རུང་བའི་གནས་དུས་ནི། དང་པོ་རྟོགས་པ་མཆོག་ལྡན་གྱི་བླ་མས་བྱིན་རླབས་རྒྱུད་ལ་ཕོག་ཅིང་། རྒྱུད་ལ་བདག་མེད་སྟོང་པ་ཉིད་དམ། ཀ་དག་འོད་གསལ་ཐེག་རྩེའི་ལྟ་བ་ལ་གོ་བ་རྣལ་མ་སྐྱེས་ཚར་བའི་དུས་སུ། རྒྱལ་ཁམས་ཀྱི་སྐྱེ་བོ་ཚང་མ་འདུ་བའི་ཚོང་ཁྲོམ་ལྟ་བུ་མ་ཡིན་པར། དབེན་པའི་གནས་སུ་གཞན་གྱིས་མི་མཐོང་བར་རང་ཉིད་གཅིག་པུས་གཙང་སྨེ་འཇིག་རྟེན་མཐུན་འཇུག་གི་རྣམ་གཞག་དང་འགལ་བའི་བརྟུལ་ཞུགས་ལ་སྤྱད་ན། བོགས་འདོན་རྨད་དུ་བྱུང་བ་ཐོན་ཏེ། ལོ་མང་པོར་ཐོས་བསམ་སྒོམ་གསུམ་བྱས་ཀྱང་མ་གོ་བའི་དོན་ཟབ་མོ་དེ་ཉིན་ཞག་གཅིག་ལ་མངོན་དུ་གྱུར་པའམ། མདོ་སྔགས་ཀྱི་རྣམ་གྲངས་ཟབ་ཅིང་རྒྱ་ཆེ་བ་ཡུན་རིང་ཉམས་སུ་བླངས་ཀྱང་མ་ཆོད་པའི་རེ་དོགས་གཉིས་འཛིན་གྱི་རྣམ་རྟོག་མང་པོ་གདན་ཐོག་གཅིག་ཏུ་ཞིག་པ་འབྱུང་སྲིད། གཞན་ཡང་དུག་དང་འགོས་ནད་ཀྱིས་རང་ལ་འཚེ་བའི་ཉེན་ཁ་མེད་ན། སྐབས་སྐབས་སུ་རང་སེམས་ལ་བཙོག་དམན་གྱི་འདུ་ཤེས་སྐྱེ་ཡུལ་སྤྲང་པོ་གཞན་གྱིས་གོན་ཟིན་པའི་གོས་གྱོན་པ་དང་། རིན་སླ་བའི་དབུལ་པོའི་ཁ་ཟས་སྤྱོད་ནས། རང་རྒྱུད་ལ་ཡག་བཙོག་འཛིན་པའི་རྣམ་རྟོག་གི་བདུད་བྱུང་ཚེ། དེ་ཐད་ཀར་དུ་བཅད་ནས་སྐྱེ་མེད་ཀྱི་དབྱིངས་ལ་མཉམ་པར་བཞག་པའམ། རྒྱུ་ནོར་ཉུང་ཞིང་ཆོ་ལོ་དམན་པས་གཞན་གྱིས་བརྙས་བཅོས་བྱེད་ཡུལ་གྱི་མི་གཉོད་ཆུང་དང་མཉམ་དུ་འགྲོག་པ་དང་། གཞན་གྱིས་བདུད་འདྲེའི་གནས་སུ་བརྩི་བའི་ས་ཆ་ཁང་ཁྱིམ་རྣམས་སུ་བསྡད་ཅིང་། འཇིགས་མེད་ལྟ་བའི་གདེངས་དང་ལྡན་པའི་ངང་དུ་གནས་ནས། གང་འགྲོག་ལྷ་དང་ལྷ་མོའི་རང་བཞིན་དང་། གར་གནས་དག་པའི་ཞིང་ཁམས་སུ་མོས་པ་བསྐྱེད་ཅིང་། རང་སེམས་དགའ་བའི་གླུ་དང་སྐྱིད་པའི་བྲོ་ལ་རོལ་བར་བྱའོ། །དེ་ལྟ་མ་ཡིན་པར་ཆོས་ཉིད་ཀྱི་ལྟ་བ་ལ་གོ་བ་ལེགས་པོ་མེད་ཀྱང་། ཕོ་ཚོད་སྨྱོ་ཧམ་གྱིས་རིག་པ་རྟུལ་ཞུགས་ཀྱི་སྤྱོད་པར་འཇུག་པ་ལ་གྲུབ་འབྲས་ལེགས་པོ་ཅི་ཡང་མི་འབྱུང་བ་མ་ཟད། རྗེས་སུ་རང་ཉིད་ཀྱི་སེམས་འགྱོད་པས་མནན་པ་དང་། གཞན་གྱིས་ལོག་ལྟ་སྐུར་འདེབས་བྱེད་པའི་རྒྱུར་འགྲོ་སྲིད་པས་ཀུན་གྱིས་གཟབ་པར་བྱ་འོས། སྣང་བ་བདེན་མེད་དུ་རྟོགས་པའི་འབྲས་བུ་རུ་གང་སྣང་བཟང་ངན་ཡག་སྡུག་གཙང་བཙོག་གི་རྣམ་རྟོག་ཐམས་ཅད་རང་སར་གྲོལ་འོང་སྟེ། མ་ཅིག་གིས་བདག་འཛིན་ཞིག་ནས་འདི་སྣང་འཇིག་རྟེན་གྱི་ཆོས་ཐམས་ཅད་རོ་སྙོམས་དུ་རྟོགས་ནས། གོས་ཀྱི་སྲེད་པ་ཆོད་པའི་རྟགས་སུ། སྔར་གོས་དང་ཁ་དོག་བཀྲག་མདངས་དང་ལྡན་པ་མིན་པ་མི་གོན་པ་ལ། ཕྱིས་སྤྲང་གོས་དུག་པོ་གང་བཙོག་མནབས་པ་དང་། གྲོགས་ཀྱི་སྲེད་པ་ཆོད་པའི་རྟགས་སུ། སྔར་གྲོགས་མཁན་སློབ་བཙུན་པའི་གྲལ་མིན་པ་ལ་མི་འདུག་པ་ལ། ཕྱིས་མཛེ་སྤྲང་དང་ལྷན་དུ་བཞུགས་པ་བྱུང་། གནས་ཀྱི་སྲེད་པ་ཆོད་པའི་རྟགས་སུ། སྔར་དགོན་གནས་དང་རི་ཁྲོད་མིན་པ་ལ་མི་སྡོད་པ་ལ། ཕྱིས་མཛེ་ཁང་དང་ལམ་འཕྲང་ལ་སོགས་པ་གང་དུ་ཡང་བཞུགས་པར་མཛད། ཡུལ་གྱི་ཕྱོགས་རིས་ཞིག་པའི་རྟགས་སུ། སྔར་ལྷ་ཆོས་ཀྱི་ཡུལ་གཡོན་རུ་གྲྭ་ཐང་མིན་པ་གཞན་གར་ཡང་མི་བྱོན་པ་ལ། ཕྱིས་རྒྱལ་ཁམས་ཕྱོགས་མེད་དུ་ཕེབས་པར་མཛད། ཟས་ཀྱི་སྲེད་པ་ཆོད་པའི་རྟགས་སུ། སྔར་དཀར་གསུམ་མངར་གསུམ་དང༌། ཟས་བཟང་པོ་དང་གཙང་མ་མིན་པ་མི་ཟ་བ་ལ། ཕྱིས་ཤ་མ་གཏོགས་པའི་ཟས་ལ་བཟང་ངན་གྱི་ཁྱད་མེད་པར་མཛེ་སྤྲང་གི་ལག་ཟས་སོགས་བཞེས་པ་བྱུང་། འདི་ལྟ་བུའི་དམ་པ་གོང་མའི་རྣམ་ཐར་ཐོས་ཚེ། རྣ་བར་ཏམྦུ་རའི་སྒྲ་གྲགས་པ་དང་། ལྕེ་ལ་བདུད་རྩི་བཞུར་བ་ལྟར་དུ་དགའ་བའི་སེམས་བསྐྱེད་ཅིང་། དད་པ་དང་དང་བས་རང་རྒྱུད་བཀང་བར་བྱས་ནས། དེ་དག་གི་རྗེས་སུ་བདག་ཀྱང་འབྲངས་ཏེ། སྟན་ཐོག་འདིར་ཟབ་མོ་གཅོད་ཀྱི་དགོངས་པ་མངོན་དུ་འགྱུར་བར་བྱའོ་སྙམ་པའི་ཀུན་སློང་ལྡན་པར་མཛོད་ཅིག །ད་ལྟ་རང་རེའི་རྒྱུད་ལ་ཕྱིའི་རྐྱེན་ལ་མ་ལྟོས་པར་ཉོན་མོངས་དུག་ལྔ་གྲངས་ཀྱིས་མི་ལོང་བ་ཞིག་ཉིན་རེ་བཞིན་དུ་འབྱུང་བཞིན་པ་རྣམས་ལ་བདེན་ཞེན་བྱུང་ཚེ། ཐོགས་མེད་བདུད་མངོན་སུམ་དུ་ཐོན་པ་ཡིན་པས། སང་གཅོད་དང་གནང་གཅོད་མི་བྱ་བར། དེ་མ་ཐག་ཏུ་དེ་དག་ལ་འཛིན་པ་གཅོད་དགོས་ཀྱི། བདུད་དེ་དེ་རིང་ལུས་ན་སང་ཉིན་ཁོ་སྟོབས་ཇེ་ཆེར་འགྲོ། སང་ཉིན་ལུས་ན་གནང་ཉིན་ཐབས་ཇེ་མཁས་ལ་འགྲོ །གནང་ཉིན་ལུས་ན་གཞེས་ཉིན་རྩལ་ཇེ་དྲག་ལ་འགྲོ། དེས་ན་སེམས་ནང་དུ་རེ་དོགས་ཀྱི་ཡོ་ལང་གཏིབས་ཚེ། དེ་དག་གི་རྗེས་སུ་མི་འབྲང་བར། སེམས་ཉིད་ད་ལྟའི་རིག་པ་ཟང་ཀ་མའི་ཐོག་ཏུ་ལྷོད་གེར་བཞག་པས། གཉེན་པོ་གཞན་ནས་འཚོལ་མི་དགོས་པར་དེ་དག་ཐམས་ཅད་རང་ཞིག་རང་གྲོལ་དུ་འགྲོ། འདི་ནི་དམ་ཆོས་རྫོགས་པ་ཆེན་པོའི་སྙིང་པོ་ཡིན་པར་མ་ཟད། འདི་ཇི་བཞིན་དུ་ཉམས་སུ་ལེན་ཤེས་ན། དེ་ལས་ལྷག་པའི་ཆོས་བཙལ་དོན་མེད་ལ། རྟ་རྨིག་ལྕགས་ཀྱིས་བཏུམས་ཏེ་འཛམ་གླིང་ཡོངས་ལ་ཉུལ་ནའང་། དེ་ལས་ལྷག་པའི་གདམས་ངག་ཅིག་རྙེད་དཀའ། འདི་ནི་གུ་རུ་རིན་པོ་ཆེ་ལ་ཤྲཱི་སེངྷས་ནམ་མཁར་སྡིགས་མཛུབ་གཏད་ནས་རིག་པ་བཅར་ཕོག་གི་ངོ་སྤྲོད་གནང་སྐབས་སུ། གང་ཤར་མ་ཞེན་གང་ཤར་མ་ཞེན་ཅིག །མ་ཤར་མ་ཤར་ཤར་ཤར་ཤར་མ་ཞེན། །ཤར་གྲོལ་དུས་མཉམ་ཤར་གྲོལ་དུས་མཉམ་མོ། །སྟོང་སྟོང་མི་སྟོང་མི་སྟོང་རྣམ་པར་སྟོང་། །མ་འགགས་མ་འགགས་འགག་འགག་འགག་པ་མེད། །ཡེ་སྟོང་ཡེ་སྟོང་རྣམ་སྟོང་རྣམ་པར་སྟོང་། །ཞེས་གསུངས་པའི་མན་ངག་ཨ་ཏི་ཡོ་གའི་གདམས་གནད་གལ་ཆེ་བའི་དོན་དེ་ག་རང་ཡིན་ན། དོན་འདི་ལ་གནས་ནུས་ཚེ། གྲོལ་བ་ཟེར་བའི་སྒྲ་བོ་ཆེ་དེ་རང་གི་ལག་མཐིལ་དུ་གནས། གལ་ཏེ་རྣམ་རྟོག་གི་འཚུབ་ཆ་ཤིན་ཏུ་ཆེ་བས་རིག་ཐོག་ཏུ་སྡོད་དཀའ་བ་བྱུང་ན། གནམ་ས་འགུལ་བར་བྱེད་པ་ལྟ་བུའི་ཕཊ་སྒྲ་དྲག་པོ་བརྒྱབ། དེས་ཀྱང་ཕན་མ་ནུས་ན། ཤེས་རབ་སྙིང་པོའི་མདོ་དང་། གཅོད་ཆོག་འདོན་ནས། བདུད་དེ་ལྷ་འདྲེ་བགེགས་སྲིན་གང་རུང་གི་རྣམ་པར་བསྒོམ། ཁོའི་སྟེང་དུ་ཟིལ་གནོན་རྡོ་རྗེའི་ཞབས་བྲོ་བརྡུང་བའམ། གཅོད་ཡུལ་བླ་མའི་རྣལ་འབྱོར་དང་ལུས་སྦྱིན་ཉམས་སུ་ལེན་ན་བདུད་དེ་མྱུར་དུ་ཞིག་འོང་། སྤྱིར་འདས་མ་འོངས་ད་ལྟའི་རེ་དོགས་ཀྱི་རྟོག་ཚོགས་ཇི་ལྟར་ཤར་ཡང་། འདས་པའི་རྗེས་སུ་མི་དཔྱོད། མ་འོངས་པའི་སྔོན་མ་བསུ། ད་ལྟའི་རྣམ་རྟོག་ལ་མི་འཁྲི་བར། གང་ལ་ཡང་མི་ཞེན། ཅི་ལ་ཡང་མི་ཆགས་པར་གནས་པས། ནང་གི་རྟོག་ཚོགས་བཟང་ངན་ཐམས་ཅད་དབྱེ་བ་མེད་པར་རོ་གཅིག་དབྱེར་མེད་ཆོས་སྐུའི་རང་རྩལ་དུ་འཆར་བ་ན། དུས་གསུམ་མཉམ་པ་ཉིད་ཀྱི་རྣལ་འབྱོར་ཞེས་བྱ་སྟེ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་ཞལ་ནས། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང༔ སྔོན་བསུ་རྗེས་དཔྱོད་བློ་ཡི་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ ཞེས་གསུངས། ཡུལ་མེད་ཀྱི་རྣམ་རྟོག་བཟང་ངན་ཐམས་ཅད་སེམས་ཉིད་རང་བྱུང་གི་རིག་པའི་རྩལ་ལས་འཕྲོ་བཞིན་དུ། འཕྲོ་གཞི་ཉིད་ལས་སྐད་ཅིག་ཙམ་དུའང་ལོགས་སུ་མ་གྲུབ་པས། དགག་སྒྲུབ་ཀྱི་གཉེན་པོས་བཅས་བཅོས་མི་བྱེད་པར། ཐ་མལ་གྱི་ཤེས་པ་རང་ས་ཉིད་དུ་བཞག་པ་ན། རྦ་རླབས་རྣམས་རྒྱ་མཚོ་ལས་བྱུང་ཞིང་། རྒྱ་མཚོ་ལས་ཐ་དད་དུ་གྲུབ་པ་མེད་པར་ཕར་རྒྱ་མཚོར་ཐིམ་འགྲོ་བ་ལྟར། འཕྲོ་གཞི་དང་ཐིམ་གཞི་གཅིག་ལས་མེད་པར་རང་ཤུགས་ཀྱིས་ཧ་གོ་ཚེ། དེ་ལས་ལྷག་པའི་ལྟ་སྒོམ་མཆོག་ཏུ་གྱུར་པ་མེད་པར། དུས་གསུམ་གྱི་རྒྱལ་བའི་དཀྱིལ་འཁོར་དང་འཕགས་བོད་ཀྱི་གྲུབ་པའི་རིག་འཛིན་རྒྱ་མཚོས་དགོངས་པ་གཅིག་དང་དབྱངས་གཅིག་གིས་བཞེད་དེ། རྨད་བྱུང་རྒྱལ་པོའི་རྒྱུད་ལས། ཇི་ལྟར་རྒྱ་མཚོའི་རྦ་རླབས་ལྟར། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་མ་གཞི་ཡི་རྒྱ་མཚོར་ཐིམ། །ཞེས་དང་། གྲུབ་པའི་དབང་ཕྱུག་ས་ར་ཧ་པས། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་བདག་ཉིད་དེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་དང་། མ་ཅིག་གིས། སེམས་ཉིད་ཀློང་ཆེན་པོའི་རང་བཞིན་གསལ་བ་ལ་དྲན་རྟོག་ཅི་ཡང་འཆར་བ་ཡིན་པ་ནི། དཔེར་ན་རྒྱ་མཚོ་ལ་གཡོ་མཁན་མེད་ཀྱང་རྦ་རླབས་ལ་སོགས་འབྱུང་བ་དེ་བཞིན་དུ་ཡིད་ལ་རྟོག་པ་བཟང་ངན་ཅི་ཡང་འཆར་མོད་ཀྱང་། བཅའ་བཅོས་མི་བྱེད་རང་སར་བཞག་པ་ན་ཐོགས་མེད་བདུད་ནི་ཟིལ་གྱིས་གནོན་པར་འགྱུར། ཞེས་གསུངས། ཆོས་ཉིད་རིག་པའི་རྩལ་ལས་སེམས་ཀྱི་འཆར་སྒོ་ཅིར་ཡང་འཆར་རུང་བ་ཡིན་པས། རྟག་པར་གཟུགས་སྒྲ་སོགས་ཕྱིའི་ཡུལ་གྱིས་སློང་མ་དགོས་པར། ཐོགས་མེད་བདུད་ཀྱི་ཆོ་འཕྲུལ་ལྟར་དུ་རྣམ་རྟོག་སྣ་ཚོགས་རང་ཤུགས་ཀྱིས་འབྱུང་ཏེ། དེ་ལྟར་ཧ་མ་གོ་ན། ནང་གི་སེམས་ཀྱི་རྣམ་རྟོག་ཀུན་ལ་དངོས་འཛིན་གྱི་ཞེན་པ་སྐྱེ་བའི་ཁར། ཉོན་མོངས་རང་མཚན་པའི་རྒྱུན་ལ་ཆད་པ་མེད་པར་མུ་མཐུད་དུ་མྱོང་ནས་ལས་གསོག །འཁོར་བའི་གཏིང་རྡོ་ཇེ་བརྟན་དུ་བྱེད། རང་སྣང་རིགས་དྲུག་གི་ཡུལ་དུ་མགོ་འཁོར། དོན་མེད་པར་ཆགས་སྡང་གི་སྡུག་བསྔལ་ལ་སྤྱོད། དེ་ལྟ་བུ་ད་ལྟ་ཙམ་མ་ཡིན་པར་ཐོག་མར་འཁྲུལ་བ་འབྱུང་ཚུལ་ཡང་ཡིན་ཏེ། ཡེ་གཞི་ཀ་དག་ཆེན་པོ་སྟེ། ཡོད་མེད་སོགས་རྣམ་རྟོག་གིས་གསར་དུ་བཟོས་པའི་སྤྲོས་པའི་མཚན་མ་ཡོངས་སུ་དག་ཅིང་། གློ་བུར་གྱི་དྲི་མ་སྣང་གསུམ་འཕོ་བའི་བག་ཆགས་དང་། དེ་དག་གི་བཞོན་པར་གྱུར་པའི་ལས་རླུང་ཕྲ་བས་མ་སྒྲིབ་པའི་གདོད་མ་ཆོས་ཀྱི་དབྱིངས་དེ་ཐོག་མའི་གནས་ལུགས་སུ་བཞུགས་ཡོད་པ་ལ། དབྱིངས་ཅིར་ཡང་འབྱུང་རུང་བའི་རྩལ་གི་གོ་མ་འགགས་པ་ལས། ཡེ་ཤེས་དང་རྣམ་རྟོག །རིག་དང་མ་རིག་པ་གཉིས་ཀ་འཆར་རུང་ཡོད་པས། ཕྱིའི་ཡུལ་ལ་མ་བརྟེན་པར། གཞི་ལ་རིག་པ་མ་ཤར་བ་ཁོ་ནའི་དབང་གིས་ཐོག་མའི་མ་རིག་པ་སྟེ། རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་གཉིད་འཐུག་པོ་བརྒྱལ་བ་ལྟ་བུར་གནས་ཡོད་པ་ལས། རིམ་གྱིས་ཤེས་པ་ལ་གསལ་ཆ་ཅུང་ཤར་ཚེ། ཅི་ཡིན་འདི་ཡིན་ཧ་མ་གོ །ཤེས་པས་རང་ཉིད་ཀྱི་ངོ་མ་ཟིན་ཏེ་འཇིགས་སྐྲག་སྐྱེས་ནས་ཆང་གིས་བཟི་བ་ལྟར། འོད་གསལ་ལྷག་མཐོང་ཤེས་རབ་ཀྱི་ཆ་མ་སྐྱེས་བར་ལུས་ཏེ། བདག་གཞན་གཟུང་འཛིན་གྱི་སྣང་བ་ཇེ་འཐུག་ཏུ་གྱུར་ཅིང་། འཇིགས་སྐྲག་གི་སྣང་བ་དེ་ཕྱིའི་སྣང་བར་ཕར་བཅད་ནས། ད་གཟོད་མི་དགའ་བ་དང་མི་སྡུག་པའི་དགྲའི་སྣང་བ་བྱུང་སྟེ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོའི་སྨོན་ལམ་ལས། གཞི་ལ་རིག་པ་མ་ཤར་བས༔ ཅི་ཡང་དྲན་མེད་ཐོམ་མེ་བ༔ དེ་ཀ་མ་རིག་འཁྲུལ་པའི་རྒྱུ༔ དེ་ལས་ཧད་ཀྱིས་བརྒྱལ་བ་ལས༔ དངངས་སྐྲག་ཤེས་པ་ཟ་ཟིར་གྱུར༔ དེ་ལས་བདག་གཞན་དགྲར་འཛིན་སྐྱེས༔ ཞེས་གསུངས། ཀུན་བཟང་སྨོན་ལམ་གྱི་ཚིག་འདི་དག་ནི་ཐོག་མའི་མགོན་པོའི་གསང་ཚིག་ཡིན་པ་མ་ཟད། སྔོན་གྱི་གོང་མ་རྣམས་ཀྱིས་དེ་དག་ལ་འགྲེལ་སྟངས་ཕན་ཚུན་མི་འདྲ་བ་འདུག་མོད། དོན་ལ་འབབ་ས་གཅིག་ཏུ་བབས་པས། ཁོ་བོའི་བློ་ལ་འཐད་པའི་འགྲེལ་སྟངས་ནི་འདི་ཉིད་དོ། །འཁོར་བའི་ཐོག་མ་བྱུང་བའི་དུས་དང་། ཆོས་ཉིད་བར་དོའི་སྐབས་ཙམ་མ་ཡིན་པར། ད་ལྟ་རང་རེ་གསོན་པོར་ཡོད་པའི་གནས་སྐབས་སུ། བདེ་སྡུག་གི་སྣང་བ་མང་པོ་ཞིག་ནི་བདེན་མེད་སེམས་ཀྱི་རོལ་པ་ཉིད་སེམས་ལ་ཤར་བ་ཙམ་དུ་ཟད་པས། དེ་ལྟར་རྟོགས་ན་རྣལ་འབྱོར་པའི་ངོར་ཞེན་འཛིན་གྱི་ཞགས་པ་ནང་ནས་གྲོལ་ཏེ། ནང་སེམས་ཀྱི་ཆོ་འཕྲུལ་ཐམས་ཅད་ཀྱང་རིག་པ་བྱང་ཆུབ་སེམས་ཀྱི་རོལ་པར་མཐོང་ནས། རེ་དོགས་རྣམ་རྟོག་གི་རི་མོ་བརྒྱ་སྟོང་མང་པོ་ཞིག་སེམས་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་ཞིག་པར་འགྱུར། དེས་ན་འཆི་རུང་གསོན་རུང་། དུས་རྒྱུན་དུ་གང་ཤར་རང་གྲོལ་ཆོས་སྐུའི་གདམས་པ་ཉམས་སུ་ལེན་སྟངས་ནི། དུས་གསུམ་གྱི་རྣམ་རྟོག་བཟང་ངན་སྣ་ཚོགས་ཅི་ཤར་ཡང་། ནམ་མཁའ་སྤྲིན་གྱིས་བསྒྲིབས་པའམ། མ་བསྒྲིབས་པའི་དུས་ཀུན་དུ་འཕོ་འགྱུར་མེད་པ་ལྟར་དུ། དེ་དག་གང་གྱིས་ཀྱང་མ་གོས་པའི་སེམས་ཉིད་བཞི་ཆ་གསུམ་བྲལ་གྱི་རིག་པ་ཞིག་ཡོད་པ་དེ་མྱོང་བའི་ཐོག་ནས་ཧ་གོ་སྟེ། དེའི་ཐོག་ཏུ་ལྷོད་དེ་བཞག་ནུས་ན། དེ་ལས་གཞན་པའི་ཐབས་དང་གཉེན་པོ་མ་བསྟེན་ཀྱང་། ཉོན་མོངས་རྩད་ནས་སྤོང་མི་དགོས་པར། དེ་དག་གིས་མི་འཆིང་བས། དང་པོ་བཞི་ཆ་གསུམ་བྲལ་ཆོས་སྐུའི་རིག་པ་འོད་གསལ་བ་དེ་གང་ཡིན་ངོས་འཛིན་པ་གལ་ཤིན་ཏུ་ཆེ། གདོད་མའི་མགོན་པོ་ཀུན་མཁྱེན་འཇིགས་མེད་གླིང་པའི་དགོངས་གཏེར་གྱི་ཉིང་ཁུ་རྨད་དུ་བྱུང་བ་མན་ངག་རྫོགས་པ་ཆེན་པོའི་རྒྱུད་ལས། སངས་རྒྱས་བཟང་པོས་མ་བཅོས་ཤིང༔ སེམས་ཅན་ངན་པས་མ་བསྒྱུར་བའི༔ ད་ལྟའི་རིག་པ་བཟོ་མེད་པ༔ གཅེར་ཡན་དྲི་མེད་རང་གསལ་ནི༔ གདོད་མའི་མགོན་པོ་ང་ཉིད་དོ༔ ཞེས་གསལ་བར་བསྟན་པ་ལྟར། ཆོས་སྐུའི་རིག་པ་དེ་ཐོག་མ་དང་མཐའ་མ་མེད་པར་དུས་དང་རྣམ་པ་ཐམས་ཅད་དུ་རང་ཅག་གི་རྒྱུད་ལ་གནས་ཡོད་ཅིང་། དེ་རང་ཅག་རྣམས་འཁོར་བར་མར་ལྷུང་ཚེ་ཇེ་ངན་དུ་འགྲོ་བ་མེད་ལ། སངས་རྒྱས་ཚེ་ཇེ་བཟང་དུ་འགྲོ་བ་མེད་ལ། ད་ལྟ་དགེ་བ་ཇི་ཙམ་བསགས་ཀྱང་དེའི་ངོ་བོ་གོང་འཕེལ་འགྲོ་བའི་མཚན་མ་མ་གྲུབ་པ། སྐྱེ་འགག་འགྲོ་འོང་དང་བྲལ་བ་དོན་གྱི་ཀུན་ཏུ་བཟང་པོ་ཉིད་དེ། སེམས་ལ་དུས་གསུམ་གྱི་རྟོག་པ་འཆར་རུང་མ་འཆར་རུང་དུས་ཀུན་ཏུ་བཞུགས་ཡོད་པས། སྐལ་བ་ལྡན་པ་དག་གིས་གང་དུ་ཡང་འགྲོ་མི་དགོས་པར། ད་ལྟ་གདན་ཐོག་གཅིག་ལ་ཆོས་སྐུའི་རང་ཞལ་མངོན་སུམ་དུ་མཇལ་ནུས་པ་ཡོད་པ་ངོ་རེ་མཚར། རྣམ་རྟོག་འཆར་ཚེ། དེ་མ་ཐག་ཏུ་མ་རིག་གཏི་མུག་པའི་གཡང་དུ་མི་བསྐྱོད་པར། སེམས་ཀྱིས་སེམས་ཀྱི་ངོ་བོ་ལ་བལྟས་པ་ན། རྣམ་རྟོག་དེ་ཉིད་གཞི་མེད་རྩ་བྲལ་སྟོང་གསལ་ཀ་དག་གི་རིག་པའི་ཀློང་དུ་གྲོལ་ནས། ཐོགས་མེད་བདུད་ཀྱི་འཆིང་རྒྱ་རང་སར་ཞིག་ཚེ། མི་འགྱུར་གཡུང་དྲུང་ལྟ་བའི་རང་རིག་དོན་གྱི་བཙན་རྫོང་ལ་སྣང་སྲིད་དབང་དུ་སྡུད་པའི་ཕྱག་རྒྱའི་གར་ལ་རོལ་བཞིན་དུ། ཟག་མེད་དོན་གྱི་བདེ་བ་ཆེན་པོའི་དགའ་སྟོན་རྒྱུན་མི་ཆད་པ་ལ་ཚིམ་པ་མེད་པར་སྤྱོད་པར་བྱའོ། །རྨི་ལམ་ལྟར་དོན་དུ་མ་གྲུབ་པའི་འཇིག་རྟེན་གྱི་ཆོས་ཡིད་དུ་འོང་བ་རྙེད་སྐྱིད་གྲགས་སྙན་སོགས་ལ་བདེན་པར་ཞེན་ཅིང་རྗེས་སུ་འབྲང་བ་ནི་དགའ་བྲོད་ཀྱི་བདུད་ཡིན་ལ། དེས་ཐར་པ་ལ་བར་ཆད་བྱེད་པས་ན། ནམ་དུའང་དེའི་བྲན་དུ་མི་འགྱུར་བར་བྱ་དགོས་པས། དྲན་ཤེས་ཀྱི་གྲོགས་དང་མི་འབྲལ་བར་བདུད་འདི་ལ་གཟབ་པར་བྱ། ཚོང་ཁེ་སྤོགས་ཆེན་པོ་བྱུང་བ་དང་། གཞན་གྱིས་རང་ཉིད་ལ་བསྟོད་བསྔགས་བྱེད་སྐབས་སུ། རྐྱེན་བཟང་བཟང་བོ་འདྲ་བ་དེ་དག་ལ་བདེན་ཞེན་སྐྱེས་ནས། ཡིད་དགའ་ལྷང་ངེ་ཞིག་བྱུང་བ་དེ་སྙེམས་བྱེད་ཀྱི་བདུད་ཡིན་པས། མྱུར་བར་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་དྲན་པར་བྱ་ཞིང་། དགའ་ཞིང་སྤྲོ་བའི་རྣམ་རྟོག་གི་ངོ་བོར་ཅེར་གྱིས་བལྟས་ན། དེ་ཤར་ས་དང་ཤར་མཁན་གྱི་མཚན་མ་རྡུལ་ཙམ་ཡང་མི་རྙེད་པར་བདེན་ཞེན་གྱི་ཞགས་པ་རང་སར་གྲོལ་འོང་། དགའ་བྲོད་ཀྱི་བདུད་འདི་ཐ་མལ་བ་ཁྱིམ་པས་སོ་ཚིས་སྒྲུབ་ས་དང་། དགེ་སློང་གིས་ཐོས་བསམ་བྱེད་ས། སྔགས་པས་ཆོ་ག་གཏོང་ས།
དཀར་ཆག