ཡིད་གཉིས་ཁུ་འཕྲིག །ཆོས་བརྒྱད་ཀྱི་རེ་དོགས་བཟོད་མི་ནུས་པའི་ཉམས་སམ། ཡག་བཙོག་ལྷ་འདྲེའི་ཆོ་འཕྲུལ་འདྲ་མིན་གྱིས་རང་སེམས་དབང་མེད་དུ་ཟིལ་གྱིས་གནོན་འོང་ལ་ཁད་བྱེད་པ་སོགས་ཤར་འོང་། འོན་ཀྱང་ལྷ་འདྲེའི་གཟུགས་བརྙན་མཐོང་བའམ། སྐད་སྒྲ་རེ་ཐོས་སྙམ་ཤར་ཚེ། ཕལ་ཆེར་རང་སྣང་དགྲར་ལངས་པ་ལས་མ་འདས་ཏེ། སྔོན་ཆད་གཅོད་པ་ཞིག་ཡར་རིའི་སྒང་ལ་ཁོ་རང་གཅིག་པུ་གཉན་ས་གཅོད་དུ་ཕྱིན། དེར་མུན་རུབ་ནས་ནག་ཁུང་ཆགས་པ་ན། རླུང་འཚུབ་ཆེན་པོ་ཞིག་དང་མཉམ་དུ་གློ་བུར་འུར་སྒྲ་ཞིག་གྲགས་པ་ཐོས་ནས། ཇི་ཡིན་སྙམ་བཞིན་སྡོད་མ་བཟོད་པར་ཡར་ལངས་པ་ན། གླང་རྒན་དམར་པོ་ཞིག་ཁོའི་ཟུར་ན་རྒྱུགས་འོང་པ་མཐོང་། ཞེད་སྣང་སྐྱེས་ནས་མར་གང་མགྱོགས་སྒོས་བྲོས། ཁོ་ཇེ་མགྱོགས་ཀྱི་ངང་ནས་བྲོས་ཚེ། གླང་རྒན་དེས་ཀྱང་དེ་བཞིན་དུ་རྗེས་བདས། བར་ཞིག་ལ་ཁོ་རང་གི་ལུས་ཀྱི་ནུས་ཤུགས་ཡོད་ཚད་ཟད། རྒྱུགས་མ་ནུས་པར་མར་ས་ཐོག་ཏུ་འགྱེལ་བ་ན། གླང་རྒན་དེ་གློ་བུར་དུ་ཡལ། ཁོས་ཅི་ཞིག་བྱུང་སོང་སྙམ་ནས་ཡར་ལྟ་མར་ལྟ་བྱས་པ་ན། ཁོ་རང་གི་གཟན་དམར་པོ་རླུང་གིས་བསྐྱོད་པ་དེ་གླང་རྒན་དམར་པོ་ཞིག་ཏུ་འཁྲུལ་ནས་དེ་ལྟར་བྱུང་བ་ད་གཟོད་ཧ་གོ་བའི་གཏམ་རྒྱུད་དང་མཚུངས། བླ་མ་ཡིད་བཞིན་ནོར་བུ་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་ཀྱི་ཞལ་ནས། འདྲེ་བགེགས་ལ་སོགས་པ་གཙོ་བོ་རང་གི་སེམས་ཀྱི་ཆོ་འཕྲུལ་རེད་མ་གཏོགས། སེམས་ལས་གཞན་དུ་གྱུར་པའི་ཕྱི་རོལ་གྱི་ཁ་མིག་རྣ་བ་ཅན་གྱི་བདུད་ཅིག་མེད་ཀྱང་སེམས་མ་དག་ན་བགེགས་ཡོད་ཅེས་གསུངས། དེས་ན་དགའ་སྐྱོ་དང་ལྷ་འདྲེའི་རྣམ་པ་སོགས་སློང་ཚད་ཇི་འབྱུང་ནའང་། དེ་ཐམས་ཅད་དགྲར་ཡང་མི་འཛིན་པར། བདེན་མེད་རང་གི་སེམས་ཀྱི་ཆོ་རོལ་ཁོ་ནར་ཧ་གོ་བར་བྱས་ཏེ། དེ་དག་གི་རྗེས་སུ་མི་འབྲང་བར། ཆོས་ཉིད་མཉམ་པ་ཉིད་ཀྱི་ལྟ་སྒོམ་གྱི་རྒྱུན་བསྐྱངས་ནས། སྣང་བ་ཐམས་ཅད་དབྱིངས་སུ་ཞིག་པར་བྱ་སྟེ། མ་ཅིག་གིས། ང་གཉན་ས་རི་ཁྲོད་འགྲིམས་ཙ་ན། །སེམས་ཉིད་ལྟ་བའི་གདེང་གིས་གཅོད་པ་ཡིན། །གདོན་གནོད་བྱེད་ཀྱི་བར་ཆད་བྱུང་ཙ་ན། །རོ་སྙོམས་ཀྱིས་སྤྱོད་པ་བྱེད་པ་ཡིན། །རང་ཉིད་གཅིག་པུར་འདུག་ཙ་ན། །ཕུང་པོ་གཟན་དུ་སྐྱུར་བ་ཡིན། །ལུས་ལ་ན་ཚ་བྱུང་ཙ་ན། །རིག་པ་རྟེན་དང་འབྲལ་བ་ཡིན། །གཡའ་རི་གངས་རིར་འགྲིམས་ཙ་ན། །མ་ཡེངས་དོན་ལ་ལྟ་བ་ཡིན། །རིག་པ་འཕྲོ་ཞིང་རྒོད་ཙ་ན། །གནས་ལུགས་ཀྱི་སྟེང་དུ་འཇོག་པ་ཡིན། །བྱིང་རྨུགས་གཉིད་འཐིབ་བྱུང་ཙ་ན། །སེམས་དང་ནམ་མཁའ་བསྲེ་བ་ཡིན། །འཇིགས་པའི་གནས་སུ་ཉལ་ཙ་ན། །སེམས་ཀྱི་འཁུ་འཁྲིག་གཅོད་པ་ཡིན། །ལྷ་འདྲེའི་ཆོ་འཕྲུལ་བྱུང་ཙ་ན། །ཉམས་ལེན་གྲོགས་སུ་འཆར་བ་ཡིན། །ཞེས་གསུངས། ཚར་ཚད་ལ་ཐུན་མོང་དང་མཆོག་གི་ཚར་ཚད་ཀྱི་དབྱེ་བ་ཡོད་པ་དག་ཞིབ་ཏུ་ཤེས་པར་འདོད་ན། འདིར་ཡིག་ཚོགས་ཀྱི་སྤྲོས་པ་མང་དུ་འགྱུར་བར་དོགས་ནས་མ་བཀོད་པས། གཅོད་གཞུང་མང་པོར་དེའི་སྐོར་གསལ་བར་བཀྲལ་ཡོད་པས་དེ་དག་ལ་བལྟ་བར་བྱ། མདོར་ན་གཉན་ས་རེར་ཕྱིན་ནས་བརྟུལ་ཞུགས་ཀྱི་སྤྱོད་པའི་སྒོ་ནས་སློང་ཚད་སོགས་ཀྱི་དབང་དུ་མ་ཤོར་བར་ཉམས་རྟོགས་བཟང་པོ་རེ་འཁྲུངས་ཀྱང་། དེ་ཙམ་གྱིས་ད་ནི་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་སོང་སྙམ་དེ་སྐྱིད་ཉལ་མི་བྱེད་པར། དུས་རྟག་ཏུ་དྲན་དང་ཤེས་བཞིན་གྲོགས་སུ་བརྟེན་ནས། ཕྱི་རོལ་གྱི་རྐྱེན་ཡག་བཙོག་དང། ནང་དུ་དགའ་སྡུག་རྣམ་རྟོག་གི་ཡོ་ལང་ཅི་བྱུང་ཡང་། ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་མི་བརྗེད་པར། དེ་མ་ཐག་ཏུ་བདུད་གང་བྱུང་གང་ཤར་ཡོད་ཚད་ཐམས་ཅད་དབྱིངས་སུ་གཅོད་པ་ནི་ལམ་འདིར་ཞུགས་པའི་དོན་པོ་ཁོ་ན་ལགས། དེ་ལྟར་ཉམས་ལེན་མཛད་ནུས་པའི་སྐྱེ་བོ་དེ་ལ་འདི་དང་ཕྱི་མ་ཐམས་ཅད་ལ་སྐྱིད་ཀྱི་ཉི་མ་ནང་ནས་འཆར་བར་འགྱུར། ཁོ་ལ་ནང་སེམས་སུ་རེ་དོགས་ཀྱི་ལྕགས་སྒྲོག་ཆད་ནས་སྡུག་བསྔལ་གྱི་བཙོན་ཁང་ཞིག་པས་སྐྱིད། གཞན་འཇིག་རྟེན་ཕལ་པ་རྣམས་ནི་ལུས་བདེ་ན་སེམས་མི་བདེ་བར། དུས་ཀུན་ཏུ་རེ་དོགས་ཀྱི་ནང་དུ་ལྷུང་ནས་སྡུག་བསྔལ་གྱིས་མནར། ཁོ་ནི་གུ་ཡངས་བློ་བདེ་ཡིན་པས་རྒྱུ་ནོར་ཡོད་ཚད་ཇག་ལ་ཤོར་ནས་སྤྲང་པོ་ལྟར་གྱུར་ཀྱང་སྡུག་བསྔལ་མི་འབྱུང་། གློ་བུར་དུ་འཁོར་ལོའི་སྒྱུར་བའི་རྒྱལ་པོ་ལྟར་ཆགས་ཏེ། འཇིག་རྟེན་གྱི་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་ཀྱང་ཁེངས་སེམས་སྐྱེ་རྒྱུ་མེད་པར་གུ་ཡངས་བློ་བདེར་གནས། ཕྱི་མར་འགྲོ་སའང་རིགས་དྲུག་འཁོར་བའི་སྒོ་མོ་རྣམས་རང་འགག་ཏུ་གྱུར་ཅིང་། རང་སྣང་རྣམ་དག་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་རྩོལ་མེད་བདེ་བར་གཤེགས་པར་འགྱུར་བ་ངོ་རེ་མཚར། ཀྱེ་དེང་སང་གི་སྐལ་བ་ལྡན་པ་རྣམས་ཅུང་ཟད་གསོན་ཅིག །ད་ལྟ་སྙིགས་མ་ལྔ་དྲག་ཏུ་བདོ་བའི་དུས་འདི་ན། འདི་སྣང་གི་བྱ་བ་ཐམས་ཅད་བྱིས་པའི་རྩེད་མོ་ལྟར་དུ་སྙིང་པོ་མེད། འབྱུང་བཞིའི་འཇིགས་པ་ཇེ་ཆེར་སོང་བས་སྣོད་ཀྱི་འཇིག་རྟེན་མི་བརྟན། མི་རྣམས་ཀྱི་བློ་ལ་ཉོན་མོངས་པའི་མཚོ་རླབས་འཕྱུར་བས་ས་སྟེང་འདི་སྨྱོན་པའི་ཁང་པ་ལྟར་ཆགས། དམ་པའི་སྐྱེས་བུར་སྐུར་བ་འདེབས། ཆོས་བརྒྱད་ཀྱི་གཡོ་ཐབས་ལ་མཁས་པ་རྣམས་ཀྱི་མགོ་འཕང་མཐོ། ཕྱི་འབྱུང་བའི་བཅུད་ཉམས། ནང་སེམས་ལ་རྣམ་རྟོག་གི་ལྷ་འདྲེས་ཚང་བཅའ་བའི་དུས་འདིར། སྙིང་པོའི་ཆོས་ཟབ་མོ་རེ་ཉམས་སུ་ལེན་ན་མ་གཏོགས། ཆོས་གང་ཡིན་ཚད་ཀྱིས་རང་གཞན་སུའང་འདུལ་མི་ནུས་པར་སྣང་། མི་ཞིག་ནད་ཆུང་ངུས་བཏབ་ན་སྨན་ཡང་ནུས་པ་ཆུང་བས་ཆོག །མི་དེ་ལ་ནད་ཚབས་ཆེན་པོ་བྱུང་ཚེ། སྨན་ཡང་དེ་བཞིན་དུ་ནུས་པ་ཆེ་བ་ཞིག་བསྟེན་དགོས་པའི་དཔེ་དང་མཚུངས་པར། ཆོས་ཀྱི་ཡང་སྙིང་ཟབ་མོ་གཅོད་ཡུལ་འདི་འདྲ་བ་ཉམས་སུ་ལེན་ནུས་ན། ཉོན་མོངས་པའི་ངོ་བོ་འོད་གསལ་བ་ཡིན་པས། དུས་ཡུན་རིང་པོ་མི་འགོར་བར། མྱུར་བར་ངར་འཛིན་འཁྲུལ་བའི་རྣམ་རྟོག་རྣམས་རང་སར་ཞིག་ནས། སེམས་ཀྱི་ཞིང་སར་ཤེས་རབ་དང་སྙིང་རྗེ་ཆེན་པོའི་པདྨོ་འབུམ་ཕྲག་བཞད་ཅིང་། ཉམས་རྟོགས་ཀྱི་བདུད་རྩིའི་དགའ་སྟོན་ལ་ངོམ་པ་མེད་པར་རོལ་ཞིང་། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ལ་དབང་འབྱོར། གཞན་ཕན་འགྲོ་དོན་གྱི་མཛད་པ་ཕྱོགས་ཀུན་དར་བའི་རྟེན་འབྲེལ་རེ་ཡོད་ངེས་ཅན་ཡིན་པས། རྒྱལ་དབང་པདྨའི་དམ་ཆོས་ཀྱི་དགའ་ཚལ་དུ་གསང་ཆེན་ཐེག་པའི་བགོ་སྐལ་རེག་པ་དག་གིས། ལོང་ཡོད་དུ་མི་བཞུགས་པར། རང་གཞན་འགྲོ་བའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་སླད་དུ། མཁའ་འགྲོའི་ཞལ་གྱི་དྲོད་རླངས་འཐུལ་བའི་ཟབ་མོ་གཏེར་བྱོན་གྱི་གཅོད་ཡུལ་དང་། དུས་གསུམ་རྒྱལ་བའི་ཐུགས་ཀྱི་ནོར་བུ་ཐེག་མཆོག་ཨ་ཏི་ཡོ་གའི་ལྟ་དགོངས་རྨད་དུ་བྱུང་བ་དག་ལ་ཐོས་བསམ་སྒོམ་གསུམ་གནང་བའི་དུས་སུ་སླེབས་སོ། །སླར་སྨྲས་པ།
སྟོང་ཆེན་མཚོན་གྱིས་བདུད་བཞིའི་སྲོག་རྩ་བཅད་པའི་རྒྱལ་རྔའི་སྒྲ་དབྱངས་ཆེ། །
རབ་འབྱམས་ཞིང་ཀུན་ཁྱབ་པར་སྒྲོག་ལ་རབ་དཔའ་ལབ་ཀྱི་སྒྲོན་མ་ཡི། །
ལེགས་གསུང་ཆོས་ཀྱི་གདམས་པ་རབ་གཙང་ཞི་བསིལ་གངྒཱའི་རྒྱུན་བཟང་པོ། །
དེང་འདིར་དུག་ལྔའི་ཚ་གདུང་གཞིལ་ལ་ཆད་མེད་འཇོ་བ་ཅིས་མི་མཚར། །
བདེ་སྟོང་གར་ལ་རོལ་པའི་དབྱིངས་ཀྱི་རྒྱལ་མོ་དཀྱིལ་འཁོར་ཡོངས་ཀྱི་མ། །
ལ་འདུལ་ཆོས་ཀྱི་སྒྲོན་མ་ཞེས་གྲགས་གྲུབ་པ་འབུམ་གྱི་དབང་མོ་སོགས། །
སྔོན་བྱོན་དཔའ་བོ་མཁའ་འགྲོའི་ཟབ་གསང་གཅོད་ཡུལ་རིན་ཆེན་གསེར་གྱི་སྒྲོམ། །
