མགོ་ཚུགས་ནས། རིམ་གྱིས་སོག་པོའི་ཡུལ་སོགས་སུ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་སྐུའི་ཕྲིན་ལས་དང་གསུང་གི་མཛད་པ་རྒྱ་ཆེན་པོ་དར་ཞིང་། ད་ལྟ་སྐད་རིགས་དང་ཆ་ལུགས་མི་གཅིག་པའི་འཛམ་གླིང་གི་ཐ་གྲུ་མང་པོར་དེ་རྣམས་ཀྱི་བསྟན་པ་ནམ་མཁའི་ཉི་མ་བཞིན་དུ་ཤར་ནས། བྱིན་རླབས་འབུམ་གྱི་ཟེར་མདངས་ཕྱོགས་ཀུན་ཏུ་འཕྲོས་ཏེ། མཐའ་ཡས་པའི་གདུལ་བྱའི་ཡིད་ཀྱི་མུན་པ་འཇོམས་བཞིན་པ་ཀུན་གྱི་མཐོང་ཆོས་སུ་གནས། གཞན་ཡང་ཡུལ་དུས་དང་མཐུན་པར་མ་འོངས་པའི་འགྲོ་བ་རྣམས་འདུལ་བའི་ཆེད་དུ་རྗེ་བཙུན་མའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་འཇིག་རྟེན་གྱི་ཁམས་འདིར་སློབ་དཔོན་དང་། སྦས་པའི་རྣལ་འབྱོར། དགེ་བསྙེན་ཕོ་མོའི་རྣམ་པར་ཕེབས་ནས། དངོས་དང་ཤུགས་ཀྱིས་གཞན་དག་འདུལ་བའི་ཕྲིན་ལས་རྨད་དུ་བྱུང་བ་རྒྱལ་བ་ཀུན་དང་འགྲན་ནུས་པའོ། །མ་ཅིག་གིས་ཐུགས་སྲས་བུ་སློབ་སྐལ་བ་ལྡན་པ་དུ་མར། སྒོས་ཆོས་ཀྱི་ཚུལ་དུ་གདམས་ངག་ཁྱད་པར་བ་གནང་བ་ནི། ཐུགས་ཀྱི་སྲས་མོ་རྣལ་འབྱོར་མ་ལ་འདུལ་ཆོས་ཀྱི་སྒྲོན་མ་ཞེས་བྱ་བར། རྗེ་བཙུན་མ་ཉིད་ཀྱིས་སྤྲུལ་སྐུའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་དང་ཟག་མེད་ཡེ་ཤེས་ཀྱི་ཀློང་དུ་ཐུགས་དགོངས་དབྱེར་མི་ཕྱེད་པ་ཟབ་གསལ་ཏིང་ངེ་འཛིན་ཆོས་ཀྱི་ནམ་མཁའ་མཛོད་ལ་དབང་སྒྱུར་བཞིན་དུ། དབྱིངས་ཀྱི་མཁའ་འགྲོའི་ཞལ་རླངས་དྲོན་མོ་ཐོལ་ལེ་བ་འཐུལ་བའི་སྙན་བརྒྱུད་གཅོད་ཀྱི་ཟབ་ཆོས་གནང་བ་དེ་ཉིད། ཕྱིས་སུ་དུས་ཤིན་ཏུ་སྙིགས་མར་གྱུར་པའི་སྐབས་སུ། གྲུབ་པའི་དབང་ཕྱུག་རིག་འཛིན་བདེ་གཤེགས་གླིང་པའམ། ཡོངས་གྲགས་སུ་དགོན་པ་བླ་མ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་བ་དང་། གང་གི་ཐུགས་ཀྱི་རྣམ་སྤྲུལ་མིའི་གར་དུ་རོལ་པ་སྤྲུལ་པའི་གཏེར་ཆེན་འཇིགས་མེད་རྡོ་རྗེ་ཟུང་གི་གཏེར་ཁ་གཅིག་འདུས་ཀྱི་ཚུལ་དུ་བདག་ཅག་གདུལ་བྱ་རྒྱ་མཚོའི་དཔལ་དུ་བཀྲ་བ། ཐོག་མར་དགེ་བའི་མཚན་དོན་ཕུན་སུམ་ཚོགས་པ་ཚོགས་བསགས་དངོས་གྲུབ་དགའ་སྟོན་ཞེས་སྙན་པའི་རོལ་མོ་འོག་མིན་རྒྱལ་བའི་ཞིང་གི་ཁོར་ཡུག་ཏུ་ལྡིར་བ་འདི་ཉིད་ཡིན་ལ། གཏེར་ཆེན་ཟུང་གི་སྐྱེ་བརྒྱུད་པུཎྚ་རི་ཀའི་ཕྲེང་བ་བསྡུས་པ་ཞིག་གཞན་གྱི་རྒྱུད་ལ་དད་པའི་ས་བོན་སྐྲུན་ཞིང་། ད་ལྟའམ་མ་འོངས་པར་གཞུང་འདི་ཉམས་སུ་ལེན་པ་དག་གིས་གདམས་ངག་ཆོས་ཀྱི་ཆེ་བ་ལ་ངེས་ཤེས་མི་ཕྱེད་པ་འཛིན་པའི་སླད་དུ་ཅུང་ཟད་སྨྲ་ན། སྔོན་ཚེ་གངས་ལྡན་ལྷའི་ལྗོངས་སུ། མཁན་སློབ་ཆོས་གསུམ་གྱིས་རྒྱལ་བསྟན་རིན་པོ་ཆེའི་སྣང་བའི་སྒོ་ཆེན་ཐོག་མར་ཕྱེ་བའི་ཚེ་ན། ངེས་དོན་མཁས་པའི་གཙུག་རྒྱན་བཻ་རོ་ཙ་ན་དང་དཔལ་གྲུབ་པའི་དབང་ཕྱུག་གཡུ་སྒྲ་སྙིང་པོ་ཟུང་གི་རྣམ་པ་དང་། བསྟན་པ་ཕྱི་དར་སྐབས་སུ། སྔ་འགྱུར་བསྟན་པའི་འབྱུང་ཁུངས་དཔལ་རྒྱལ་བ་ཀཿ ཐོག་པའི་རིང་ལུགས་ཀྱི་ཕ་ཡབ་གཅིག་པུ་བདེ་གཤེགས་སེང་གེ་སོགས་དམ་པའི་སྐྱེ་བའི་ཕྲེང་བ་ཟམ་མ་ཆད་པའི་རྣམ་སྤྲུལ་རིག་འཛིན་བདེ་གཤེགས་གླིང་པའམ་ཆོས་ཀྱི་རྡོ་རྗེ་སྟེ། རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་བྱོན་གང་ཟག་སྒོས་ཀྱི་ལུང་བསྟན་འབྲིང་པོ་ལས། ལྕགས་ཡུལ་དུ་གསང་བདག་སྤྲུལ་པའི་གར༔ མགོན་དྷརྨའི་མཚན་གྱིས་ཟབ་གཏེར་སྤྱོད༔ སྨོན་ལོག་གི་དུས་འགོང་ཨར་ལ་གཏད༔ སྔར་མེད་གནས་སུ་སྒྲུབ་སྡེ་འཛུགས༔ ཞེས་དང་། རྡོ་གྲུབ་ཀུན་བཟང་གཞན་ཕན་གྱི་གང་ཟག་སྒོས་ཀྱི་ལུང་བསྟན་སྒྱུ་འཕྲུལ་མེ་ལོང་ལས། གཡུ་སྒྲའི་རྣམ་སྤྲུལ་མདོ་ཁམས་སྨད་ནས་འབྱུང་། །ཆོས་ཀྱི་མིང་ཅན་རྫོགས་ཆེན་རྣལ་འབྱོར་པ། །གསང་སྔགས་བསྟན་པའི་བདག་པོ་ཁྱད་པར་འཕགས། །ཞེས་དང་། གཏེར་ཆེན་ཉི་མ་གྲགས་པའི་གཏེར་ལུང་ལས། ཤར་ནས་རྡོ་རྗེའི་མིང་ཅན་འབྱུང༔ རིག་འཛིན་གསང་བའི་ཟབ་ཆོས་འཛིན༔ ཞེས་འཁྲུལ་མེད་ལུང་གི་ཅོད་པན་གྱིས་འཕགས་པའི་སྐྱེས་བུར་མངའ་གསོལ་བ་དེ་ཉིད་དང་། གང་གི་ཐུགས་གསང་མི་ཟད་པ་རྒྱན་གྱི་འཁོར་ལོ་མི་རྟོག་པའི་ཡེ་ཤེས་ཀྱི་ཀློང་དུ་འགྲོ་འོང་གི་རྣམ་རྟོག་མཚན་མའི་རྡུལ་ཡོངས་སུ་དག་ཀྱང་། མ་དག་པའི་ཞིང་འདིར་གདུལ་བྱ་རྣམས་ལ་རྗེས་སུ་ཆགས་པའི་ཐུགས་བརྩེ་བས་ཀུན་ནས་བསླངས་ཏེ། སླར་ཡང་འགྲོ་སྒྲོལ་རྡོ་རྗེ་འཛིན་པའི་ངོ་བོར་བཞེངས་པ་བདག་ཅག་གི་སྐྱབས་མགོན་བླ་མ་གཏེར་ཆེན་འཇིགས་མེད་རྡོ་རྗེ་མཆོག་ནི། དུས་ཀྱི་མཐའ་འདིར་གཅན་གཟན་གྱི་དབུས་སུ་གངས་ཀྱི་སེང་གེ་འགྱིང་བ་དང་། མེ་ཏོག་གི་ཁྲོད་དུ་ཨུ་དུམ་ཝ་ར་བཞད་པ། རྒྱུ་སྐར་གྱི་དཀྱིལ་དུ་ཉ་གང་ཟླ་བ་བཀྲ་བ་ལྟར། ལྷར་བཅས་འགྲོ་བ་ཡོངས་ཀྱིས་སྤྱི་བོས་མངོན་པར་བཏེགས་པའི་རབ་བརྗིད་ཆོས་ཀྱི་ཁྲི་འཕང་མཐོན་པོར་སྤྲུལ་པའི་གཏེར་སྟོན་ཡོངས་ཀྱི་རྗེ་བོར་བཞེངས་ཤིང་། བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་བའི་ཟབ་གཏེར་འབུམ་གྱི་སྒོ་མོ་འབྱེད་པ་ལ་རྩ་གསུམ་ལྷས་དབང་བསྐུར་བའི་པདྨའི་རྒྱལ་ཚབ་བསླུ་བ་མེད་པ་ཞིག་ཡིན་པས། གང་གི་གཏེར་བྱོན་གྱི་ཟབ་ཆོས་རྣམས་ལ། ཐོལ་བྱུང་རྡོ་རྗེའི་ཚིག་གི་རྗོད་བྱེད་སྙན་ལ། བརྗོད་བྱ་ཆོས་ཉིད་ཀྱི་དགོངས་པ་ཟབ་བརླིང་ཆེ་བས། མཐོང་དང་ཐོས་པ་ཙམ་གྱིས་གཞན་ཡིད་ལ་ངེས་ཤེས་འདྲེན་ནུས་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་མཆིས། དེ་དག་གི་ཚིག་དོན་གཉིས་ཀའི་ཆ་ལ་དཔྱད་ཚེ། སྔོན་གྱི་ཚད་མའི་གཏེར་ཆེན་དག་གི་གསུང་གི་ཟླར་འགྲོ་བར་གཟུར་གནས་ཀྱི་བློ་ལྡན་དག་གིས་ཡང་དང་ཡང་དུ་བསྔགས། དེ་ཡང་གཏེར་འདོན་པའི་དུས་ཤར། གཏེར་གྱི་སྲུང་མས་བཀའ་གཏད། གཏེར་འདོན་གྱི་གྲོགས་དང་མཇལ་བ་སོགས་ཕུན་སུམ་ཚོགས་པའི་རྒྱུ་རྐྱེན་ལས་སྨོན་རྣམ་པར་དག་པའི་འབྲས་བུ་དུས་སུ་སྨིན་པ་མ་ཟད། བརྡ་འགྲོལ་གྱི་ནུས་པ་ཀློང་དུ་གྱུར་པས། ཁོང་གི་ཟབ་ཆོས་ཐམས་ཅད་ལ་ཀློག་ན་དོན་ཟབ་པ། གྱེར་ན་ཚིག་སྙན་པའི་ཡོན་ཏན་བརྗོད་ཀྱིས་མི་ལང་བ་མངའ། གཏེར་ཆེན་སྐུ་སྔ་ཕྱི་ཟུང་གི་འཛད་མེད་དབྱིངས་ཀྱི་མཁའ་འགྲོའི་ཡང་གསང་ཆོས་ཀྱི་བང་མཛོད་ལས་བྱུང་བའི་གཅོད་གཞུང་འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྟ་བ་ལ། གསང་བ་སྔགས་ཀྱི་ཐབས་རྨད་དུ་བྱུང་བས་རྒྱས་བཏབ་པའི་ཁར། འོད་གསལ་རྫོགས་པ་ཆེན་པོའི་གྲུབ་མཐས་ཐོག་མཐའ་བར་གསུམ་དུ་ཏིལ་ལ་མར་གྱིས་ཁྱབ་པ་ལྟར་བཞུགས་པས། ཐེག་རྩེ་ཨ་ཏི་ཡོ་གའི་གཅོད་ཀྱི་ཁོངས་སུ་འདུས་ཏེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རིག་འཛིན་བདེ་གཤེགས་གླིང་པའི་གཅོད་ཡིག་མ་ཅིག་ལབ་ཀྱི་སྒྲོན་མའི་སྒྲུབ་ཐབས་ཟབ་མོ་གཅོད་ཡུལ་བདུད་བཞི་ལམ་ལྷོངས་ཀྱི་གདམས་པ་སྙན་བརྒྱུད་པདྨའི་ཆུན་པོ་ལས། གཅོད་ཅེས་བྱ་བའི་ཞི་བྱེད་ལམ་མཆོག་འདིས༔ གཅད་བྱའི་ངོ་བོ་མ་རིག་གཟུང་འཛིན་སེམས༔ གཅོད་བྱེད་མ་ངའི་མན་ངག་ཟབ་མོའི་ལམ༔ རྟོགས་བྱ་འབྲས་བུ་རྫོགས་པ་ཆེན་པོ་ཞེས༔ ཞེས་གསུངས། དེས་ན་འདི་ནི་རྟོག་གེ་པ་དག་གིས་སྔར་གྱི་ལུང་དང་རང་གི་རིགས་པ་ཡ་མཚན་པ་འདྲ་བོ་རེ་ཟུང་ལ་བརྟེན་ནས་བརྩམས་པའི་ཆོ་ག་དང་མི་འདྲ་བས། དད་དམ་ཤེས་རབ་གསུམ་ལྡན་གྱི་སྒོ་ནས་ཉམས་སུ་ལེན་པའི་སྐྱེ་བོ་དག་མི་ཚེ་གཅིག་ལ་འཆི་མེད་གཞོན་ནུ་བུམ་སྐུའི་ཀློང་དུ་ཁྲིད་པའི་ཁྱད་ཆོས་ཡོད་ན། འདི་དང་ཕྲད་པའི་སྐལ་བ་ལྡན་པ་དག་གིས་རྒྱ་མཚོར་བསྐྱོད་པའི་ཚོང་པ་རིན་པོ་ཆེའི་གླིང་དུ་སླེབས་ཤིང་། ཡིད་བཞིན་གྱི་ནོར་བུ་ལག་ཏུ་འབྱོར་བ་དང་འདྲ་བར་དགའ་བ་འབུམ་ཕྲག་གིས་སྙིང་ལ་གཅེས་པར་གཟུང་བར་བྱ་འོས། བཀའ་གཏེར་ལུགས་ཀྱི་གཅོད་