དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

རྣལ་འབྱོར་པས་ཏིང་ངེ་འཛིན་སྒོམ་ས་སོགས་ལ་དུས་རྟག་ཏུ་འཛུམ་མུལ་ལེ་བྱས་ནས་སླེབས་ཡོད་པ་མ་ཟད། མི་མཛེས་ཀྱང་མཛེས་ཁུལ་བྱེད། མི་བཟང་ཡང་བཟང་མདོག་བྱེད། མི་དགེ་ཡང་དགེ་མདོག་བྱེད་པ་ལ་མཁས་པས། མི་ཕལ་མོ་ཆེ་ཁོས་ཁོལ་ཏུ་བཀོལ་ནས་ཚེ་འདིར་ཆོས་རེ་སྒྲུབ་ལོ་བྱས་ཀྱང་མཆོག་གི་གྲོལ་བ་ཐོབ་པའི་སྐལ་བ་ཆེས་ཆེར་ཕྲ་བར་གྱུར། དཔེར་ན། གཞན་དང་གླེང་མོལ་བྱེད་སྐབས་སུ། གཞན་གྱིས་ཁྱེད་རང་བཟང་རབས་དང་ཡག་རབས་སོགས་གཏམ་སྙན་མོའི་པི་ཝང་དཀྲོལ་བ་ན། རང་ཉིད་ཀྱིས་ཚིག་དེ་ཚོ་བདེན་པར་བཟུང་ནས། ཡིད་ལ་དགའ་བ་ཞིག་སྐྱེ་འོང་བ་དེ་དོན་དུ་བདུད་ལས་མ་འདས་པས། དེ་མ་ཐག་ཏུ་དེའི་རྗེས་སུ་མི་འབྲང་བར་རིག་པའི་བཙན་རྫོང་དུ་གནས་དགོས་པ་མ་ཟད། མཚན་མོ་མར་ཉལ་སྐབས་སུ། ད་ནངས་ཞོགས་པ་ནས་ད་བར་ཉིན་གང་པོར་རྐྱེན་ཉམས་དགའ་བ་རེ་ཟུང་ལ་བརྟེན་ཏེ། དགའ་བྲོད་བདུད་ཀྱི་གཡོ་ཐབས་ཀྱིས་གྲངས་མང་ཉུང་ག་ཚོད་བསླུས་པ་རྣམས་དྲན་པར་བྱས་ཏེ། སང་ཉིན་དྲན་ཤེས་བརྟན་པོས་བདུད་དེ་སྔ་དྲོ་བྱུང་ཚེ་སྔ་དྲོར་གཅོད། ཉིན་གུང་ལ་བྱུང་ཚེ་ཉིན་གུང་ལ་གཅོད། ཕྱི་དྲོར་བྱུང་ཚེ་ཕྱི་དྲོ་ལ་གཅོད་པའི་དམ་བཅའ་བྱ་ཞིང་། སང་ཉིན་ཞོགས་པ་གཉིད་ལས་སད་ཚེ་རྫོགས་པ་ཆེན་པོ་དང་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཝ་ལེར་ཡིད་ལ་གསལ་བའི་མདུན་དུ་དེ་ལྟར་དམ་བཅའ་བྱ་བ་གལ་ཆེ། ཚོང་བརྒྱབ་ས་དང་ཇ་འཐུང་ས་ཁོ་ན་མ་ཡིན་པར། དཀར་པོའི་ཆོས་བྱེད་སར་བདུད་འདི་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ཡོད་པས། ཉམས་བཟང་པོ་དང་། ཡི་དམ་ལྷའི་ཞལ་གཟིགས། ཐོལ་བྱུང་གི་ལུང་བསྟན། གཞན་སེམས་ཤེས་པའི་མངོན་ཤེས་རྣམས་འབྱུང་སྲིད་ལ། དེ་དག་བྱུང་ཚེ་བདེན་པར་བཟུང་ནས་རང་ཉིད་ལ་གཞན་ལས་ལྷག་པའི་ཡོན་ཏན་ཡོད་པར་རློམ་སྟེ། དེ་དག་ལ་ཡིད་རབ་ཏུ་དགའ་ཞིང་། རང་སེམས་བདེ་བས་བཟི་བ་བྱུང་བ་དོན་དུ་བདུད་ཀྱི་ཆོ་འཕྲུལ་ཡིན་པས། དེ་རྣམས་ལ་བློས་ཞེན་ཆགས་མེད་པར་སྒྱུ་མ་ལྟ་བུར་མཐོང་ནས། དགག་སྒྲུབ་གང་ཡང་མི་བྱེད་པར་བཞག་ཚེ། དེ་དག་ཤར་བས་དགའ་བ་དང་། ཡལ་བས་མི་དགའ་བ་ཅི་ཡང་མེད་པར་བཏང་སྙོམས་ཆོས་སྐུའི་དགོངས་པ་ལ་འབབ་ཅིང་། ཉམས་སྣང་ཐམས་ཅད་ལ་འཛིན་པ་མེད་པར་ཆོས་ཉིད་ཀྱི་སྤྲུལ་པ་དང་རྒྱན་དང་རྟགས་སུ་ཤར་ནས། ཡེ་གདོད་མ་ནས་གཅད་བྱའི་དངོས་པོ་རྡུལ་ཙམ་ཡང་མ་གྲུབ་པར་རྟོགས་པ་དོན་གྱི་གཅོད་དོ། །གདམས་ངག་ཟབ་མོ་ཞུ་མཁན་དང་ཆོས་ཟབ་མོ་སྒྲུབ་མཁན་ལ། སྐྱེ་བོ་ཕལ་པ་དང་མི་འདྲ་བར་བདུད་ཀྱི་ཆོ་འཕྲུལ་སྣ་ཚོགས་འབྱུང་སྟེ། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཅི་ལས་འབྱུང་བར་རིག་པར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ནི་བརྩོན་འགྲུས་ལས་འབྱུང་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མི་བརྩོན་པ་ནི་བདུད་ཀྱིས་ཅི་ཞིག་བྱ་སྟེ། དེ་ཉིད་བདུད་ཡིན་པའི་ཕྱིར་རོ། །ཞེས་གསུངས། ལྷག་ཏུ་དེ་དག་ལ་དགའ་བྲོད་ཀྱི་བདུད་ཀྱི་ཆོ་འཕྲུལ་ཡིད་བསླུ་བ་སྣ་ཚོགས་འབྱུང་སྟེ། གལ་ཏེ་འཇིགས་དོགས་ཀྱི་བར་ཆད་བྱུང་ཚེ། དེ་དག་མྱུར་བར་ངོས་ཟིན་ནས། ཉམས་ཀྱི་དབང་དུ་མི་འགྲོ་ནའང་། ཡིད་དུ་འོང་ཞིང་བཀྲ་ཤིས་པའི་རྟགས་དང་སྣང་བ་ལ་འཁྲིལ་ཏེ་བདུད་ཀྱི་དབང་དུ་གྱུར་སླ་བས། མ་རིག་བདུད་ཀྱི་ཆོ་འཕྲུལ་ཉམས་དགའ་བའི་བྲོ་གར་ལ་ནམ་དུའང་སེམས་མི་ཤོར་བར། རྫོགས་པ་ཆེན་པོའི་རྒྱུད་རིག་པ་རང་གྲོལ་སོགས་ལས་གསུངས་པ་ལྟར་དུ། གླང་པོ་ཆེའི་ལྟ་སྟངས་ཀྱིས་གནས་ལུགས་ཆོས་ཉིད་ཀྱི་བཙན་རྫོང་ལ་རིག་པའི་དཔའ་གདེང་དང་མི་འབྲལ་བར་གནས་ན། བདུད་ཇི་ལྟར་གཡོ་ཆེ་ཡང་ཆོས་ཉིད་ཀྱི་ལྟ་བ་ལ་གླགས་ལྟ་མི་བཏུབ་པའོ། །བདག་མེད་པ་ལ་བདག་ཏུ་འཛིན་པའི་བློ་འདི་བདུད་ཐམས་ཅད་ཀྱི་ཕ་རྒན་ཏེ་སྙེམས་བྱེད་ཀྱི་བདུད་ཅེས་བྱ་ལ། འདི་འཁོར་བ་སྡུག་བསྔལ་གྱི་གཏིང་རྡོར་སོང་བས། འདི་མ་གཅོད་བར་དུ་ཐར་པ་མི་ཐོབ་ལ། འདི་གནས་ཚེ་བདུད་གཞན་དག་ཀྱང་འབྱུང་བར་འགྱུར་ན། དུག་སྡོང་གཅོད་པ་ལ་དེའི་ལོ་མ་དང་ཡལ་ག་རྣམས་འབྲེག་པ་ལས་ཀྱང། དེའི་རྩ་བ་ནས་གཅོད་ན་སླར་ཡང་མི་སྐྱེ་བར་འགྱུར་བ་བཞིན་དུ། འདི་གཅོད་ན་བདུད་གཞན་དག་མང་པོ་ངང་ངམ་ཤུགས་ཀྱིས་ཞི་བར་འགྱུར། ཡེ་གཞིའི་ཆོས་དབྱིངས་མཉམ་པ་ཉིད་ཀྱི་ཀློང་དུ་སྤྲོས་པ་ཐམས་ཅད་ཡེ་ནས་ཟད་ཅིང་། བདག་ཅེས་མཚན་མ་དང་སྤྲོས་པ་ཅི་ཡང་མ་གྲུབ་བཞིན་དུ། ཐོག་མའི་མ་རིག་པ་སྟེ། ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པ་ཟུང་གི་དབང་དུ་གྱུར་པའི་སྟོབས་ཀྱིས། ད་གཟོད་བདག་མེད་པ་ལ་བདག་ཏུ་འཛིན་པའི་བློ་སྐྱེས་ནས། འཁོར་བ་ལུ་གུ་རྒྱུད་དུ་ཟམ་མི་ཆད་པར། དོན་དུ་མ་གྲུབ་པའི་རྨི་ལམ་ནང་གི་ཡུལ་རིས་ཁང་ཁྱིམ་དང་མཚུངས་པའི་ཁམས་གསུམ་རིགས་དྲུག་གི་ཡུལ་དུ་ཡར་རྒྱུག་མར་རྒྱུག་བྱས། སེམས་ཀྱིས་བཟོས་པའི་བདེ་སྡུག་གི་སྣང་བ་སྣ་ཚོགས་པ་མེད་བཞིན་དུ་ཉམས་སུ་མྱངས་ཀྱང་། ཨ་ཐང་མ་ཆད་པའམ། རེ་ཐག་ཆད་ཀྱང་གྲོལ་བའི་ལམ་མ་རྙེད་པར་ལུས་པ་ལ་འཁོར་བ་ཞེས་བྱ། ནམ་ཞིག་མ་རིག་པའི་གཉིད་ལས་སད་པ་ན། དོན་དམ་པའི་གནས་ལུགས་མངོན་སུམ་དུ་མཇལ་བའི་མོད་ལ། བདེ་སྡུག་བཟང་ངན་གྱི་སྣང་བ་ཐམས་ཅད་གཉིད་ལས་སད་མ་ཐག་ཏུ་རྨི་ལམ་གྱི་སྣང་བ་ཐམས་ཅད་ཡལ་འགྲོ་བ་ལྟར་དུ་ཞིག་པ་ཡིན་ཏེ། དེའི་རྒྱུ་མཚན་ཡང་རྣམ་ཐར་གསུམ་ལྡན་སྟོང་པ་ཉིད་ཆེན་པོར། འཁོར་འདས་ཀྱི་སྤྲོས་པ་གཟོད་མ་ནས་ཞི་བ་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པས། གནས་ལུགས་མངོན་དུ་གྱུར་ཚེ་སྔར་ནས་ཡོད་པ་ཞིག་གློ་བུར་དུ་མེད་པར་སོང་བ་མ་ཡིན་པར། དང་པོ་ཉིད