།བདུད་ཀྱི་གཅོད་ཡུལ་ཞེས་སུ་གསུངས། །དོན་གྱི་མན་ངག་དེ་ཉིད་ཡིན། །ཞེས་གསུངས། ཟབ་མོའི་དོན་འདི་ཉིད་ནི་ཟབ་གསང་རྫོགས་པ་ཆེན་པོའི་བཞེད་དགོངས་མཐར་ཐུག་པར་འགྲོ་སྟེ། ཀློང་ཡངས་ཀུན་ཏུ་བཟང་པོའི་ཆོས་ཉིད་མཉམ་པ་ཉིད་ཀྱི་མཉམ་བཞག་གི་ངོར། ཡར་དག་པའི་ཞིང་དང་ལྷའི་དཀྱིལ་འཁོར། བཟང་པོར་བརྩི་བའི་དགེ་བའི་རྟོག་ཚོགས། མར་མ་དག་པའི་ཆོས་དང་ཀུན་རྫོབ་ཀྱི་རྟེན་འབྲེལ། ངན་པར་བཀར་བའི་བདུད་དང་ཉོན་མོངས་པའི་ཚོགས་ཐམས་ཅད་མཉམ་པོར་ཆོས་སྐུའི་རོལ་པ་ལས་ལོགས་སུ་མ་གྲུབ་པས། གདོད་མའི་མགོན་པོ་དྲི་མེད་འོད་ཟེར་གྱིས་མཛད་པའི་ཆོས་དབྱིངས་རིན་པོ་ཆེའི་མཛོད་དུ། འཁོར་འདས་རིས་མེད་བྱང་ཆུབ་ཀྱི་སེམས་མཁར་གྱི་གཟུགས་སུ་བཀོད་ནས། དེར་རང་བྱུང་ཡེ་ཤེས་རྒྱལ་པོ་ཉིད་རང་གནས་བསམ་གཏན་བཙུན་མོ་དང་མཉམ་དུ། འདུ་འཕྲོར་སྣང་བ་ཡེ་ཤེས་ཀྱི་རྩལ་བློན་པོའི་དཔུང་དང་བཅས་པས། སྣང་སྲིད་སྣོད་བཅུད་ཀུན་ལ་མངའ་དབང་བསྒྱུར་ཚེ། ཆོས་དབྱིངས་ཡངས་པའི་ཡུལ་ཁམས་སུ། དོགས་ས་འགྲོ་དྲུག་གི་གནས་དང་། རེ་ས་སངས་རྒྱས་ཀྱི་གོ་འཕང་ཀུན་གཞན་ན་མེད་པར། ཐམས་ཅད་ཆོས་སྐུའི་ཀློང་དུ་རོ་གཅིག་པར་རྨད་དུ་བྱུང་བའི་ཚིག་གིས་བསྟན་པ་བཞིན་ནོ། །དེས་ན་སེམས་ཉིད་གཞིའི་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་སྟོང་པ་ཉིད་ཅིར་ཡང་མ་གྲུབ་པ་འདུས་མ་བྱས་པར་གནས་པ་ལ། ཆད་པའི་མཐར་མ་ལྷུང་བར་དེའི་རྩལ་མ་འགག་པའི་འདུ་འཕྲོ་རང་ལས་ཆད་ཅིང་རང་ངོར་འཆར་ཚེ། དེ་ཇི་བཞིན་དུ་རྟོགས་ན་རྩོལ་མེད་རང་གྲོལ་དུ་འགྲོ་ཡང། གློ་བུར་བའི་མ་རིག་པའི་དབང་གིས་སྣང་བ་དེ་དག་བདེན་པར་བཟུང་ཚེ། སེམས་ཀྱི་ངོར་གཟུང་འཛིན་གཉིས་སྣང་མེད་བཞིན་དུ་ཡོད་པར་གྲུབ་པ་ལ་རོལ་པ་ཞེས་བྱ་ཞིང་། དོན་དུ་རིག་པའི་རྩལ་ལས་གཞན་དུ་སྐད་ཅིག་ཙམ་ཡང་གྲུབ་པ་མེད་ན། རོལ་པའི་ཆ་ལ་བདུད་ཅེས་པའི་ཐ་སྙད་བཏགས་པར་ཟད་ཀྱི། བདེན་པར་གྲུབ་པའི་བདུད་ཞིག་ཡེ་ནས་གྲུབ་པ་ལྟ་ཞོག། འཁོར་འདས་ལམ་གསུམ་གང་གི་སྐབས་སུའང་རྙེད་པ་མེད། བདུད་ཅེས་བརྗོད་ཚེ་འཇིགས་སུ་རུང་ཞིང་། མཐུ་སྟོབས་ཆེ་བ། ནག་ཕྱོགས་ཀྱི་སྣ་འདྲེན། མི་དགེ་བའི་སྡོང་གྲོགས། ལམ་ལ་བར་ཆད་རྩོམ་པའི་དགྲ་བོ་གཅད་བྱ་ལྟ་བུ་ཞིག་ཡོད་པ་དེ་ཡང་། ཕྱི་དངོས་པོའི་སྟེང་དང་། ནང་སེམས་ཀྱི་ནང་རོལ་དུ་ཇི་ལྟར་བཙལ་ཀྱང་དོན་དུ་ཆོས་སྐུའི་རོལ་པ་ལས་ལོགས་སུ་རྡུལ་ཙམ་རྙེད་རྒྱུ་མེད་པས། རྟོགས་པ་མཆོག་ལྡན་གྱི་རྣལ་འབྱོར་པའི་ངོ་ལ་བདུད་ཡེ་ནས་མ་གྲུབ་ཅིང་། གཅད་བྱ་གཅོད་བྱེད་ཀྱི་མཚན་མ་མེད་པར། སྣང་བ་ཡོད་ཚད་དག་པ་རབ་འབྱམས་ཀྱི་འཁོར་ལོའི་རྒྱར་ཆུད་པ་ནི་དོན་དམ་པའི་གཅོད་ཡིན་ཏེ། གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལས། རང་བཞིན་རྫོགས་པ་ཆེན་པོ་ནིཿ ཉག་གཅིག་རྩད་ནས་གཅོད་པའི་ཕྱིརཿ གཅད་བྱ་གཅོད་བྱེད་ལས་འདས་ཀྱངཿ ཞེས་གསུངས། འོ་ན་བདུད་ཅེས་བྱ་བ་དངོས་པོ་རང་མཚན་པ་ཞིག་ཕྱི་རོལ་དུ་མ་གྲུབ་ཀྱང་། ནང་སེམས་ལ་གནས་པའི་བདག་འཛིན་དང་མ་རིག་པ་དག་བདུད་མ་ཡིན་ནམ་སྙམ་ན། ཆོས་ཉིད་ཀྱི་ངོས་ནས་བདུད་ཅེས་བྱ་བ་ཕྱི་ནང་གང་དུའང་རྙེད་དུ་མེད་པས། དོན་དུ་རིག་པ་ལས་ལོགས་སུ་གྱུར་པའི་མ་རིག་པ་བྱ་བ་རང་མཚན་པའང་མ་གྲུབ་པས་ན། རིག་དང་མ་རིག་གཉིས་ཐ་དད་དུ་དབྱེ་རུ་མེད་པ་མ་ཟད། དེ་གཉིས་མཐར་ཐུག་དག་མཉམ་དུ་གནས་པ་རྒྱ་བོད་ཀྱི་གྲུབ་པའི་དབང་པོའི་ཚོགས་དག་གིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་འཆད་དེ། གུ་རུ་ཛ་ཡཱ་ནནྡི་པའི་ཞལ་ནས། ཡེ་ཤེས་རིག་པའི་ཏིང་འཛིན་ནི། །ཐ་དད་མེད་དེ་གཉུག་མར་གནས། །ཇི་ལྟར་རྟོགས་ན་ངེས་པ་ཡིན། །རྣམ་རྟོག་དྲན་པ་དེ་ཉིད་མིན། །ཞེས་རིག་པ་དང་མ་རིག་པ། རྣམ་རྟོག་དང་ཡེ་ཤེས། འཁོར་བ་དང་