ད་ལྟ་རང་རེའི་མཐོང་ངོར་བྱིན་རླབས་འོད་ཕྲེང་འབར་བའི་སྐལ་བ་རྨད། །
རྒྱལ་བ་ཀུན་འདུས་མཚོ་སྐྱེས་བླ་མའི་བཀའ་རྟགས་ཕྱག་རྒྱའི་རེ་ཁཱ་ཞིག །
ཐུགས་ཀྱི་དཔལ་བེར་འཁྱུད་པས་འཛད་མེད་ཟབ་གཏེར་བྱེ་བར་དབང་སྒྱུར་བ། །
དུས་བབ་འགྲོ་བའི་དེད་དཔོན་ཆེན་པོ་བདེ་གཤེགས་གླིང་པའི་སྤྲུལ་པའི་གར། །
འཇིགས་མེད་རྡོ་རྗེའི་གསང་བ་གསུམ་གྱི་འོད་ཀྱིས་ཞིང་ཀུན་གསལ་བར་བྱས། །
ཇི་ལྟར་གཅན་གཟན་དབུས་ན་གངས་ཀྱི་སེང་གེའི་སྟོབས་རྩལ་བརླིང་བ་བཞིན། །
གངས་ཅན་གཏེར་རིགས་འབུམ་གྱི་དབུས་ན་ཟླ་བོས་མ་བཟུང་འཁོར་ལོའི་མགོན། །
གང་གི་གསང་མཛོད་མཁའ་འགྲོ་འབུམ་གྱི་ཞལ་རླངས་ཐོལ་ལེར་འཁྱིལ་བའི་ཆོས། །
བདག་ཅག་གདུལ་བྱའི་གསོས་སུ་སྨིན་པས་བདུད་ཀུན་སྔངས་པའི་ཆོ་ངེ་འདེབས། །
མཁས་རྒུའི་སྤྱན་དུ་བསྟར་ན་མདོ་རྒྱུད་རྒྱ་མཚོའི་དགོངས་པ་རྨ་བྲལ་བ། །
ཉམས་རྟོགས་རོ་ཡིས་མྱོས་པའི་རྣལ་འབྱོར་པ་ལ་ཡང་གསང་རྡོ་རྗེའི་ཚིག །
ངོ་མཚར་གཞུང་འདི་ཐོས་པ་ཙམ་གྱིས་སྲིད་པ་ཧྲུལ་པོར་བསྒྱུར་བྱེད་ན། །
སྐལ་བ་ལྡན་པ་དག་གིས་འདི་ཉིད་སྙིང་གི་ནོར་དུ་འཛིན་པར་མཛོད། །
ཀྱེ་ཀྱེ་མཐའ་མེད་སྲིད་པའི་འབྲོག་དགོན་ཐང་སྟོང་ཤིན་ཏུ་ཉམ་ང་བར། །
དངོས་འཛིན་བཀྲེས་སྐོམ་བཟོད་མི་གཏུབ་པས་ཡུན་རིང་མནར་བའི་མགྲོན་པོ་དག །
ཚེ་གཅིག་འཆི་མེད་གཞོན་ནུ་བུམ་སྐུའི་གྲོང་དུ་འཁྲིད་པའི་ལམ་བཟང་འདིར། །
བདེ་བར་བསྐྱོད་དང་འོད་གསལ་ཆོས་སྐུའི་དགའ་བ་འབུམ་ལ་རོལ་བར་ངེས། །
གཙུག་ལག་རྒྱ་མཚོའི་མཇིངས་སུ་བཞུད་པའི་བློ་ཡི་དེད་དཔོན་བདག་མ་ཡིན། །
ཤེས་རབ་གཤོག་ཟུང་རབ་རྒྱས་རིག་པའི་ག་རུ་ཌ་ནི་དེ་བས་མིན། །
འོན་ཏང་པུན་ཌ་རི་ཀའི་མདངས་བཞིན་མཛེས་པའི་ཀུན་སློང་མ་དོར་བས། །
ཆོས་སྐུའི་གསང་ཚིག་ཡི་གེར་བཀོད་པའི་དགེ་མཚན་འོད་ཀྱི་ཕྲེང་བ་བཞད། །
འཇིག་རྟེན་འདི་ན་སྐྱེ་བོའི་ཚོགས་དག་དོན་མེད་སོ་ཚིས་ལ་གཡེངས་ཤིང་། །
ཆོས་ཀྱི་ཁྲི་ལ་དྲེགས་བཅས་འགྱིངས་པའི་བསྟན་པ་འཛིན་པར་རློམ་རྣམས་ཀྱང་། །
འདི་སྣང་སྙན་གྲགས་ལོངས་སྤྱོད་སྒྱུ་མའི་ལྟད་མོར་ཆེས་ཆེར་སྲེད་པའི་སྐབས། །
ལྷག་བསམ་དཀར་པོས་བསྟན་བཅོས་རྩོམ་པ་རྒྱལ་བ་དགྱེས་པའི་རྒྱུ་རུ་ངེས། །
ཚེ་འདིར་གཏིང་ཟབ་ཐོས་བསམ་སྒོམ་པའི་རྒྱ་མཚོའི་འཇིངས་ལ་མ་བགྲོད་ཅིང་། །
ཉམས་རྟོགས་ཙིནྟ་མ་ཎིའི་དཔལ་ལ་སྤྱོད་པའི་བསོད་ནམས་རབ་དམན་པ། །
འཁོར་བའི་གྲོང་ན་སྒྱུ་མའི་འཕྲུལ་གྱིས་རྨོངས་པར་བྱས་པ་བདག་ལྟ་བུར། །
ཀུན་བཟང་བླ་མའི་དགོངས་པ་འགྲེལ་བའི་སྐལ་བ་ཐོབ་པ་འདི་ཀོ་ཅི། །
རང་བྱུང་རྒྱལ་བ་རྔ་ཡབ་ཞིང་གི་མགོན་པོ་འོད་སྟོང་འབར་བ་དང་། །
གཟོད་ནས་ཞལ་མི་གཉིས་པ་གཏེར་ཆེན་བླ་མའི་མཐོང་གྲོལ་མཚན་དཔེའི་གཟུགས། །
ལན་མང་ཆུ་བུར་མིག་གི་དཔྱིད་དུ་མཇལ་བའི་སྐལ་བཟང་དྲན་པའི་མོད། །
སྤྲོ་བའི་རླབས་ཕྲེང་ཡིད་ལ་མཆེད་བཞིན་གཞུང་ལུགས་འགྲེལ་བའི་སྤོབས་པ་ཤར། །
འཁྲུལ་བྲལ་སྔོན་བྱོན་མཁས་དང་གྲུབ་པ་དག་གི་ལུགས་ལས་མ་འགོང་བར། །
སྲིད་ན་རབ་ཏུ་དཀོན་པའི་ངོ་མཚར་གཞུང་འདིའི་ཚིག་དོན་བཀྲལ་བ་ཡི། །
རྣམ་དག་དགེ་བའི་སྟོབས་ཀྱིས་མར་གྱུར་མཁའ་ཁྱབ་འགྲོ་བ་མཐའ་དག་གིས། །
གདོད་མའི་རང་ཞལ་མངོན་དུ་མཇལ་ནས་འཁོར་བ་དབྱིངས་སུ་ཞིག་པར་སྨོན། །
ད་ནས་བཟུང་སྟེ་ཕ་མེས་རིག་འཛིན་གོང་མའི་གཤེགས་ཤུལ་ལ་ཞུགས་ནས། །
བཟང་ངན་སྤྲོས་པ་ཀུན་ཞིག་ལྟ་བའི་རྒྱལ་པོའི་ཁྲི་ལ་འགྱིངས་བཞིན་དུ། །
ཆོས་བརྒྱད་རོ་མཉམ་བརྡལ་བའི་འཇིགས་མེད་བརྟུལ་ཞུགས་སྤྱོད་པ་ལ་བརྟེན་ཏེ། །
རེ་དོགས་བཙོན་ལས་ཐར་ཞིང་ཡང་དག་བདེ་ལ་གཏན་དུ་སྤྱོད་གྱུར་ཅིག །
ནག་ཕྱོགས་བདུད་ཀྱི་དཔུང་རྣམས་དབྱིངས་སུ་རྨི་ལམ་བཞིན་དུ་དེངས་དང་ལྷན། །
ཡེ་ནས་གནས་པའི་དོན་གྱི་ཆོས་སྐུ་བདེ་གཤེགས་སྙིང་པོ་མངོན་མཇལ་ཞིང་། །
བསམ་ཡས་ས་དང་ལམ་གྱི་ཡོན་ཏན་རྩོལ་བ་མེད་པར་རྫོགས་པའི་མཐུས། །
རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་པས་འགྲོ་ལ་དུས་ཀུན་སྨན་པར་ཤོག །
ཉིན་བཞིན་སྙིགས་མའི་མུན་ནག་དྲག་པོ་འཁྲིགས་པའི་དུས་ཀྱི་མཐའ་མ་འདིར། །
རྒྱལ་བ་སྤྱི་དང་ཁྱད་པར་པད་མ་ཀཱ་རའི་ཆོས་ཚུལ་ཟླ་བའི་འོད། །
སྔར་ལས་ཆེས་ཆེར་འབར་བས་དུག་ལྔའི་ལང་ཚོ་རབ་ཏུ་འགྲིབ་པ་ན། །
རྨད་བྱུང་རིན་ཆེན་བྱང་ཆུབ་སེམས་ཀྱིས་འགྲོ་རྒྱུད་ཡོངས་སུ་གང་བར་ཤོག །
ཡང་དག་ཐོས་བསམ་སྒོམ་པའི་མར་མེའི་སྣུམ་ནི་རིམ་གྱིས་འགྲིབ་པ་དང་། །
མ་ནོར་ལྟ་སྒོམ་སྤྱོད་པའི་ཉིན་བྱེད་ནུབ་ཀྱི་ཕྱོགས་སུ་བཞུད་བཞིན་དུ། །
ཆོས་པའི་གཟུགས་བརྙན་འཛིན་པ་དག་ཀྱང་སྟོབས་འབྱོར་གྲགས་པས་མྱོས་པའི་དུས། །
ལུང་རྟོགས་བདུད་རྩིས་ཡིད་ཀྱི་ལང་ཚོ་མཛེས་པའི་སྡེ་རྣམས་རྒྱས་པར་སྨོན། །
རིས་མེད་བསྟན་པ་འཛིན་རྣམས་སྤྲིན་བྲལ་མཁའ་ལ་ཟླ་བ་རྒྱུ་བཞིན་དུ། །
ཉེར་འཚེའི་ཡོལ་བས་སྒྲིབ་མི་ནུས་པར་འཁོར་ལོ་གསུམ་གྱི་དགའ་སྟོན་གྱིས། །
ཡངས་པའི་ཐ་གྲུ་ཀུན་ཏུ་བསྟན་པ་རིན་ཆེན་མཆོག་གིས་ཁྱབ་བྱས་ནས། །
བདེ་སྐྱིད་སྣང་བ་འབུམ་གྱིས་ས་ཆེན་ཁྱོན་ཀུན་ཡང་ཡང་འཁྱུད་པར་སྨོན། །
རྐང་གཉིས་འགྲོ་བ་རྣམས་ནི་ཕན་ཚུན་མཛའ་ཞིང་འཚེ་བ་མེད་པར་རྒྱུ། །
རྐང་བཞི་ལྡན་དག་གཙང་ཞིང་ལྟ་ན་སྡུག་པའི་ཁོར་ཡུག་ཅི་དགར་སྤྱོད། །
ལྷ་དང་ཀླུ་རྣམས་དགྱེས་པའི་རྟགས་སུ་མཁའ་ལས་ཆར་ཆུ་དུས་སུ་འབབ། །
ཕྱོགས་བཞིའི་རྒྱལ་ཁམས་ཡོངས་ལ་ལོ་ཕྱུགས་རྣམ་ཀུན་ལེགས་པའི་རྟེན་འབྲེལ་ཞུ། །
བསྟན་ལ་སྡང་སེམས་མེ་ལྟར་འབར་བའི་ནག་པོའི་རྩ་ལག་དགྲ་ཡི་དཔུང་། །
རིང་དུ་བསྐྲད་པའི་མཐུ་རྩལ་ཐོགས་མེད་ངོམ་མཛད་མ་གཟའ་དམ་གསུམ་སོགས། །
བཀའ་གཏེར་བསྟན་པ་སྲུང་བའི་ཆོས་སྐྱོང་ཁྱོད་ཅག་ཐུགས་དགོངས་མ་ཡེལ་བར། །
རིག་འཛིན་བླ་མའི་ཟབ་གཏེར་དབྱར་གྱི་མཚོ་བཞིན་བརྟས་པའི་འཕྲུལ་སྟོན་ཅིག །
ཅེས་དཔལ་བཻ་རོ་ཙ་ན་སླར་ཡང་ཞིང་འདིར་སྤྲུལ་པའི་གར་དུ་རོལ་པ། གཏེར་བརྒྱའི་གཙུག་རྒྱན་ངེས་པ་དོན་གྱི་རིག་པ་འཛིན་པ་ཆེན་པོ། པདྨའི་གདུང་འཚོབ་བླ་ན་མེད་པ་དགོན་པ་གཏེར་ཆེན་རིན་པོ་ཆེ་འཇིགས་མེད་རྡོ་རྗེའི་ཟབ་གཏེར་ལས་བྱུང་བའི་གཅོད་གཞུང་རྨད་དུ་བྱུང་བ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་འགྲེལ་པ་འདི་ནི། གངས་ལྗོངས་ཀྱི་བི་མ་ལ་མི་ཏྲ་མཁན་ཆེན་མུན་སེལ་མཆོག་གི་ཡང་སྲིད་སྤྲུལ་པའི་སྐུ་བདེ་ཆེན་རིག་པའི་རྡོ་རྗེ་དང་། གདུང་སྲས་པདྨ་གར་དབང་ཟུང་གིས་རྒྱང་རིང་གངས་ཅན་བོད་ཀྱི་ཡུལ་ནས། སྐུ་གསུང་ཐུགས་གསུམ་མཚོན་བྱེད་དུ། གུ་རུ་རིན་པོ་ཆེའི་སྐུ་དང་། གཅོད་གཞུང་གི་དཔེ་ཡིག །མཆོད་རྟེན་བཅས་མ་ཟད། འབྲི་དེབ་དང་སྨྱུ་གུ་རྣམས་དར་དཀར་ཞིག་དང་མཉམ་དུ་གནང་ནས། གཅོད་གཞུང་རིན་པོ་ཆེ་འདི་ལ་འགྲེལ་པ་ཞིག་འབྲི་རོགས་ཞེས་བཀའི་མེ་ཏོག་སྤྱི་བོར་ཕོག་པར་བརྟེན། ཡོངས་གྲགས་སུ་ཨ་གནམ་ཐུབ་བསྟན་དུ་འབོད་པ། རང་ཉིད་ལོ་ན་ཆུང་བའི་དུས་སུ་གཏེར་སྟོན་རིན་པོ་ཆེ་ཞལ་དངོས་ཀྱིས་པད་མ་ཆོས་ཉིད་རྡོ་རྗེ་ཞེས་པའི་མིང་གི་ཅོད་པན་བསྩལ་བ་དེས། སྡེ་བཞིས་ཡོངས་སུ་དྲེགས་པའི་རྒྱལ་ཁབ་ཨ་མེ་རི་ཀའི་ནུབ་ཕྱོགས་ཀྱི་མཚོ་འགྲམ་དུ་ཆགས་པ། འཛམ་གླིང་རིག་པ་འབྱུང་བའི་གྲོང་ཁྱེར་བྷིར་ཁི་ལིས་ཞེས་པའི་ཉེ་འགྲམ་དུ་སྦྱར་བའོ། །དགེ་བར་གྱུར་ཅིག །
༄༅།།སྙན་བརྒྱུད་མཁའ་འགྲོའི་ཆོས་སྐོར་ལས༔ ཚོགས་བསགས་དངོས་གྲུབ་དགའ་སྟོན་བཞུགས༔
དགོན་པ་གཏེར་ཆེན་འཇིགས་མེད་རྡོ་རྗེ།
ན་མོ་གུ་རུ་དྷརྨ་བཛྲ་ཡེ༔ གང་ཞིག་ལས་སྐལ་ལྡན་པའི་སྐྱེས་བུ་དག༔ ཚེ་གཅིག་ཀུན་བཟང་ས་ལ་གཤེགས་འདོད་ན༔ ཐེག་དགུའི་རྩེར་གྱུར་ཡང་ཟབ་སྲོག་ཐིག་ལས༔ སྙན་བརྒྱུད་ཉེ་ལམ་ཆོས་སྡེ་ཁྱད་འཕགས་པའི༔ རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པ་ལ༔ བཟང་རྗེས་ཞེན་གཅོད་པ་གཞི་ཡི་གཅོད༔ རིག་སྟོང་འཕྲུལ་དུ་གཅོད་པ་ལམ་གྱི་གཅོད༔ གཅོད་བྱ་གཅོད་བྱེད་བྲལ་བ་འབྲས་བུའི་གཅོད༔ གཅོད་ཡུལ་བདུད་བཞི་ལམ་ལྷོངས་མན་ངག་འདི༔ ལ་འདུལ་ཆོས་སྒྲོན་བདག་གི་བསྒོ་སྐལ་དུ༔ ཨ་མ་ཡུམ་ཆེན་ལབ་གྱི་སྒྲོན་མ་ཡིས༔ སྙན་བརྒྱུད་ཆོས་ཉིད་རིག་པའི་སྒྲོམ་ལས་བསྟན༔ ས་མ་ཡཱ༔ དང་པོ་དབང་བསྡུད་ཟིལ་གནོན་ནི༔ ཕཊ་ཕཊ་ཕཊ༔ ལྟ་བའི་གདེང་ལྡན་འཇིགས་མེད་རྣལ་འབྱོར་ངས༔ གཞི་དབྱིངས་ཀ་དག་བདེ་བ་ཆེན་པོའི་ཀློང༔ མ་རིག་གཉིས་ཞེན་ལྷ་འདྲེ་དབང་དུ་བསྡུས༔ རིག་སྟོང་བརྗོད་བྲལ་དགོངས་པའི་ཟིལ་གྱིས་གནོན༔ འཁོར་འདས་མཉམ་པར་བརྡལ་བའི་བརྟུལ་ཞུགས་བསྐྱེད༔ སྣང་སྲིད་བདེན་མེད་རྟོགས་པར་བྱིན་གྱིས་རློབས༔ དེ་ནས་སྐྱབས་སེམས་མཎྜལ་གསོལ་འདེབས་ནི༔ ཕཊ་ཕཊ་ཕཊ༔ རང་སྣང་འོད་གསལ་མདུན་མཁར་པད་ཉིའི་སྟེང༔ གཅོད་ཡུལ་རྩ་བརྒྱུད་སྤྲིན་ཕུང་གཏིབས་བཞིན་གསལ༔སྐྱབས་ཀྱི་ངོ་བོ་སྐུ་གསུམ་ཐུགས་རྗེའི་མདངས༔ རང་ངོར་སད་པ་མ་ཅིག་ལབ་སྒྲོན་ལ༔ སྐྱབས་སུ་མཆི་འོ་འགྲོ་ཀུན་སྡུག་བསྔལ་ལས༔ སྐྱོབ་པར་སེམས་བསྐྱེད་གཉིས་འཛིན་ཞིག་པར་ཤོག༔ ཕཊ༔ རང་ལུས་གནས་གསུམ་མཎྜལ་ཚོམ་བུ་འབུལ༔ ཚོགས་གཉིས་མྱུར་རྫོགས་དོན་གཉིས་ལྷུན་གྲུབ་ཤོག༔ ཕཊ༔ ཆོས་སྐུ་ཡུམ་ཆེན་ལོངས་སྐུ་ཝ་རཱ་ཧི༔ སྤྲུལ་སྐུ་ཐུབ་དབང་པདྨ་སཾ་བྷ་ཝ༔ དམ་པ་རྒྱ་གར་མ་ཅིག་ལབ་སྒྲོན་སོགས༔ གཅོད་ཡུལ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས༔ བདག་འཛིན་འཁྲི་བ་རྩད་ནས་ཞིག་པ་དང༔ མ་ཅིག་ཡུམ་དོན་རྟོགས་པར་བྱིན་གྱིས་རློབས༔ འགྲོ་དྲུག་གཉེན་དུ་འདུ་བར་བྱིན་གྱིས་རློབས༔ སྙེམས་བྱེད་རེ་དོགས་བྲལ་བར་བྱིན་གྱིས་རློབས༔ དེ་ནས་བསྲེ་འཕོ་བྱིན་རླབས་སྤྱན་འདྲེན་ནི༔ ཕཊ་ཕཊ་ཕཊ༔ རང་རིག་འོད་གསལ་ཐིག་ལེ་རྒྱ་སྲན་ཙམཿ དབུ་མའི་ལམ་བརྒྱུད་མཁའ་འགྲོའི་ཐུགས་ཀར་བསྲེཿ ཆོས་ཉིད་ཁྱབ་བརྡལ་བདེ་བ་ཆེན་པོའི་དབྱིངསཿ བསམ་བརྗོད་སྤྲོས་པ་བྲལ་བའི་ངང་དུ་བཞགཿ ཕཊ༔ རང་སེམས་རྣམ་པར་ཤེས་པ་ཕཊཿཀྱིས་ཐོན༔ རྣལ་འབྱོར་མར་གྱུར་ལུས་ཕུང་སིལ་བུར་གཏིབས༔ སྟོང་གསུམ་ཁྱོན་ཡངས་ཀཱ་པ་ལ་ཡི་ནང༔ ཧ་ཧོ་ཧྲིཿཡིས་ཟག་མེད་བདུད་རྩིར་བསྒྱུར༔ ཨོཾ་ཨཱ་ཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ༔ ཕཊ༔ ཕྱོགས་བཅུའི་ཞིང་སོགས་འབུམ་ཕྲག་གྲོང་ཁྱེར་ནས༔ མཆོག་གསུམ་རྩ་གསུམ་སྣང་སྲིད་ལྷ་འདྲེ་བཅས༔ མཆོད་ཡུལ་མགྲོན་ཀུན་ལམ་གྱི་མཁའ་དབྱིངས་འགེངས༔ ཐུགས་རྗེ་བརྩེ་བ་ཆེན་པོས་གཤེགས་སུ་གསོལ༔ མགྲོན་བཞི་ཏིང་འཛིན་ཉིད་ལ་གསལ་གདབ་ནི༔ ཕཊ༔ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱུན༔ རྒྱལ་དགོངས་བརྡ་སྙན་རིག་འཛིན་སོགས༔ ཕ་ཅིག་བརྒྱུད་ལྡན་བླ་མར་འབུལ༔ དབང་བྱིན་དངོས་གྲུབ་རྒྱ་ཆེན་སྩོལ༔ ཕཊ༔ དཀར་དམར་གཏོར་མ་ཏིང་འཛིན་འཕྲུལ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་སོགས༔ གཙང་རིས་མགོན་པོ་འཁོར་བཅས་བརྔན༔ བར་ཆད་སོལ་ལ་སྡོང་གྲོགས་མཛོད༔ ཕཊ༔ གཉིས་སྣང་འཁྲུལ་བའི་རྒྱལ་གདོན་ལ༔ བདག་ལུས་ཤ་ཁྲག་རུས་ཚིལ་དང༔ བདག་འཛིན་ང་ཡི་ཕུང་པོ་འབུལ༔ གནོད་སེམས་མཁོན་འཛིན་ཞི་བར་ཤོག༔ ཕཊ༔ བདག་ལུས་མྱོང་གྲོལ་བདུད་རྩིའི་གཏེར༔ རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན༔ གང་ལ་གང་འདོད་ཆར་འབེབས་ནས༔ གཉིས་མེད་མཉམ་ཉིད་དོན་རྟོགས་ཤོག༔ ཕཊ༔ ཚེ་རབས་ལན་ཆགས་ཤ་མཁོན་རྣམས༔ སྤྱན་རས་གཟིགས་དང་དབྱེར་མེད་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུཾཿ སྐར་མ་རབ་རིབ་མར་མེ་དང༔ སྒྱུ་མ་ཟིལ་པ་ཆུ་བུར་དང༔ རྨི་ལམ་གློག་དང་སྤྲིན་ལྟ་བུ༔ འདུས་བྱས་ཆོས་རྣམས་དེ་ལྟར་བལྟ༔ ཕཊ༔ སྨྲ་བསམ་བརྗོད་བྲལ་རང་བྱུང་གཉུག་མའི་ངང༔ རིག་པ་སྟོང་གསལ་རྗེན་པ་དབུ་མའི་དབྱིངས༔ སྦྱིན་བྱ་སྦྱིན་བྱེད་འཁོར་གསུམ་དམིགས་མེད་གཤིས༔ བློ་བྲལ་རྫོགས་པ་ཆེན་པོའི་ཀློང་དུ་ཨ༔ ཕཊ༔ དགེ་འདིས་རྒྱལ་སྲས་སྤྱོད་པ་མཐར་ཕྱིན་ནས༔ སྣང་སྲིད་ལྷ་འདྲེ་གཞི་ཀློང་གྲོལ་བར་ཤོག༔ ཕཊ༔ ཅེས་བརྗོད་ཅིང་གནས་ལུགས་མཉམ་པར་བཞག༔ དགེ་རྩ་མཁའ་ཁྱབ་འགྲོ་ལ་བསྔོས༔ ཤིན་ཏུ་ཡང་ཟབ་མན་ངག་གོ༔ ཚོགས་བསགས་གདམས་པ་ངོ་མཚར་རྨད༔ ས་མ་ཡཱ༔ ཨེ་མ༔ བདེ་ཆེན་ཌཀྐི་མཚོ་རྒྱལ་གྱི༔ སྲས་མོ་ལ་འདུལ་ཆོས་སྒྲོན་གདམས༔ ཆོས་ཉིད་རིག་པའི་སྒྲོམ་བུ་ལས༔ ཡིག་མེད་སྙན་བརྒྱུད་མན་ངག་ཟབ༔ ཆོས་འདིས་སྒོ་ནས་གྲོལ་བ་ཡི༔ སློབ་བུ་འབུམ་ཕྲག་བཅུ་གསུམ་འབྱུང༔ ཀུན་ཀྱང་སྔོན་མའི་གཏད་རྒྱའི་མཐུས༔ བསྟན་པའི་གསོས་སུ་འགྱུར་བར་ངེས༔ སྐྱབས་རྗེ་བདེ་གཤེགས་གླིང་པ་ཡི༔ རྡོ་རྗེའི་ཞལ་གསུང་ལུས་སྦྱིན་གྱི༔ ཚིག་རྐང་སོར་བཞག་བྱས་ནས་སུ༔ སྙིང་གྲོགས་བཅུ་གསུམ་བཞེད་སྐོང་དུ༔ ཉིན་དགོན་ཨེ་ཝཾ་དགའ་ཚལ་ནས༔ པདྨ་འཇིགས་མེད་རྡོ་རྗེས་བྲིས༔ དགེ་བ་འདིས་མཚོན་བདག་གཞན་ཀུན༔ རང་རིག་གཞི་ཀློང་མངོན་གྱུར་ཤོག༔ ཤུབྷཾ།