་ནས་མེད་པ་ཞིག་མེད་པར་རྟོགས་ནས་བདེན་སྣང་གི་འཁྲུལ་སྣང་ལྡོག་པ་ཙམ་ལས་མ་འདས། དེ་ལ་གྲོལ་བ་དང་མྱང་འདས་སོགས་ཀྱི་ཐ་སྙད་རྫིག་པོ་ཅི་འདྲ་བཏགས་ཀྱང་འཁྲུལ་བློ་ལྡོག་པ་ཙམ་ལས། གཞན་དུ་མྱང་འདས་ཞེས་ཡུལ་ཡིད་དུ་འོང་བ་ཞིག་ཏུ་དུས་ཁྱད་པར་བ་ཞིག་ལ་འགྲོ་རྒྱུ་ཡོད་པ་ཞིག་གོ་མི་འོས་པས། མདོ་སྡེ་རྒྱན་ལས། དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། །ཞེས་དང་། ཡུམ་ཆེན་མོ་མ་ཅིག་གིས། སྔ་རབས་འདས་པ་རྣམས་ཀྱིས་ཀྱང་། །འཛིན་པ་རང་སར་གྲོལ་བ་ལས། །སངས་རྒྱས་ས་ལ་ཕྱིན་པ་མེད། །ད་ལྟར་བཞུགས་པ་རྣམས་ཀྱིས་ཀྱང་། །འཛིན་པ་རང་སར་གྲོལ་བ་ལས། །སངས་རྒྱས་ས་ལ་འགྲོ་རྒྱུ་མེད། །སླད་ནས་འབྱོན་པ་རྣམས་ཀྱིས་ཀྱང་། །སངས་རྒྱས་ས་ལ་འགྲོ་མ་མནོས། །ཞེས་གསུངས། གལ་ཏེ་རང་རེ་ད་ལྟ་སྐད་ཅིག་མའི་དུས་འདི་ལ་ཆོས་དང་ཐ་མལ་གྱི་བྱ་སྤྱོད་སྣ་ཚོགས་གང་ལ་འཇུག་བཞིན་ཡོད་ནའང་། ཆོས་ཉིད་ཀ་དག་གི་རིག་པ་དེ་སེམས་ཀྱི་ཆོས་ཉིད་དུ་བཞུགས་ཡོད་པས། ད་ལྟའི་ཤེས་པ་འདི་ལ་སྔགས་ཀྱིས་བྱིན་གྱིས་བརླབས་པ་དང་། སྒོམ་གྱིས་བཟང་པོར་བསྒྱུར་བའི་རྐྱེན་ལ་རེ་མི་དགོས་པར། དུས་གསུམ་གྱི་རྟོག་ཚོགས་ཀྱི་རྗེས་སུ་མི་འབྲང་བར་རང་སར་བཞག་སྐབས་སུ། རྟོགས་བྱའི་ཡུལ་དང་རྟོགས་བྱེད་ཀྱི་ཤེས་རབ་ཐ་དད་དུ་མ་གྲུབ་པར། རིག་པ་རང་ངོར་སད་ནས་སྙེམས་བྱེད་བདུད་འདི་རིག་པའི་ཆོ་རོལ་དུ་ཤར་ཞིང་། སྐྱེ་མེད་ཀྱི་ཀློང་དུ་མྱུར་བར་ཞིག་འགྲོ་བ་དེ་བདུད་གཅོད་པའི་ཐབས་རྨད་དུ་བྱུང་བ་ཡིན། ད་ལྟའི་རང་ཅག་གི་རྒྱུད་ལ་ཡོད་པའི་ངའོ་སྙམ་པའི་བློ་འདི་ཉིད་སྙེམས་བྱེད་ཀྱི་བདུད་ཡིན་པས། བདུད་འདི་གང་དུ་ཡོད་དམ་ག་འདྲ་ཡིན་སྙམ་པའི་རྩོལ་བ་མི་དགོས། འོ་ན་ངའོ་སྙམ་པའི་བློའི་ཡུལ་གྱི་བདག་དེ་གང་དུ་གནས་པ་དཔྱད་ནས། ཕྱི་རོལ་གྱི་འབྱུང་བ་དག་དུ་བཙལ་བས་མ་རྙེད་ན། ནང་དུ་བལྟས་ནས་ལུས་ཀྱི་སྟོད་སྨད་དང་། དོན་སྙིང་ཀུན་ཏུ་བཙལ་བས་མཐར་མ་རྙེད་ཚེ། དེ་ནི་རྙེད་པའི་མཆོག་ཏུ་སོང་བའི་ཚུལ་ནི། དཔེར་ན་མིག་ནད་ཀྱིས་བཏབ་པའི་མི་ཞིག་གིས་རབ་རིབ་མཐུ་ཡིས་ནམ་མཁའ་ལ་སྐྲ་ཤད་མཐོང་བ་ན། གྲོགས་པོ་ཞིག་ལ་ཁོས་མཐོང་ཚུལ་གླེང་བ་ན། གྲོགས་པོ་ནད་མེད་པའི་མིག་དབང་ལྡན་པས་ཇི་ལྟར་བལྟས་ཀྱང་སྐྲ་ཤད་མ་མཐོང་བ་དེ་མཐོང་བ་ཡང་དག་དང་ཚད་མར་བརྩི་བའི་དཔེ་དང་མཐུན། མདོར་ན་བདུད་ཅེས་པའི་གྲགས་ཅན་ཆོས་པ་ཀུན་ཞེད་ཅིང་སྐྱི་གཡའ་བའི་གནས་དེ་དོན་དུ་རང་སེམས་ཀྱི་ཞེན་འཛིན་ལ་མིང་དེ་འདྲ་བཏགས་པ་ཡིན་ལ། སེམས་དང་སེམས་ཀྱི་ཆོས་ཉིད་གཉིས་སུ་ཕྱེས་པའི་སེམས་ཀྱི་ཁོངས་སུ་གཏོགས། སེམས་ཉིད་ཀྱི་ཀློང་དུ་དེའི་མིང་ཙམ་ཡང་མི་གྲགས་ལ། དྲི་ཙམ་ཡང་མི་བྲོ་བས། དོན་དུ་བདུད་ཅེས་གཅད་བྱ་ཞིག་ཡེ་ནས་མ་གྲུབ། དེས་ན་བདུད་ཉིད་དོན་དམ་འོད་གསལ་ཆོས་ཀྱི་དབྱིངས་ངོས་སུ་མ་གྲུབ་བཞིན་དུ་དྲི་མ་གློ་བུར་བ་རྣམ་རྟོག་གི་ཡོ་ལང་ཙམ་དུ་ཟད་ཅིང་། དེ་བདུད་དེའི་མཚང་ཡིན། བདུད་ཀྱི་མཚང་དེ་མ་ཤེས་ན་འཇིག་རྟེན་གྱི་ཁམས་ལ་ཁོ་ལས་སྟོབས་ཤུགས་ཆེ་བ་མེད་པས། ཀུན་ཀྱང་མི་འདོད་བཞིན་དུ་དེའི་འོག་ཏུ་སྡུག་བསྔལ་མ་མྱོང་བ་མེད། དེའི་མཚང་ཤེས་པའི་རྣལ་འབྱོར་པ་སྟོང་པ་ཉིད་དམ་ཀ་དག་སྤྲོས་བྲལ་ཆེན་པོའི་ལྟ་བར་མངའ་བརྙེས་པ་དག་ལ་གཞན་དང་མི་འདྲ་བར་བདུད་གཅོད་པའི་དཔའ་གདེང་ཞིག་ཡོད། གང་ཟག་སྐྱེ་བོ་ཕོ་མོ་སྐྱ་སེར་སུ་ཡིན་རུང་། བདུད་གཅོད་པའི་གདམས་ངག་འདི་འདྲ་བ་རང་གི་རྒྱུད་ལ་མ་འབྱོངས་བར། ས་གར་ཡང་མི་ཆོད། རྟོགས་པ་གོང་དུ་མི་འཕེལ། ཆོས་བརྒྱད་ཀྱི་འཆིང་རྒྱ་མི་ཞིག །ཐར་པའི་སྒོ་མོ་འབྱེད་མི་ནུས། གཞུང་ལུགས་རབ་འབྱམས་ལ་ནང་བྱན་ཆུབ་པར་བྱས་ཀྱང་ད་དུང་གྲོལ་བ་ཐོབ་པར་ཐག་རིང་། སྔོན་མ་ཅིག་སྐྱོ་སྟོན་བླ་མ་བསོད་ནམས་དང་ཞལ་མཇལ་སྐབས། བླ་མས་དཔོན་མོ་ཆུང་ཆུང་ཁྱོད་ཕ་རོལ་ཕྱིན་པའི་ཚིག་ལ་མཁས་པར་འདུག །དེའི་དོན་ཤེས་སམ་ཞེས་དྲིས་པར། ལན་དུ་ཤེས་ཞུས་ནས། ས་བཅུ་ལམ་ལྔའི་རྣམ་གཞག་སོགས་ཞིབ་པར་ཞུས་པ་ན། བླ་མས། དོན་བཤད་པ་ལ་མཁས་པར་འདུག །འོན་ཀྱང་དོན་རང་རྒྱུད་ལ་མ་སྐྱེས་པར་འདུག་གསུངས། ཡར་དོན་རང་རྒྱུད་ལ་སྐྱེས་བྱ་བ་ཇི་ལྟར་ཡིན་ཞུས་ཚེ། ད་ལྟ་ཁྱེད་ཀྱིས་གསུངས་པ་རྣམས་གོ་བ་ཟེར་བ་དེ་རེད། ཆོས་ཐམས་ཅད་ཀྱི་དོན་ཤེས་པ་དེ་རང་གི་རྒྱུད་ལ་སྐྱེས་ཙ་ན། སྔར་གྱི་བློ་འཛིན་སྟངས་དེ་དང་མི་འདྲ་བའི་བློ་གསར་པ་ཞིག་ཀྲོང་གིས་སྐྱེ་འོང་། དེའི་དུས་སུ་འཛིན་པ་ཐམས་ཅད་དང་བྲལ་བའི་བློ་ཞིག་སྐྱེ་ཞིང་། འཛིན་མེད་དུ་ཁྲོལ་ཏེ་བྱ་བྱེད་ཀྱི་བློ་ཐམས་ཅད་དང་བྲལ་ཏེ། བྱར་མེད་ཤེས་རབ་ཆེན་པོའི་མེ་ཆེན་རྒྱས་ནས། བདག་འཛིན་མ་རིག་པའི་མུན་པ་ཐམས་ཅད་འཇོམས་པར་བྱེད་པ་ཡིན་པས། དོན་གྱི་རྩ་བ་རང་སེམས་ལ་ག་དར་ལེགས་པོར་ཆོད་ཅིག་གསུངས། དེ་ནས་མ་ཅིག་གིས་བླ་མས་གསུངས་བཞིན་དུ། ཆོས་ཞལ་འདོན་མཛད་ཅིང་དོན་ཡིད་ལ་ལེགས་པར་བསམས་པས། བདུད་ཀྱི་ལེའུ་ཀློག་སྐབས་སུ་སྔར་དང་མི་འདྲ་བའི་རྟོགས་པ་ཁྱད་པར་ཅན་ཐུགས་ལ་འཁྲུངས་ཏེ། བདག་འཛིན་གྱི་མདུད་པ་དབྱིངས་སུ་ཞིག་ཅིང་། བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཉི་མ་ཤར། བདག་འཛིན་གྱི་མུན་པའི་སྒྲ་ཡང་མི་གྲག་པ་བྱུང་། མདོར་བསྡུས་ནས་བཤད་ན། བདུད་རྣམས་བདེན་པར་མ་གྲུབ་པར་སེམས་ཀྱི་ཆོ་འཕྲུལ་ཙམ་དང་། དེ་ཡང་གཞི་མེད་རྩ་བྲལ་ཆོས་སྐུའི་རོལ་པ་ཙམ་དུ་མྱོང་ཐོག་ནས་རྟོགས་ན་དེ་དག་གཅོད་ཤིན་ཏུ་སླ་ལ། ཆོས་ཉིད་ཀྱི་ལྟ་བ་དེ་ལྟ་བུ་མི་ལྡན་ཚེ། དེ་དག་དགྲ་རུ་བཟུང་ནས་འབད་པ་ཆེན་པོས་གཅོད་ཐབས་སྣ་ཚོགས་ལ་ལོ་ཟླ་མང་པོར་གཞོལ་ཡང་། གྲུབ་འབྲས་ཅི་ཡང་མེད་པར་དཀའ་ངལ་གྱི་རྒྱུ་རུ་ཟད་ཉེན་ཆེ། སྔར་སྨྲས་ཟིན་པ་ལྟར། འདིར་བདུད་རྣམས་ཆོས་སྐུའི་རོལ་པར་འདོད་ཀྱི་བདུད་རྣམས་ཆོས་སྐུར་འདོད་པ་མ་ཡིན་ཏེ། གལ་ཏེ་བདུད་ཆོས་སྐུ་ཡིན་ན། དེ་གཅོད་མི་དགོས་པར་དང་པོ་ཉིད་ནས་རང་ཅག་གྲོལ་བར་ཐལ་བ་སོགས་ཀྱི་སྐྱོན་འབྱུང་སྲིད་ན། ཚིག་ཙམ་ལ་འཁྲི་མ་བ་ཡིན་པར། དོན་གྱི་གནད་འགག་ལེགས་པར་རྟོགས་པར་འདོད་པའི་བློ་ལྡན་དག་གིས་གྲུབ་མཐའི་ཞིབ་ཆ་མ་ནོར་བར་མཁྱེན་དགོས་པ་ནི་མཁས་པའི་གྲལ་ལ་འཇུག་པའི་རྒྱུ་ཁོ་ན་མ་ཡིན་པར། ཡང་དག་པའི་ཐར་པའི་ལམ་དུ་བཞུད་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཡིན། དེས་ན་འདི་ནི་རྣམ་རྟོག་གི་ངོ་བོ་ཆོས་སྐུ་ཡིན་ཡང་རྣམ་རྟོག་ཆོས་སྐུ་མ་ཡིན་པར་བཞེད་པ་དང་མཐུན། རང་རེ་རྫོགས་ཆེན་པའི་བླ་མ་གོང་མ་དག་གིས་རྣམ་རྟོག་ཆོས་སྐུར་འདོད་པའི་ཁས་ལེན་མི་མཛད་ཅིང་། རྣམ་རྟོག་ཆོས་སྐུར་འདོད་པ་ལ་དགག་པ་གནང་བ་ནི་འཁྲུལ་མེད་ལུང་རིགས་ཀྱི་རྒྱབ་རྟེན་རྡོ་རྗེའི་རི་ལ་བཅོལ་ཡོད། རྣམ་རྟོག་ཆོས་སྐུར་འདོད་ན་རྣམ་རྟོག་དང་རྣམ་རྟོག་གི་རང་བཞིན་གཉིས་གཅིག་པར་ཐལ་བ་དང་། བཅོམ་ལྡན་འདས་ཀྱིས་སེམས་ལ་སེམས་མ་མཆིས་ཤིང་སེམས་ཀྱི་རང་བཞིན་འོད་གསལ་བར་གསུངས་པ་དང་རྒྱབ་འགལ་འགྱུར་བ་སོགས་གནོད་བྱེད་མི་ཉུང་བ་སྣང་ངོ་། །གཅོད་ཡུལ་ཐིག་ལེ་ཉག་གཅིག་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་གི་ཀློང་དུ། བདུད་དང་རྣམ་རྟོག་གང་ཤར་གྱི་རྗེས་སུ་མི་འབྲང་བར། ཐམས་ཅད་ཆོས་སྐུའི་རིག་པ་ལས་འབྱུང་ཞིང་། ཆོས་སྐུའི་ཀློང་དུ་རྗེས་མེད་དུ་ཐིམ་འཇུག་ཚེ། རྣམ་རྟོག་ཇི་ཙམ་མང་བ་སྐྱེས་ཀྱང་མི་འཆིང་བ་མ་ཟད། དེ་བཞིན་དུ་དེ་དག་ཆོས་སྐུའི་རོལ་རྩལ་དུ་གྲོལ་བས། རྣམ་རྟོག་བར་ཆད་དུ་མི་འགྲོ་བར་རིག་པའི་རྒྱན་དུ་འཆར་ཏེ། རྣམ་རྟོག་མང་ན་ཆོས་སྐུ་ཇེ་མང་དུ་འགྲོ་བ་ལྟ་བུ་འོང་ངོ་། །དེ་ལྟ་བུའི་གཅོད་ཡུལ། གཅད་བྱ། གཅོད་བྱེད། ཇི་ལྟར་