དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

བཅས་པ་ཆོས་སྐུའི་ཡོ་ལང་ལས་མ་འདས་པས། ཀུན་མཁྱེན་ཀློང་ཆེན་པོས། མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །བསྒོམ་པའི་ཆོས་མེད་ཐ་མལ་རང་གའི་ངང༌། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་བ་ལྷུག་པ་ཡན་པ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་བདེ། །ཞེས་གསུངས། དེང་སང་གི་གྲོང་ཆོག་པ་རེ་ཟུང་གིས་གསང་སྔགས་ཀྱི་ཆོ་ག་རྣམས་སུ། ལས་བྱང་གི་ཐོག་མར་བགེགས་བསྐྲད་བྱེད་སྐབས་སུ། འདྲེ་བདུད་རང་མཚན་པ་ཞིག་རྒྱ་མཚོའི་ཕ་རོལ་དུ་བསྐྲད་དགོས་སྙམ་ནས། མིག་ཅེ་རེར་བསྒྲད། འདོན་དབྱངས་མཐོན་པོར་གྱེར། ནས་འབྲུ་ཤུགས་དྲག་པོས་འབྲབ་བཞིན་འདུག་ཀྱང། ཁོང་རྣམས་ཀྱིས་གསང་སྔགས་བླ་མེད་ཀྱི་གཞུང་ལ་ད་དུང་ཐོས་བསམ་ཅུང་གནང་དགོས་པ་འདྲ། དོན་དུ་བསྐྲད་བྱའི་བགེགས་དེ་རང་རྒྱུད་ཀྱི་བདག་དང་ངར་འཛིན་ལ་གོ་སྟེ། ཀརྨ་གླིང་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ལུས་ངག་སེམས་ལ་གནོད་བྱེད་པའི༔ དུག་ལྔ་དུག་གསུམ་རྣམ་རྟོག་བགེགས༔ ང་དང་བདག་ཏུ་འཛིན་པའི་འདྲེ༔ ཁམས་གསུམ་འཁོར་བའི་འདྲེ་བོ་ཆེ༔ ལན་ཆགས་གནས་འདིར་མ་འདུག་པར༔ ང་ཡི་བཀའ་ལས་ཁྱོད་མ་འདའ༔ རང་རང་གནས་སུ་མྱུར་དུ་དེངས༔ ཞེས་གསུངས། དེས་ན་བགེགས་ཟེར་བ་དེ་དུག་ལྔ་དུག་གསུམ་གྱི་རྣམ་རྟོག་གི་མིང་ཡིན། འདྲེ་ཟེར་བ་དེ་བདག་འཛིན་དང་ངར་འཛིན་གྱི་མིང་གཞན་ཞིག་ཡིན། དེ་ཚོ་རང་རང་གནས་སུ་དེངས་ཤིག་ཅེས་ཕར་བསྐྲད་ས་དེ་སེམས་ཉིད་སྐྱེ་བ་མེད་པའི་དབྱིངས་ལ་གོ་དགོས། རྣམ་རྟོག་གི་བདུད་འདྲེ་དེ་ཚོ་དང་པོ་སེམས་ཉིད་སྐྱེ་མེད་ཀྱི་དབྱིངས་ལས་བྱུང་། དེ་དག་གི་ངོ་བོའང་འཕྲོ་གཞིའི་ཆོས་སྐུ་ལས་ལོགས་སུ་མ་གྲུབ་པས། རྗེས་སུ་དེའི་དབྱིངས་སུ་གྲོལ་བར་བྱེད་དགོས་ན། རང་ལུགས་ལ། བདུད་ཆོས་སྐུ་མིན་ཡང་ཆོས་སྐུ་ལས་གཞན་པའི་བདུད་ལོགས་སུ་མེད་ཅེས་ཁས་ལེན་བྱ་འོས། དེའི་ཚུལ་ནི། རྣམ་རྟོག་འོད་གསལ་མ་ཡིན་ཡང་འོད་གསལ་ལས་གཞན་པའི་རྣམ་རྟོག་མེད་ཅེས་འདོད་འོས་པ་དང་མཚུངས་ཏེ། རྒྱལ་བའི་མྱུ་གུ་ཆེན་པོ་ཨོ་རྒྱན་ཆོས་ཀྱི་དབང་པོའི་ཞལ་ནས། རྣམ་རྟོག་འོད་གསལ་མ་ཡིན་ཡང་། །འོད་གསལ་མིན་པའི་རྣམ་རྟོག་མེད། །ཆབ་རོམ་ཆུ་དངོས་མ་ཡིན་ཡང་། །ཆུ་ལས་གཞན་པའི་ཆབ་རོམ་མེད། །ཅེས་གསུངས། འོན་ཀྱང་དག་པ་ཡེ་ཤེས་ཀྱི་འཁོར་ལོ་དང་ཉོན་མོངས་རྟོག་ཚོགས་མཐའ་དག་ཆོས་སྐུའི་རང་བཞིན་དུ་དབྱེར་མི་ཕྱེད་པའི་ལྟ་བ་ལ་ངེས་ཤེས་དྲངས་ཚར་རྗེས་སུའང་། གནས་སྐབས་ཐ་སྙད་ཙམ་དུ་བདག་འཛིན་ལ་བདུད་ཅེས་འདོགས་ན་མི་འོས་པ་མེད། མདོར་ན་སྙེམས་བྱེད་ཀྱི་བདུད་འདི་ཉོན་མོངས་མང་པོའི་རྒྱུ་ཡིན་པས། ལྷག་ཏུ་གཅོད་ཡུལ་ཉམས་སུ་ལེན་སྐབས་སུ་དེ་ཐད་ཀར་དུ་གང་ཡིན་ངོས་འཛིན་དགོས་ཀྱི། གཞན་དུ་བདག་མེད་ཅེས་པའི་ཚིག་བརྒྱ་སྟོང་འདོན་ཞིང་། ཕཊ་སྒྲ་དྲག་པོ་འབྲུག་སྒྲ་གནམ་ས་འགུལ་ནུས་པ་ལྟ་བུ་ཉིན་མཚན་ཀུན་ཏུ་བསྒྲགས་ཀྱང་། འདྲེ་ཤར་སྒོར་གནས་པ་ལ། གླུད་ནུབ་སྒོར་གཏོང་བའི་དཔེ་ལྟར་དུ། ངར་འཛིན་ལ་ཅི་ཡང་མི་གནོད་པས། ཐོག་མར་སྙེམས་བྱེད་བདུད་དེ་ངར་འཛིན་ལ་ངོས་འཛིན་དགོས་པ་མ་ཟད། ད་ལྟ་ཉིད་དུ་རང་ཅག་གི་རྒྱུད་ལ་ཡོད་པའི་ངའོ་སྙམ་དུ་འཛིན་བློ་འདི་ཐད་ཀར་དུ་གཅད་བྱའི་བདུད་དང་། བསྐྲད་བྱའི་འདྲེ་ཡིན་པ་ཧ་གོ་ནས། དེ་སྐྱེ་མེད་དབྱིངས་སུ་རང་སར་ཞིག་པར་བྱེད་པའི་བཙན་ཐབས་ལ་འབད་པར་བྱའོ། །གསུམ་པ་གཅོད་བྱེད་ནི། སྤྱིར་བདག་འཛིན་ཤིང་སྡོང་ལྟ་བུ་ལ། དེ་གཅོད་བྱེད་སྟ་རེ་ལྟ་བུ་ནི་བདག་མེད་རྟོགས་པའི་ཤེས་རབ་ཡིན་ཞིང་། དེ་ལས་གཞན་པའི་ལུས་ངག་གི་དགེ་བ་དག་ཇི་ལྟར་བསགས་ཀྱང་། གནས་སྐབས་ལྷ་མིའི་བདེ་བ་ལོངས་སྤྱོད་པའི་རྒྱུར་འགྲོ་བ་ཙམ་ལས། འཁོར་བའི་རྩ་བ་དྲུང་ནས་འབྱིན་མི་ནུས་པས། ཅིས་ཀྱང་ཐར་པའི་གྲོང་ཁྱེར་ཆེན་པོར་བསྐྱོད་པར་འདོད་པ་རྣམས་ཀྱིས་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་བསྐྱེད་པར་བྱ། གཞན་དུ་ཀུན་རྫོབ་ལུས་ངག་ཡིད་གསུམ་གྱི་དགེ་བ་སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ། ཞི་གནས་དང་སྙིང་རྗེ་ལྟ་བུ་སོགས་ལ་འབད་ཀྱང་། དེ་དག་གིས་འཁོར་བའི་རྩ་བ་གཅོད་མི་ནུས་ཤིང་། དེ་དག་ཁོ་ལ་བརྟེན་ནས་ཐར་པ་མངོན་དུ་གྱུར་པའི་སྐབས་མེད་དེ། དེ་སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་པ་ནི། དེ་དག་ནི་བདག་འཛིན་དང་ཐད་ཀར་དུ་འགལ་བར་མི་གནས་པའི་རྒྱུ་མཚན་ཡིན་པར། རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པས། བྱམས་སོགས་རྨོངས་དང་མི་འགལ་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཞེས་དང་། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ཡི་རང་བཞིན་ཉེས་ཀུན་དང་། །འགལ་བར་རབ་ཏུ་གྲུབ་པ་ཡིན། །ཞེས་གསུངས། དེ་ལྟར་དུ་ཐེག་པ་ཐུན་མོང་གིས་བཞེད་པར་མ་ཟད། རྫོགས་པ་ཆེན་པོའི་ལུགས་ལ་ཟག་པ་དང་བཅས་པའི་དགེ་བ་གཞན་གང་གིས་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འཁྲིད་མི་ནུས་ཤིང་། མཐར་ཤེས་རབ་ཀྱིས་གྲོལ་དགོས་པར་བཞེད་པས། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་ཀྱང་ཤེས་རབ་ཁོ་ནའི་སྒོ་ནས་ཡེ་སངས་རྒྱས་པའི་ཁར་ཡང་སངས་རྒྱས་པ་སྟེ། རྒྱལ་བ་ཐམས་ཅད་ཀྱི་སྤྱི་མེས་དཔལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་ནི། འཁོར་འདས་གང་གི་ཕྱོགས་སུའང་མ་ལྷུང་བའི་གཞི་དབྱིངས་ཆེན་པོའི་ཀློང་ལས། ཤེས་རབ་ཀྱི་སྲོག་རླུང་ཕྲ་བ་གཡོས་པའི་རྐྱེན་བྱས་ཏེ། ནང་གདངས་ཕྱིར་འཆར་ཚེ། མ་རིག་པའི་རྣམ་རྟོག་ཅུང་ཙམ་ཡང་འཕྲོ་བ་མེད་པར། དེ་མ་ཐག་ཏུ་གཞི་སྣང་དེ་ཉིད་རང་སྣང་དུ་རང་ངོ་ཤེས་པའི་སྐད་ཅིག་མ་ལ། ཟག་མེད་ཚོགས་ཆེན་གྱི་ཕུང་པོ་རྩོལ་མེད་ལྷུན་གྲུབ་དུ་རྫོགས་ཏེ། རྒྱལ་བ་ཐམས་ཅད་ཀྱི་སྤྱི་མེས་ལྟར་དུ་ཀུན་གྱི་ཐོག་མར་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན། ཞིབ་པར་གཞུང་ལུགས་རྣམས་སུ། གཞི་ལས་འཕགས་པ། རང་ངོར་སྣང་བ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་ཏུ་གྲོལ་བ། གཞན་དུ་མི་གཡོ་བ། རང་སར་གནས་པ་སྟེ་ཀུན་ཏུ་བཟང་པོའི་གྲོལ་ལུགས་ཁྱད་ཆོས་དྲུག་གི་སྒོ་ནས་བཀྲལ་ཡོད། ཀུན་ཏུ་བཟང་པོ་གྲོལ་བྱེད་གཙོ་བོ་གང་ཡིན་ཞེ་ན། མདོ་སྔགས་ཀྱི་གཞུང་ཐམས་ཅད་དུ་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཤེས་རབ་ཀྱི་སྒོ་ནས་ཐར་པ་ཐོབ་པར་བཞེད་པ་དང་མཐུན་པར། ཤེས་རབ་འཇོག་དགོས་པས་ན། སྒྲོན་མ་འབར་བ་ལས། གཞི་ཉིད་འབྲས་བུ་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡིས། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །ཞེས་གསུངས། དེ་ནི་ཐོག་མའི་སྤྱི་གཞི་ལུང་མ་བསྟན་པ་ལས། གཞི་སྣང་ཤར་ཚེ་སྐད་ཅིག་ཙམ་ཡང་མ་འཁྲུལ་བར་རིག་པས་རང་ངོ་ཤེས་ཤིང་། ལྷུན་གྲུབ་སྒོ་བརྒྱད་རང་སྣང་ལས་གུད་དུ་མེད་པར་རྟོགས་པའི་ཤེས་རབ་དེ་ཡིན་ནོ། །འོན་ཀྱང་གོང་གི་རྒྱུད་ལུང་ལས་བསྟན་པའི་ཤེས་རབ་ནི་རྫོགས་ཆེན་ལུགས་ཀྱི་རང་བྱུང་ཡེ་ཤེས་ཡིན་ཞིང་། འཇིག་རྟེན་གྱི་ཤེས་རབ་ཀུན་ལས་འདས་ཤིང་། འཇིག་རྟེན་ལས་འདས་པའི་ཤེས་རབ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཏེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་མི་དཀྱུས་མའམ། རྒྱལ་ཕྲན་གྱི་རྒྱལ་པོ་ཐམས་ཅད་ལས་ཀྱང་སྟོབས་འབྱོར་མངའ་ཐང་ཆེ་ཞིང་བརྗིད་པས། དེ་དག་གི་གསེབ་ཏུ་རྩེ་མོར་སོན་ན་ཡང་། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཁྲོད་དུ་གསེར་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། དངུལ་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ། ཟངས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ། ལྕགས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ཡོད་པའི་ནང་ནས། གསེར་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཉིད་ཀུན་ལས་ཕུལ་དུ་བྱུང་བ་ལྟ་བུ་དང་མཐུན། རྫོགས་པ་ཆེན་པོའི་སྐབས་སུ་བསྟན་པའི་ཤེས་རབ་ཀྱི་ཆེ་བ་འདོན་སྐབས་སུ། སྔོན་གྱི་གོང་མ་དུ་མས་སེམས་ཉིད་དག་པ་དང། སེམས་དག་པ་གཉིས་སུ་ཕྱེ་ནས། དང་པོའི་མཚན་གཞི་ལ་མདོ་ལུགས་ཀྱི་སོ་སོ་རང་གིས་རིག་པའི་ཡེ་ཤེས་དང་། གཉིས་པའི་མཚན་གཞི་ལ། རྟོག་བཅས་དང་རྟོག་མེད་གཉིས་ཀས་བསྡུས་པའི་ལམ་དུས་ཀྱི་དགེ་བའི་ཚོགས་ཐར་པའི་རྒྱུར་སོང་བ་དུ་མ་བཞག་ཅིང་། དང་པོའང་ཡེ་ཤེས་ཀྱི་སྒྲ་འཇུག་པ་ཙམ་ལས་དངོས་མ་ཡིན་པར་བཞེད་པའང་། ཨ་ཏི་ཡོ་གའི་རང་བྱུང་གི་ཡེ་ཤེས་ནི་ཡེ་ཤེས་དངོས་དང་། ཐེག་པ་གཞན་ལས་བསྟན་པའི་ཡེ་ཤེས་རྣམས་ནི་བཏགས་པ་བ་ཡིན་ཞིང་། སེམས་དང་ཡེ་ཤེས་གཉིས་སུ་ཕྱེས་པའི་སེམས་ཙམ་གྱི་ཁོངས་སུ་འགྲོ་བའོ། །དེས་ན་དོན་ལ་མཁས་པའི་བླ་མ་དང་བཤེས་གཉེན་གྱི་མདུན་ནས་མདོ་དང་བསྟན་བཅོས་ཞལ་གདམས་ལ་ཐོས་བསམ་ལེགས་པོར་བྱས་ནས། དཔྱད་སྒོམ་གྱི་སྒོ་ནས་སྟོང་པ་ཉིད་ཀྱི་ལྟ་བ་རྒྱུད་ལ་བསྐྱེད་པའམ། གསང་སྔགས་ཀྱི་སྒོར་ཞུགས་ནས། དབང་དང་ངོ་སྤྲོད་ཀྱིས་བཙན་ཐབས་སུ་ཆོས་ཉིད་ཀྱི་དོན་ཉམས་སུ་མྱོང་བར་བྱ་འོས་ཀྱི། ཁ་ལྟ་སྟོང་སྐད་ཀྱི་ལྟ་བ་འུད་པོ་ཆེ་དང་། སྒོམ་ཉམས་མཚར་པོས་ནམ་དུ་ཡང་འཁོར་བའི་སྲོག་རྩ་གཅོད་མི་ནུས་པ་ཤེས་པར་བྱས་ནས། མི་རིང་བར་མྱུར་དུ་དོན་དམ་པའི་ལྟ་བ་མི་བསླུ་བ་རང་རྒྱུད་ལ་འབྱོར་བར་བྱ་རིགས་སོ། །བཞི་པ་བདུད་བཞི་པོ་ཇི་ལྟར་གཅོད་ཚུལ་ནི། གནས་ཁྱིམ་ཁང་ཟས་ཡོ་བྱད་སོགས་གཟུགས་སྒྲ་དྲི་རོའི་འདོད་ཡོན་ཡིད་དུ་འོང་བར་སྣང་ནས། དེ་ལ་བདེན་འཛིན་དང་ཞེན་ཆགས་དྲག་པོ་བྱུང་བའམ། ཡུལ་གང་ཡང་རུང་བ་ཡིད་དུ་མི་འོང་བར་སྣང་ཞིང་། སྣང་བ་ལྟར་དུ་ཞེན་ནས་སྡང་སེམས་དང་ཡིད་མི་བདེ་བར་གྱུར་ཚེ། བདེན་ཞེན་གྱི་རྣམ་རྟོག་དེ་ཉིད་ཐོགས་བཅས་བདུད་དུ་ངོ་ཤེས་པར་བྱས་ནས། གང་སྣང་ཐམས་ཅད་བདེན་མེད་སྒྱུ་མ་སྨིག་རྒྱུ་ལྟར་ཐག་བཅད་ནས། ཐམས་ཅད་རང་རིག་ཆོས་སྐུའི་རྩལ་དུ་རྟོགས་པའི་ལྟ་བ་ལ་གནས་ནུས་ཚེ། བདུད་དེས་འཆིང་མི་ནུས་པས། དག་མཉམ་ཆོས་སྐུ་ཆེན་པོའི་ངང་དུ་ངལ་གསོ་བཞིན་དུ། གང་སྣང་དག་པ་རབ་འབྱམས་ཀྱི་འཁོར་ལོར་ངེས་ནས། འདོད་ཡོན་ལ་ཇི་ལྟར་ལོངས་སྤྱོད་ཀྱང་འཁོར་བའི་རྒྱུར་མི་འགྱུར། གཞན་ཡང་མིག་གི་ལམ་དུ་མཛེས་པར་མཐོང་བའི་གཟུགས་དང་། རྣ་བའི་ཡུལ་དུ་སྙན་པར་གོ་བའི་སྒྲ། ལྕེའི་ཡུལ་དུ་ཞིམ་པོར་མྱོང་བའི་རོ་རྣམས་ཀྱང་སྣང་བ་ལྟར་དུ་མ་གྲུབ་སྟེ། ཆོས་ཉིད་ཀྱི་རིགས་པས་དཔྱད་ཚེ། གཟུགས་གཅིག་འགྲོ་བ་ཞིག་གི་ངོར་ཤིན་ཏུ་མཛེས་པར་མཐོང་བཞིན་པའི་སྐབས་དེ་ཉིད་དུ། འགྲོ་བ་གཞན་ཞིག་གིས་མི་སྡུག་ཅིང་ཉམ་ང་བར་སྣང་བའམ། རྣག་ཁྲག་ཕོར་པ་གང་དེ་ཡི་དྭགས་རྣམས་ཀྱིས་བྲོ་བ་ཞིམ་པོར་མྱོང་བ་ལ། འགྲོ་བ་མི་རྣམས་ཀྱིས་དེའི་རོ་ཤིན་ཏུ་སྐྱུག་བྲོ་བར་སྣང་བས། དོན་དུ་མཛེས་དང་མི་མཛེས། ཞིམ་དང་མི་ཞིམ། སྙན་དང་མི་སྙན་གྱི་ཆོས་ཐམས་ཅད་རྣམ་རྟོག་གི་མཚན་མ་ཙམ་དུ་ཟད་པ་གོ་བར་འགྱུར། ད་ལྟ་རང་རེའི་འགྲོ་བ་མི་རྣམས་ལ་མཚོན་ན། འགའ་ཞིག་གིས་ཡག་པོར་སྣང་བ་དེ་འགའ་ཞིག་གིས་བཙོག་པར་སྣང་བ་མཐོང་ཆོས་སུ་གྲུབ་པ་མ་ཟད། རང་ཉིད་ཀྱིས་ན་ནིང་མི་སྙན་པར་སྣང་བའི་སྒྲ་དེ་ད་ལོར་ཤིན་ཏུ་སྙན་པར་མཐོང་བ་འམ། ཟླ་བ་སྔོན་མར་ཡིད་མི་དགའ་བའི་གཟུགས་དེ་ད་ལྟ་ཡག་པོར་མཐོང་ནས་ཞེ་ཆགས་པ་ལྟ་བུ་གྲངས་ཀྱིས་མི་ལོངས་པའི་སྒྱུ་མའི་མིག་འཕྲུལ་གྱིས་ཅོལ་ཆུང་སེམས་ཀྱི་བུ་ཆུང་བསླུས་པ་ལ་གཞིགས་དང་། རང་བློས་བདེན་པར་འཛིན་པའི་སྣང་བ་ཐམས་ཅད་སྣང་བ་ལྟར་དུ་མ་གྲུབ་པར། ནང་གི་སེམས་ཀྱིས་ཕར་བཏགས་པ་ཙམ་དུ་ཟད་པ་རྟོགས་འོང་། །སྔོན་ཆད་ཁོ་རི་ཡའི་རྒྱལ་ཁམས་ཀྱི་ཐེག་པ་ཆེན་པོའི་སྐྱེ་བོ་བན་ཧོ་བྱ་བ་ཞིག་ཆོས་ཞུ་བའི་ཆེད་དུ་ལམ་ཐག་རིང་པོར་འགྲིམ་སྐབས་སུ། བར་སྐབས་ཞིག་ལ། ཉིན་དུ་མར་ཁ་ཟས་མ་རྙེད་ནས་ཤིན་ཏུ་བཀྲེས་ཤིང་ངལ་བ་མ་ཟད། མུན་རུབ་ནས་གནས་ཚང་བཙལ་ཀྱང་མ་རྙེད་ཚེ། མཐར་འུ་ཐུག་ནས་མར་ས་ལ་བསྡད། ལག་པས་ཕར་རྙབ་ཚུར་རྙབ་བྱས་ཚེ་ཕོར་པ་ཞིག་རྙེད། དེའི་ནང་དུ་གང་ཡོད་འཐུང་ཚེ། མི་ཚེ་གང་པོར་ཁས་རེག་མ་མྱོང་བའི་ཟས་ཞིམ་པོ་ཟོས་པའི་སྣང་བ་ཤར་ནས་ལྟོ་བ་རྒྱགས། མར་ཉལ་ཚེ། བདེ་འཇམ་གྱི་ཉལ་ཁྲིའི་ཐོག་ཏུ་ཉལ་བ་བཞིན་དུ་གཉིད་འཐུག་པོ་བྱུང་། ཕྱི་ཉིན་ཞོགས་པ་ཤར་ནས་སད་ཚེ། མདང་དགོང་ཀ་པཱ་ལ་ཞིག་གི་ནང་ནས་རྣག་ཁྲག་འཐུང་ཞིང་། མར་ཉལ་ས་དེ་ཀེང་རུས་ཀྱིས་ཁེངས་པའི་དུར་ཁྲོད་ཞིག་ཡིན་པ་ཧ་གོ་ཚེ། གློ་བུར་དུ་སྣང་བ་ཐམས་ཅད་བདེན་པར་མ་གྲུབ་པར་སེམས་ཀྱི་ཆོ་འཕྲུལ་ཡིན་པར་མཐོང་ནས་ཆོས་ཉིད་རྟོགས་ཏེ། ད་ནི་ངས་ཆོས་ཉིད་རྟོགས་ཚར་སོང་བས། བླ་མ་དང་ཆོས་འཚོལ་མི་དགོས་ཞེས་ལབ་ནས་ཕྱིར་ཕ་ཡུལ་དུ་ལོག་ནས་ཕྲིན་ལས་རྒྱ་ཆེན་པོ་བྱུང་བར་གྲགས། སྔར་གྱི་གཅོད་ཀྱི་གདམས་ངག་འགའ་རེར། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་སྐབས་སུ། རང་གི་མིག་ལམ་དུ་བཙོག་པར་མཐོང་བའི་གོས་གྱོན་པའམ། རང་གིས་སྐྱུག་བྲོ་བར་ཚོར་བའི་བཟའ་བཏུང་སྤྱད་ནས་བསྐྱུགས་པ་ན། སྐྱུག་པ་སླར་བཏུངས་ནས་རྣམ་རྟོག་ཀུན་བྲལ་ཅི་ཡང་མི་དམིགས་པའི་ངང་ལ་གཞག་པར་བྱ་དགོས་པར་གསུངས་པ་རྣམས་དོན་དུ་བཙན་ཐབས་ཀྱིས་བདུད་འདི་གཅོད་པའི་ཐབས་སུ་བསྟན་པ་ཡིན། འོན་ཀྱང་བརྟུལ་ཞུགས་ཀྱི་སྤྱོད་པ་འགའ་ཞིག་ནི་དུས་དང་གནས་ཁྱད་པར་བར་སྤྱོད་ན་ཕན་ནུས་ཆེ་སྲིད་ཀྱང་། གང་བསམ་བྱུང་རྒྱལ་དུ་སྤྱོད་པར་མི་བྱ་ཡི། དངོས་གྲུབ་མེད་པར་བར་ཆད་ཀྱི་སྣ་འདྲེན་འབྱུང་བས་ཤིན་ཏུ་གཟབ་དགོས་པའི་གནས་སུ་མཆིས། དེ་དག་སྤྱོད་