སློང་ཚད་འབྱུང་སྟེ། ཡིད་བག་མི་ཕེབས་པར་བྱེད་པའི་ཉམས་ཚོར་དང་སྣང་བ་སྣ་ཚོགས་པ་འབྱུང་བར་འགྱུར། དཔེར་ན། འདུག་དུ་མི་བཟོད་པ། བྲོས་སྙིང་འདོད་པ། རྒྱུ་མཚན་མེད་པར་ཚིག་པ་ཟ་བ། འཇིགས་སྐྲག་དྲག་པོ།