མྱང་འདས་རྣམས་གཉུག་མའི་གནས་ལུགས་ཀྱི་དབྱིངས་སུ་དག་མཉམ་དུ་གནས་པར་རྟོགས་པའི་སངས་རྒྱས་ཀྱི་གཟིགས་ངོར་དེ་དག་དབྱེར་མེད་རོ་གཅིག་ཏུ་མཁྱེན་པས་རིག་པ་དང་། སོ་སོའི་སྐྱེ་བོ་དག་གིས་དེ་ལྟར་མ་རྟོགས་པ་ལ་མ་རིག་པའི་ཐ་སྙད་བཏགས་པ་ཙམ་དུ་བཞེད། དེའི་འགྲེལ་པ་སློབ་དཔོན་ཨ་བྷྱ་ཤྲཱིས་མཛད་པ་ལས། འདིར་རིག་པ་དང་མ་རིག་པ་དང་ཡེ་ཤེས་གསུམ་གྱི་གོ་བ་གཅིག་བསམ་དགོས་པ་ཡིན་ལ། རིག་པ་ནི་རྒྱ་གར་གྱི་སྐད་དུ་བིདྱཱ་བྱ་བ་ཡིན་ལ། འོ་ན་བིདྱཱའི་སྒྲ་ལ་ཁྱད་པར་མི་འདུག་སྙམ་ན། ཨ་ཕྲི་བས་རིག་པར་འགྲོ་ལ། ཨ་བསྣན་པས་མ་རིག་པར་འགྲོ་བས་ཁྱད་མེད་པ་དེ་ཅི་ཡིན་སྙམ་ན། ཨ་ཞེས་བྱ་བ་ནི་སེམས་ཉིད་ཀྱི་རང་བཞིན་རྟགས་ཀྱི་ཡི་གེ་ཨ་དཀར་པོ་དེ་ཡིན་ལ། དེ་སེམས་ཅན་ཐམས་ཅད་ལ་ཡེ་གདོད་མ་ནས་རང་ཆས་སུ་གནས་པ་དེ་ཡེ་ནས་གནས་པའི་དོན་ནི། ངོ་ཤེས་པས་ཡེ་ཤེས་ཞེས་པའི་སྒྲ་འཇུག་པའོ། །ཞེས་སོགས་གསུངས་ཏེ། ཆོས་ཉིད་དོན་དམ་པའི་དབྱིངས་སུ་རིག་དང་མ་རིག་པ་ཐ་དད་མ་གྲུབ་ཅིང་། དེ་ལྟ་བུའི་རོ་གཅིག་གི་དགོངས་དོན་ཀློང་དུ་གྱུར་པའི་སེམས་ཉིད་འོད་གསལ་བ་དེ་མཐར་ཐུག་གི་ཡེ་ཤེས་ཡིན་པ་མ་ཟད། ཐ་སྙད་སྒྲ་ཙམ་གྱི་དབང་དུ་བྱས་ནའང་། མ་རིག་པ་དང་ཡེ་ཤེས་གཉིས་རང་ངོས་ནས་ཐ་དད་མེད་པར་བསྟན། དེ་བཞིན་དུ་འོད་གསལ་རྫོགས་པ་ཆེན་པོའི་གྲུབ་མཐའ་ལྟར་ན། ཡེ་གཞི་ཆོས་དབྱིངས་ཆེན་པོའི་ཀློང་དུ་བདུད་དང་ཆོས་སྐུ་གཉིས་རོ་གཅིག་ཅིང་། རིག་དང་མ་རིག་གཉིས་མཉམ་པར་དག་པའི་ཀློང་དུ་གནས་ལུགས་ཀྱི་དོན་གཏན་ལ་ཕབ་པ་ནི་ཀུན་ཏུ་བཟང་པོའི་དགོངས་པའི་རྩེ་མོ། ཐེག་པ་དགུའི་ཉིང་བཅུད། ལྟ་བ་ཐམས་ཅད་ཀྱི་རྒྱལ་པོར་འཁུམས་ཏེ། རྒྱལ་བ་ཀློང་ཆེན་པས། རིག་དང་མ་རིག་མེད་པའི་ཀློང་ཆེན་དུ། །བྱང་ཆུབ་སེམས་ཀྱི་ཆོས་རྣམས་ལ་བཟླའོ། །དུས་གསུམ་འཕོ་འགྱུར་མེད་པའི་ཀློང་ཆེན་དུ། །ཡེ་སྟོང་ཡོངས་སྟོང་ཆོས་རྣམས་ལ་བཟླའོ། །ཞེས་གསུངས། འོན་ཀྱང་གནས་སྐབས་ཀུན་རྫོབ་བདེན་པའི་རྣམ་གཞག་དང་བསྟུན་ནས། ཐ་སྙད་ཙམ་དུ་མ་རིག་པ་དང་བདུད་ཅེས་པའི་ཐ་སྙད་འཇོག་འོས་ཤིང་། དེ་དག་གཅོད་པའི་ཐབས་དཔག་ཏུ་མེད་པ་མཆིས་པའི་ནང་ནས། ནད་བརྒྱའི་གཉེན་པོ་སྨན་དཀར་པོ་གཅིག་ཐུབ་ལྟ་བུ། ཡོད་ན་དེས་ཆོག །མེད་ན་དེས་ཕུང་གི་ཆོས་ཟབ་མོ་གཅོད་ཡུལ་གྱི་རྣམ་གཞག་མ་ནོར་བ་ལྟར་ན། གཅོད་ཡུལ། གཅད་བྱ། གཅོད་བྱེད། ཇི་ལྟར་གཅོད་ཚུལ་བཞིའི་དབྱེ་བ་ཡོད་པ་ལས། དང་པོ་གཅོད་ཡུལ་ནི། མ་རིག་པའི་རྣམ་རྟོག་གིས་མེད་བཞིན་དུ་ཡོད་པར་སྒྲོ་བཏགས་པའི་ཡོད་མེད་སོགས་སྤྲོས་པའི་མཐའ་བརྒྱད་ཀྱི་གཟེབ་ལས་ཡོངས་སུ་གྲོལ་བའི་གནས་ལུགས་ཆོས་ཀྱི་དབྱིངས་ཏེ། རྫོགས་པ་ཆེན་པོའི་ཆོས་སྐད་ལ་གཉུག་མའི་རིག་པ་བྱང་ཆུབ་ཀྱི་སེམས་ཞེས་འབོད་ཅིང་། དེ་ནི་ཚིག་གིས་བརྗོད་མི་བཏུབ་ལ། བློས་གཞལ་མི་ནུས་པའི་དོན་དམ་པའི་གནས་ལུགས་ཐོག་མ་དང་ཐ་མ་མེད་པ། ཡོད་པའང་མ་ཡིན་ཏེ། ཇི་ལྟར་གཟིགས་པའི་ཡེ་ཤེས་ཀྱིས་འདི་ཞེས་བསྟན་དུ་མེད། མེད་པའང་མ་ཡིན་ཏེ་ཆོས་ཐམས་ཅད་འབྱུང་བའི་གཞི། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་འབའ་ཞིག་ཏུ་གྱུར་པ་ཉིད་ཡིན། ཆོས་ཀྱི་དབྱིངས་ཉིད་ལ་རང་ངོས་ནས་སྐྱེ་འགག་འཆིང་གྲོལ་སོགས་ཀྱི་མཚན་མ་མེད་ཀྱང་། རིག་པ་ཆོས་སྐུའི་རྩལ་འགག་པ་མེད་པ་ལས་སྣང་བ་སྣ་ཚོགས་ཤར་བ་ན། དེ་རང་སྣང་དུ་མ་རྟོགས་པའི་དབང་གིས་འཁོར་བ་རིགས་དྲུག་དང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྣམས་ཤར་ཞིང་། འཁོར་འདས་ཀྱི་སྣང་བ་བཟང་ངན་ཐམས་ཅད་འབྱུང་བཞིན་དུ་སྐད་ཅིག་ཙམ་ལའང་དབྱིངས་ལས་གཡོ་བ་མེད་པར་གནས་པས་ན། དོན་དུ་ཆོས་ཀྱི་དབྱིངས་སུ་འཐོབ་བྱའི་མྱང་འདས་དང་། བསྒྲུབ་བྱའི་ལམ། སྤང་བྱའི་འཁོར་བ་ཐམས་ཅད་ཡེ་ནས་དག་པས། དེ་ནི་བདུད་གཅོད་པའི་ཡུལ་ཏེ། དོན་དམ་པའི་དབྱིངས་སུ་བདུད་ཅེས་བྱ་བའི་མིང་ཡང་མི་གནས་པའི་ཕྱིར་རོ། །འདི་ནི་གཏེར་གཞུང་རྣམས་སུ་མངོན་སྤྱོད་ཀྱི་སྐབས་སུ་གཟུང་འཛིན་གྱི་དགྲ་བགེགས་སྐྱེ་མེད་ཀྱི་དབྱིངས་སུ་བསྒྲལ་བར་མཛད་པ་དང་དོན་གཅིག་སྟེ། བསྒྲལ་བ་ནི་སྐབས་འདིར་དག་པའམ་ཞིག་པར་བྱེད་པ་ལ་གོ་དགོས། དེས་ན་སྐྱེ་མེད་དམ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ལ་ཐོག་མ་ཉིད་ནས་གཟུང་འཛིན་རྣམ་རྟོག་གི་དྲི་མས་རྡུལ་ཙམ་སྒྲིབ་པ་མེད་པས། གཉེན་པོ་ལ་མ་ལྟོས་པར་ཉོན་མོངས་པ་སྔར་ནས་ཞིག་ཟིན་ན། གཉིས་སྣང་གི་རྟོག་ཚོགས་བསྒྲལ་བའི་ཡུལ་མ་ནོར་བ་ཡིན་ནོ། །གཉིས་པ་གཅད་བྱ་ནི། ཐོགས་བཅས་ཀྱི་བདུད་དང་། ཐོགས་མེད་ཀྱི་བདུད། དགའ་བྲོད་ཀྱི་བདུད། སྙེམས་བྱེད་ཀྱི་བདུད་བཅས་བཞི་ཡོད་པ་ལས། སྐབས་འདིར་བདུད་ནི་ཕྱི་ནང་གི་ཡུལ་བཟང་ངན་དང་། མཆོག་དམན། གཙང་དང་མི་གཙང་བའམ། སྣང་སྲིད་ཀྱི་ཆོས་རྣམས་བདག་གཞན་གང་ཡང་རུང་བར་ཞེན་འཛིན་གྱིས་འཁྲི་བ་སྟེ། རང་ཉིད་དེས་བཅིངས་ཚེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ་གེགས་བྱེད་པའི་ཕྱིར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། གཟུགས་ནས་རྣམ་མཁྱེན་གྱི་བར་གང་ལ་ཐོགས་ནའང་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་གསུངས་པ་དང་དགོངས་པ་མཐུན་པར། མ་ཅིག་གིས། ཐོགས་བཅས་ཡུལ་གྱི་འཁྲི་བ་བཅད། །ཐོགས་མེད་ཡུལ་གྱི་འཁྲི་བ་བཅད། །དགའ་སྤྲོ་ཞེན་པའི་འཁྲི་བ་བཅད། །སྙེམས་བྱེད་བདག་གི་འཁྲི་བ་བཅད། །ཅེས་གསུངས། དེ་ལ་ཐོགས་བཅས་ཀྱི་བདུད་ནི་སེམས་ཁོ་ནར་འཆར་བ་ཙམ་མ་ཡིན་པར། ཐད་ཀར་དུ་མིག་གིས་མཐོང་བ་དང་། ལག་པས་གཟུང་བྱར་ཡོད་པའི་དངོས་པོ་གཟུགས་སྒྲ་དྲི་རོ་སོགས་ཡུལ་ལ་ཞེན་འཛིན་བྱུང་ནས། ཉ་མོ་དྲྭ་རྒྱར་ཚུད་པ་བཞིན་དུ་དེས་རང་སེམས་བཅིངས་པ་ལ་གོ་དགོས། དྲན་ཤེས་ཀྱི་གཉེན་པོ་མེད་ཚེ། རང་རེ་རྣམས་ཀྱིས་ཧ་མ་གོ་ཡང་། ཉིན་རེ་བཞིན་དུ་བདུད་འདིས་རང་ཅག་གི་སེམས་ལ་དབང་བསྒྱུར་ནས། ཕྲ་རགས་ཀྱི་སྡུག་བསྔལ་སྣ་ཚོགས་བསྐྱེད་ཅིང་། ཐར་པ་ཐོབ་པ་ལ་བར་ཆད་རྩོམ་བཞིན་ཡོད་པས། དང་པོ་བདུད་འདི་ངོས་འཛིན་པ་གལ་ཆེ། དཔེར་ན། དངོས་པོ་ཡིད་དུ་འོང་བ་ཞིག་མཐོང་ཚེ། དེ་མཛེས་པ་དང་། བཟང་པོ་དང་། མཆོག་དང་། ཕུན་སུམ་ཚོགས་པའི་འདུ་ཤེས་རྒྱུད་ལ་སྐྱེས་ཤིང་། ཡང་དང་ཡང་དུ་ཡིད་ལ་བྱེད་བཞིན་དུ་དེ་ལ་ཞེན་འཁྲི་དམ་པོ་བྱུང་བ་ཡིན་ཏེ། གནས་ཁང་ཡོ་བྱད་ལ་ཞེན་པ་དང་། ཟས་གོས་ལོངས་སྤྱོད་ལ་སྲེད་པ། འཁོར་དང་བཀུར་སྟི་ལ་ཆགས་པ་ལྟ་བུའོ། །ཚུར་རང་གི་སེམས་དང་ཕར་འཇིག་རྟེན་པ་ཚོ་ལ་དཔྱད་ན། བདུད་འདིས་གནས་སྐབས་སུ་ཚོར་བ་བདེ་བ་ཙམ་སྐྲུན་ནུས་ཀྱང་། མཐར་རང་གཞན་ཀུན་གྱི་ཡིད་ལ་ཟུག་རྔུས་བཏབ་སྟེ། དོན་གྱི་བདེ་བ་ཡང་དག་པའི་ཐར་པ་ཐོབ་པ་ལ་གེགས་ཁོ་ན་བྱེད་པ་ལས་མ་འདས། ཐོགས་བཅས་ཀྱི་བདུད་གཅོད་ཟེར་བ་དེ་ད་ནས་བཟུང་རང་གི་ནོར་ལོངས་སྤྱོད་འདོད་ཡོན་རྣམས་སྤངས་ནས། ལམ་ཁའི་སྤྲང་པོ། རི་ཁའི་སྤྱང་ཀི །གནས་ངེས་མེད་ཀྱི་བྱ་བྲལ་པ། གཅེར་རྒྱུག་གི་སྨྱོན་པ་ལྟ་བུའི་བརྟུལ་ཞུགས་ལ་གློ་བུར་དུ་ཞུགས་པ་ལ་མི་གོ་བར། རང་རྒྱུད་ལ་དྲན་ཤེས་ཀྱིས་ལེགས་པར་བརྟགས་ནས། བདུད་དེ་སྐྱེས་པ་མཐོང་ཚེ། ཆོས་ཉིད་ཀྱི་ལྟ་བའི་གདེང་དང་མ་བྲལ་བར། ཐད་ཀར་འབུར་འཇོམས་སུ་གཅོད་པ་ལ་བྱ། འཇིག་རྟེན་ཐ་མལ་པའི་དངོས་པོ་རྣམས་སྨྲོས་ཅི་དགོས། སྐུ་གསུང་ཐུགས་རྟེན་ཏེ། ལྷ་ཁང་། གསེར་སྐུ། པོ་ཏི། མཆོད་རྟེན་ལ་ཞེན་ཆགས་བྱུང་ན་རང་སེམས་འཆིང་བར་འགྱུར་འོང་ན། ཐོགས་བཅས་བདུད་དེ་འབྱུང་ཡུལ་འདི་ན་ཡོད་ཅེས་དང་འདི་ན་མེད་ཅེས་ཁ་ཚོན་གཅོད་དཀའ། སྔོན་གྱི་གཏམ་རྒྱུད་ཅིག་ལ། དགོན་སྡེ་ཆེན་པོ་ཞིག