གཅོད་ཚུལ་སོགས་གཅོད་ཀྱི་རྣམ་གཞག་མཐའ་དག་གཞི་ལམ་འབྲས་བུའི་གཅོད་དུ་མ་འདུས་པ་གང་ཡང་མེད་དེ། ཆོས་འདི་ཉམས་སུ་ལེན་པ་པོ་དག་གི་ངོར་དེ་གསུམ་པོ་གཏན་ལ་ཕབ་པ་དགོས་གལ་ཆེ་བས། གཏེར་གཞུང་འདིར། བཟང་ངན་རྗེས་ཞེན་གཅོད་པ་གཞི་ཡི་གཅོད༔ རིག་སྟོང་འཕྲུལ་དུ་གཅོད་པ་ལམ་གྱི་གཅོད༔ གཅད་བྱ་གཅོད་བྱེད་བྲལ་བ་འབྲས་བུའི་གཅོད༔ ཅེས་རྫོགས་པ་ཆེན་པོའི་གཅོད་ལུགས་ལྟར་དུ་གཞི་ལམ་འབྲས་བུའི་རྣམ་གཞག་རྨད་དུ་བྱུང་བ་བསྟན་པ་ལ། དོན་ཇི་བཞིན་དུ་རྟོགས་ན་སྨྲ་ཅི་དགོས། ཕྱོགས་རེ་ཙམ་རྟོགས་ན་སྲིད་པ་ཧྲུལ་པོར་བྱེད་པའི་དགོས་པ་མི་བསླུ་བ་ཡོད་པས། རང་བློས་ཅི་ལྕོགས་ཀྱིས་ཅུང་ཟད་འགྲེལ་བ་ལ། གཞིའི་འོད་གསལ་གཉུག་མ་སེམས་ཀྱི་གནས་ལུགས་ཀྱི་མཁའ་རུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཐ་མི་དད་དུ་གནས་པས། གཉིས་སྣང་གི་སྤྲོས་པ་ཐམས་ཅད་གློ་བུར་དུ་ཞི་བ་ལྟ་བུ་མ་ཡིན་པར། གཟོད་མ་ནས་དེའི་ཀློང་དུ་དོར་བྱའི་འཁོར་བ་ཞེས་མར་དུ་གཅད་རྒྱུ་ཞིག་མེད། འཐོབ་བྱའི་མྱང་འདས་ཞེས་ཡར་དུ་གཞག་རྒྱུ་ཞིག་མེད། ཐམས་ཅད་རོ་གཅིག་མཉམ་པ་ཉིད་ཀྱི་ངང་དུ་དུས་གསུམ་ཀུན་ཏུ་འཕོ་འགྱུར་དང་བྲལ་བར་གནས་པ་ལ། སེམས་ཅན་རྣམས་ཀྱིས་རང་གི་ཆོས་ཉིད་འོད་གསལ་ཀ་དག་རིག་པའི་རང་ཞལ་བརྗེད་ཅིང་། སེམས་ཉིད་ཀྱི་རོལ་པ་ལ་འཁྲུལ་ནས་འཁོར་བར་འཕྱན་བཞིན་པའི་སྐབས་སུའང་། འདིའི་ཀློང་དུ་འཁོར་བའི་མིང་ཙམ་ཡང་མ་གྲགས། འདི་ནི་སེམས་ཀྱི་གནས་ལུགས་རང་བྱུང་འོད་གསལ་རིག་པ་ཉིད་ལས་གཞན་དུ་འཇོག་ས་མེད་ཅིང་། ཡུལ་ཆོས་དབྱིངས་དང་ཡུལ་ཅན་ཡེ་ཤེས་གཉིས་གཅིག་ཏུ་འདྲེས་པས་རང་བྱུང་གི་ཡེ་ཤེས་ཆེན་པོ། བློ་ཡི་སྤྱོད་ཡུལ་ལས་འདས་པས་དོན་དམ་བདེན་པ། ཆོས་ཐམས་ཅད་ཀྱི་ཡིན་ལུགས་སུ་བཞུགས་པའི་ཆོས་ཉིད་སྤྲོས་པ་བྲལ་བ། མཚན་མ་ཡོངས་སུ་དག་པས་བཟང་ངན་དང་། དགེ་མི་དགེའི་