རྙིང་ཡ་མཚན་པ་མང་པོ་བཞུགས་ཀྱང་། བརྒྱུད་ཐག་ཉེ་བས་འདི་ནི་དམ་སེལ་གྱི་གཡའ་ཡིས་མ་གོས་པས་གསེར་གཙང་མ། སྨིན་གྲོལ་གྱི་ནུས་པ་མ་ཉམས་པའི་སྨན་གསར་པ་འབའ་ཞིག་ཡིན་ཏེ། གཞན་ལ་བརྒྱུད་མ་དགོས་པར་ཉིད་ཀྱི་ཞལ་དངོས་ལས་གཞུང་འདིའི་བཀའ་གཏད་ཕོག་པའི་ཐུགས་སྲས་སློབ་མ་རིག་པ་འཛིན་པའི་ཁྱུ་ཞིག་དེང་སང་འཚོ་ཞིང་གཞེས་པ་མ་ཟད། དེ་དག་གིས་ཡབ་རྗེ་མཆོག་གི་ཟབ་མོ་གཏེར་གྱི་བསྟན་པས་འགྲོ་དོན་སྐྱོང་བའི་དམ་བཅའ་ཐུགས་ལ་རྣོག་བཞིན་དུ། རྨ་མེད་ཕྲིན་ལས་དཀར་པོའི་གཟི་མདངས་ཡར་ངོའི་ཟླ་བ་གོང་ནས་གོང་དུ་འཕེལ་བཞིན་བཞུགས། སྤྱིར་དེང་སྐབས་ནི་སྙིགས་མ་ཤིན་ཏུ་བདོ་བའི་དུས་ཀྱི་མཐའ་ཡིན་པས། ཀུན་རྫོབ་ལུས་ངག་གི་དགེ་སྦྱོར་ཙམ་གྱིས་རང་གཞན་ཀུན་གྱི་རྒྱུད་ཤིན་ཏུ་འདུལ་དཀའ་ཞིང་། ཐར་པ་ཐོབ་པ་ལྟ་ཅི། གནས་སྐབས་སེམས་བདེ་ལྷོད་ཙམ་དུའང་བསྒྱུར་མི་ནུས་པའི་དུས་འདིར། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྤྱི་དང་། སྒོས་སུ་རྣལ་འབྱོར་བླ་ན་མེད་པའི་ཐེག་པ། དེའི་ནང་ནས་ཟབ་མོ་གཏེར་གྱི་ཁོངས་སུ་གཏོགས་པའི་གཅོད་དང་རྫོགས་ཆེན་རྣམས་ཕན་ནུས་བྱིན་རླབས་གཞན་ལས་ཤིན་ཏུ་ཆེ་བ་ཡིན་པས། སྔོན་ཆད་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཉག་བླ་པད་མ་བདུད་འདུལ་འཇའ་ལུས་སུ་གཤེགས་སྐབས་སུ། ནེམ་ནུར་གྱི་ཁུར་པོས་མནན་པའི་གང་ཟག་ཁ་ཅིག་གིས་སྐུར་འདེབས་ཀྱི་ཅ་ཅོ་བསྒྲགས་ཚེ། འཇམ་མགོན་མི་ཕམ་པས་གཏམ་ལན་ཚིགས་བཅད་དུ་དྲངས་ནས། སྨག་ཇི་ལྟར་འཐུག་ན་མར་མེའི་འོད་དེ་ལྟར་གསལ་བའི་དཔེ་མཛད་དེ། འཇིག་རྟེན་དུ་ཉོན་མོངས་ཇི་ལྟར་བདོ་བཞིན་དུ། ཆོས་ཡང་ཇེ་ཟབ་འགྲོ་བས། ལྟ་རྒོད་བཅང་འཁྱུད་ཀྱི་རྒྱུད་རྣམས་སྔ་མ་ལས་ཕྱི་མ་རྣམས་ཟབ་ལ། དེ་དག་ཉམས་སུ་ལེན་པའི་དུས་ཀྱང་རིམ་བཞིན་དུ་རྫོགས་ལྡན་ནས་རྩོད་ལྡན་བར་