་ཏུ་དགོན་བདག་བླ་མའི་འདས་མཆོད་དུ་དད་ལྡན་གྱི་གྲྭ་སློབ་མང་པོ་མཉམ་དུ་འཛོམས་ཏེ། ཆོ་ག་རྒྱ་ཆེན་པོ་གཏོང་སྐབས་སུ། མངོན་ཤེས་ཅན་གྱི་རྣལ་འབྱོར་པ་སྤྲང་རྒན་གྱི་ཚུལ་དུ་འཁྱམས་པ་ཞིག་དེ་ཀར་སླེབས། སྐད་ཆེན་པོའི་སྒོ་ནས། ཁྱེད་ཅག་གི་བླ་མ་དེ་ཞིང་ཁམས་ན་ཕེབས་མ་ནུས་པར། བར་དོར་སྡུག་བསྔལ་མྱོང་བཞིན་འདུག་ཅེས་སྨྲས་པས། གྲྭ་པ་རྣམས་ཚིག་པ་ཟོས་ནས། ཁོ་རྡུང་གྲབས་བྱེད་སྐབས་སུ། བློ་གཟུ་བོར་གནས་པའི་གྲྭ་རྒན་ཞིག་གིས། མི་འདི་ད་དུང་མ་རྡུང་། ཁོའི་གཏམ་ལ་བདེན་རྟགས་ཡོད་ན་སྟོན་ཆུག་ལབ་པས། རྣལ་འབྱོར་པ་དེས་གྲྭ་པ་རྣམས་ཁྲིད་ནས་བླ་བྲང་དུ་སོང་། བླ་མ་འདས་པོའི་གཟིམས་ཁང་ནང་དུ་སྒམ་ཆུང་ཞིག་ཡོད་པར་མཛུ་གུ་གཏད་ནས། འདིའི་ཁ་ཕྱེས་ཞེས་སྨྲས། ཚང་མས་དེའི་ཁ་ཕྱེ་ཚེ། སྒམ་དེའི་ནང་དུ་སྟོན་པའི་གསེར་སྐུ་ཞིག་ལ་སྡིག་པ་རྭ་ཙ་ཆེན་པོ་ཞིག་གིས་འཁྲིལ་ཡོད་པ་མཐོང་། ཁོས་སྲོག་ཆགས་འདི་ཁྱེད་ཚོའི་བླ་མ་རེད། ཁོང་གསེར་སྐུ་འདི་ལ་ཞེ་ཆགས་ནས་དག་ཞིང་དུ་འགྲོ་མ་ནུས་པ་རེད་ཅེས་གསུངས། མདོར་ན་དུས་འགའ་རེ་ཙམ་མ་ཡིན་པར། ཉི་མ་རེ་བཞིན་བདུད་འདིས་འཇིག་རྟེན་པ་རྣམས་བསླུས་ནས་ཚོགས་དྲུག་གི་ཡུལ་ལ་སེམས་ཤོར་ཞིང་། དགའ་སྡུག་རེ་དོགས་ཆགས་སྡང་གི་རྣམ་རྟོག་ཆུའི་གཉེར་མ་རྒྱུན་མ་ཆད་པར་འབྱུང་བཞིན་ཡོད། དེ་བཞིན་དུ་དྲན་ཤེས་ལྡན་པའམ། རྣལ་འབྱོར་པ་རིག་ཐོག་ཏུ་བསྡད་ཡོད་ན་མ་གཏོགས། འཇིག་རྟེན་པ་ཕལ་མོ་ཆེ་རྒྱུན་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་འདོད་ཡོན་ལ་ཞེ་ཆགས་ནས་བདུད་འདིའི་དབང་དུ་གྱུར་པའི་དཔེ་ལ། མིག་ཤེས་གཟུགས་ལ་ཆགས་པས་ཕྱེ་མ་ལེབ་མར་མེས་ཚིག་པ་དང༌། རྣ་བ་སྒྲ་ལ་ཆགས་པས་རི་དྭགས་དུག་མདས་གསོད་པ། སྣ་དྲི་ལ་ཆགས་པས་བུང་བ་མེ་ཏོག་ཏུ་འཐུམ་པ། ལྕེ་རོ་ལ་ཆགས་པས་ཉ་མོ་ལྕགས་ཀྱུས་ཟིན་པ། ལུས་རེག་བྱ་ལ་ཆགས་པས་གླང་པོ་ཆེ་འདམ་དུ་བྱིང་བ་སོགས་བཀོད་པ་ལྟ་བུའོ། །དཔེ་འདི་དག་གིས་ངེས་པར་དུ་འདོད་ཡོན་གྱི་ཉེས་དམིགས་སྒོམ་པར་བསྐུལ་བ་མ་ཡིན་པར། དེ་ཚོར་ཞེན་ཆགས་བྱུང་ཚེ་ད་གཟོད་འཁོར་བར་མུ་མཐུད་དུ་གནས་པའི་རྒྱུར་འགྱུར་བར་བསྟན་པ་ཡིན། སྤྱིར་འདོད་ཡོན་དག་རང་ངོས་ནས་ཕན་གནོད་གང་དུའང་མ་གྲུབ་པས། སྤྱོད་ཀྱང་དགག་བྱ་ཅི་ཡང་མེད། ཆོས་ཉིད་རྟོགས་པའི་རྣལ་འབྱོར་པ་ཞིག་གིས་འདོད་ཡོན་ཅི་དགར་སྤྱོད་ཀྱང་ཞེན་ཆགས་ཀྱིས་མ་བཅིངས་པས་བདུད་དུ་མི་འགྲོ་བས་ན། རྒྱུད་ལས། གཉིས་མེད་ཡེ་ཤེས་སེམས་ལྡན་པས། །མི་བྱ་བ་ནི་ཅི་ཡང་མེད། །མི་རྟོག་བདག་ཉིད་སེམས་ཀྱིས་ནི། །འདོད་པའི་ཡོན་ཏན་ལྔ་རྣམས་སྤྱད། །ཅེས་གསུངས། འོན་ཀྱང་རྟོགས་པ་མཆོག་ལྡན་དོན་གྱི་རྣལ་འབྱོར་པ་ཞིག་ཡིན་ན་མ་གཏོགས། སྐྱ་སེར་སྔགས་བཙུན་ཕལ་ཆེ་ཤོས་ནོར་རྒྱུ་རྫས་འདོད་ཡོན་ལོངས་སྤྱོད་བཀུར་སྟི་ལ་ཆགས་ནས་བདུད་ཀྱི་ཁོལ་མོར་འགྱུར་ཤིན་ཏུ་སླ་བ་ཡིན་ན། ཆོས་པ་དག་གིས་འདོད་ཡོན་ལ་གཟབ་དགོས་ཀྱི། རང་གི་རྒྱུད་ལ་ཉམས་རྟོགས་རྣལ་མ་མི་འབྱུང་ཞིང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་རང་རང་སོ་སོའི་གྲུབ་མཐའ་ཉམས་པའི་རྒྱུར་འགྲོ་སྟེ། བཀའ་གདམས་གླེགས་བམ་ལས། འདོད་ཡོན་བདུད་ཀྱི་གཡབ་མོ་འབྱུང་། །བསམ་གཏན་ཆགས་སྡང་དག་ལ་འཆོར། །ཞེས་ལུང་བསྟན། དེས་ན་ནོར་གྱི་མཆོག་ཏུ་གྱུར་པ་ནི་འདོད་ཆུང་ཆོག་ཤེས་ཡིན། དེ་སུ་ལ་ཡོད་ན་དེ་ལ་བདེ་སྐྱིད་ཡོད། དེ་སུ་ལ་མེད་ན་དེ་ལ་བདེ་བ་མེད། དེང་སང་བླ་གཟུགས་འཛིན་མཁན་འགའ་རེས་སྟེས་དབང་གིས་ཡོན་བདག་ཕྱུག་པོ་རྙེད། རྒྱུ་ནོར་སྟོབས་འབྱོར་གྱིས་དྲེགས། རྒྱལ་པོ་བཞིན་དུ་འདོད་ཡོན་སྣ་ཚོགས་ལ་སྤྱོད་པ་ལ། མི་རྣམས་ཀྱིས་ཀྱང་དེ་ལ་ཡིད་སྨོན་འཆོར་ནས། ཁོ་བསོད་ནམས་ཆེ་བ་འདུག་ཅེས་ཟེར་ནས་བསྔགས་ཤིང་
དཀར་ཆག