ཏེ། དུས་ཇེ་སྙིགས་དང་བསྟུན་ནས་རྒྱུད་གོང་མ་རྣམས་ཉམས་སུ་ལེན་པར་བསྟན་པ་སོགས་རྒྱུ་མཚན་བཀོད་པ་ལྟ་བུ་དང་། དེ་དང་མཐུན་པར། སྙིགས་མའི་རྒུད་པ་མུན་ལྟར་བདོ་བའི་སྐབས། །རྒྱལ་དབང་པད་མའི་ཕྲིན་ལས་ཟླ་བའི་འོད། །ཆེས་ཆེར་གསལ་བ་རྡོ་རྗེའི་ལུང་གིས་བསྟན། །ཁྱད་པར་རྒྱལ་བསྟན་སྲོག་གི་ཀ་བ་སྟེ། །གསང་ཆེན་སྙིང་པོའི་རིང་ལུགས་སྔ་འགྱུར་པའི། །སྔོན་བྱོན་རིག་འཛིན་མཁས་གྲུབ་རྒྱུ་སྐར་ཕྲེང་། །གཞན་ལས་འཕགས་ཕྱིར་འདི་ཡང་འོས་སུ་ཆེ། །ཞེས་མཚོ་སྐྱེས་རྒྱལ་བའི་བསྟན་པ་ལས་བརྒྱུད་པའི་རྣལ་འབྱོར་བླ་ན་མེད་པའི་ཐེག་པ་སྤྱི་དང་། ལས་འཕྲོ་གཏེར་གྱི་ཁོངས་སུ་གཏོགས་པའི་ཆོས་ཟབ་མོ་དག་ནི། འགྲོ་བའི་རྒྱུད་ལ་ཉོན་མོངས་ཇེ་རྩུབ་འགྲོ་བཞིན་དུ། བྱིན་རླབས་ཇེ་བཟང་དང་། ནུས་པ་ཇེ་མྱུར། དངོས་གྲུབ་ཇེ་ཆེར་འགྲོ་བར་བསྟན་པ་བཞིན་ནོ། །ད་གལ་པོ་ཆེ་ལ་ནན་ཏན་དགོས་པའི་རྒྱུ་མཚན་གྱིས་གཏེར་ཆེན་མཆོག་གི་ལོ་རྒྱུས་ཅུང་ཟད་ཞུ་ན། ཁོང་ཉིད་དགུང་ལོ་ཆུང་ངུའི་དུས་ནས། འཕགས་པའི་སྐྱེས་བུ་མངོན་མཁྱེན་ལ་དབང་འབྱོར་བ་དག་གིས་སྤྲུལ་པའི་སྐུའི་ཅོད་པན་གསོལ་བར་མཛད་ཅིང་། སྔོན་གྱི་བག་ཆགས་བཟང་པོ་སད་པའི་མཐུ་ལས། བཅོལ་བའི་ནོར་སླར་ཚུར་ལེན་པ་ལྟར་དུ། ཡུན་རིང་སྦྱངས་བརྩོན་གྱི་དཀའ་བ་ལ་མ་ལྟོས་པར། ཤེས་བྱའི་ཕྱི་མོ་ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན་པས་ཀུན་ཀྱང་ངོ་མཚར་བའི་གནས་སུ་གྱུར། ཐུགས་གསང་རང་བྱུང་ཡེ་ཤེས་མཆོག་གི་མཁྱེན་ཆ་མངོན་དུ་གྱུར་པའི་རྟགས་སུ། ལོ་མང་ཐོས་བསམ་གྱི་ལས་ལ་གཞོལ་མ་དགོས་པར། རང་སྟོབས་སམ་གཞན་གྱིས་བརྡ་བསྟན་པ་ཙམ་གྱིས་མདོ་སྔགས་གཞུང་ལུགས་རབ་འབྱམས་ཀྱི་དཀའ་གནད་དང་བཅས་པ་ཐོགས་མེད་དུ་གཟིགས། ཉིད་ཀྱི་གཏེར་ཆོས་རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་སོགས་ལ་མཁས་གྲུབ་ཚད་ལྡན་མང་པོས་ཞལ་ནས་གཟེངས་བསྟོད་ཀྱི་མེ་ཏོག་འཐོར་ཞིང་དེའི་ཐོག་ནས་སེམས་ཁྲིད་གནང་བའི་སྲོལ་དར། གང་གི་གསང་བ་གསུམ་གྱི་ཡོན་ཏན་ནམ་མཁའི་ཁྱོན་ལྟར་ཡངས་པས། ཕལ་པའི་བློ་རྒྱ་ཁབ་ཀྱི་མིག་གིས་ནམ་དུའང་གཞལ་མི་ནུས་པ་མ་ཟད། ཆ་ཙམ་ཡང་དཔྱོད་དཀའ་བས། ཤིན་ཏུ་ལྐོག་གྱུར་གྱི་གནས་འདི་དག་ནི་དད་པ་ཁོ་ནའི་ཡུལ་ཡིན། དེ་ལྟ་བུའི་རྟོགས་པ་མཆོག་ལྡན་གྱི་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་སྙན་བརྒྱུད་མཁའ་འགྲོའི་ཆོས་སྐོར་གྱི་ཚན་པར་གྱུར་པའི་གཅོད་ཡིག་འདི་ཉིད་ཀྱི་སྒོ་ནས། གང་ཟག་འབུམ་ཕྲག་གྲོལ་ནུས་པར་བསླུ་བ་མེད་པའི་ཚིག་གིས་ལུང་བསྟན་པས། འདི་དང་ཕྲད་པ་དག་གིས་རང་ཉིད་ཀྱང་ཆོས་འདི་ལ་བརྟེན་ནས། མ་རིག་ཉོན་མོངས་པའི་བདུད་དཔུང་དབྱིངས་སུ་བཅད་ཅིང་། ཀ་དག་གདོད་མ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་རྒྱལ་ཡུམ་ཆོས་སྐུ་ཀུན་ཏུ་བཟང་མོའི་ངོ་བོར་སད་པའི་རྟེན་འབྲེལ་རེ་ཡོད་ཤས་ཆེ་སྙམ་པའི་དགའ་བའི་འདུ་ཤེས་བཅས་ཀྱིས་ཉམས་སུ་བླངས་ན། དལ་འབྱོར་གྱི་མི་ལུས་ཐོབ་པ་དོན་དང་ལྡན་པར་འགྱུར་ཞིང་། རྟོགས་པའི་ཐེམ་སྐས་ལ་བརྒལ། ཆོས་སྐུའི་ཕོ་བྲང་དུ་བསྙེག། སྣང་བ་དབང་དུ་སྡུད། སྲིད་གསུམ་ཟིལ་གྱིས་གནོན། རང་དོན་མཐར་ཕྱིན། གཞན་དོན་ལྷུན་གྱིས་འགྲུབ་པའི་དགོས་པ་ཡོད་དོ། །གསུམ་པ་གཅོད་ཡུལ་གྱི་གོ་དོན་ཞིབ་པར་འགྲེལ་བ་ནི། ཡེ་ནས་འཁོར་འདས་གང་གི་ཕྱོགས་སུ་མ་ལྷུང་ཞིང་། དོན་དུ་ཐོག་མཐའ་མེད་ཅིང་དུས་བཞི་མཉམ་པར་བརྡལ་བ། རྟག་པ་དང་ཆད་པའི་མཐའ་གང་དུའང་མི་གནས་པའི་ཆོས་དབྱིངས་ཁྱབ་བརྡལ་ཀ་དག་ཆེན་པོའི་ཀློང་། ངེས་དོན་བདེ་གཤེགས་སྙིང་པོ་གདོད་མའི་གནས་ལུགས་ཀྱི་ངོས་སུ། རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་། འཁོར་འདས་གཉིས་ཀྱི་བར་ལག་མ་གྱེས། དགེ་བ་ཞེས་རྡུལ་ཙམ་བསག་བྱ་བྲལ། སྡིག་པ་ཞེས་སྤུ་ཙམ་སྤང་བྱ་མེད། སྔ་ཕྱི་ཀུན་ཏུ་ཆོས་ཉིད་འཕོ་འགྱུར་མེད་པའི་རང་བཞིན་དུ་གནས་པའི་དབྱིངས་སུ། མ་རིག་པ་དང་རིག་པའི་རྣམ་གཞག་མ་གྲུབ་ཅིང་། བཅིངས་གྲོལ་གྱི་མཚན་མ་རྩད་ནས་ཞིག་པས། ཡོད་མཉམ་དང་མེད་མཉམ་དུ་སོང་བའི་མཆོད་བྱའི་ལྷ་དང་། བསྒྲལ་བྱའི་བདུད་གཉིས་ཀའི་མིང་ཙམ་མ་གྲུབ་པས་ན། གཅད་བྱ་དང་གཅོད་བྱེད་ཀྱི་སྤྲོས་པ་མེད་ཀྱང་། དེ་ལྟ་བུའི་གནས་ལུགས་ཇི་བཞིན་ཏུ་མ་རྟོགས་པར་འཁྲུལ་བའི་དབང་གིས། མེད་བཞིན་དུ་ཡོད་པར་སྣང་བའི་འཁོར་བ་གྲུབ་ཅིང་། དེ་ལས་འདས་པའི་མྱང་འདས་དང་། དེ་ཉིད་འཐོབ་པར་བྱེད་པའི་ལམ་སོགས་གྲུབ་པས། ད་གཟོད་བདུད་ཅེས་གཅད་བྱ་དང་། དེ་གཅོད་བྱེད་ཀྱི་ཐབས་དང་། དེ་བཅད་པའི་འབྲས་བུའི་རྣམ་གཞག་འཆར། གལ་ཏེ་ཐོག་མའི་མ་རིག་པ་མ་བྱུང་ན། འཁོར་བ་དང་སྡུག་བསྔལ་དག་མི་འབྱུང་ཞིང་། དེ་དག་མེད་ན་ལམ་ཞེས་པའི་ཐ་སྙད་ཙམ་ཡང་མི་འགྲུབ་སྟེ། ལམ་ནི་ཉོན་མོངས་པའི་གཉེན་པོར་འཆར་བ་ཡིན་ཚུལ་ནི། འཇིག་རྟེན་དུའང་གང་ལ་ནད་ཡོད་ན་དེའི་གཉེན་པོ་སྨན་ཞིག་འབྱུང་བ་ལྟ་བུ་ཡིན། འོ་ན་གཅད་བྱའི་བདུད་ཅེས་བྱ་བ་གང་ཡིན་ཞེས་ཞིབ་ཏུ་བརྟགས་ཚེ། ཤིན་ཏུ་འཇིགས་སུ་རུང་ཞིང་མི་བཟོད་པའི་གནས་སུ་གྱུར་པའི་འགྲོ་བ་སྡིག་ཏོ་ཅན་སྟོབས་རྫུ་འཕྲུལ་ཆེན་པོ་ལྡན་མཁན་རང་མཚན་པ་ཞིག་ཏུ་མ་གྲུབ་པར། དོན་དུ་དེ་ཉིད་གཞི་མེད་རྩ་བྲལ་ཆོས་དབྱིངས་སྐྱེ་བ་མེད་པའི་ཀློང་དུ་ཆོས་གཞན་ཐམས་ཅད་དང་མཚུངས་པར་རིག་པ་བྱང་ཆུབ་སེམས་ཀྱི་རོལ་པ་ཁོ་ནར་ཟད་པས། ཨ་མའི་ཞལ་ནས། བདུད་ཉིད་ཆོས་སྐུ་ཡིན་པས་ན། །དེ་ཉིད་སེམས་སུ་ངོ་ཤེས་གྱིས། །སེམས་ལ་བཅས་བཅོས་མ་བྱེད་པར། །མ་བཅོས་པ་ལ་བཞག་པ་ན། །བདུད་ཀྱི་ཆོ་འཕྲུལ་ཅི་བྱུང་ཡང་། །སྐྱེ་མེད་ངང་ལ་གཅོད་ཅིང་བཅད།
དཀར་ཆག