དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

ཀུན་རྫོབ་ཀྱི་འཁོར་ལོ་རྩད་ནས་ཞིག་པའི་གདོད་མའི་གནས་ལུགས་ཉིད་དེ་གཞི་ཡི་རྫོགས་པ་ཆེན་པོ་ཡིན་ལ། དེ་ལྟར་དུ་གཏན་ལ་ཕབ་པས་སྤྲོས་པ་ཐམས་ཅད་ལ་རྗེས་ཞེན་ངང་གིས་ཞི་བར་འགྱུར་བས། དེ་བས་ལོགས་སུ་གཞི་ཡི་གཅོད་ཅེས་གཞག་བྱ་མེད་པར་བསྟན། འདི་ནི་ཀུན་མཁྱེན་ཆེན་པོས་རྡོ་རྗེའི་ཚིག་དྲུག་བསྟན་པའི་སྐབས་སུ། གཞི་ཡི་རྫོགས་ཆེན་སེམས་ཉིད་གཏན་ལ་དབབ། །ཅེས་གསུངས་པ་དང་དགོངས་པ་གཅིག་ཏུ་སོང་། ཨ་ཧོ། ཟང་ཐལ་ཀ་དག་སེམས་ཉིད་ཀྱི་ཀློང་ལ་གདོད་མ་ཆོས་སྐུ་ལྷུན་གྲུབ་རང་བྱུང་དུ་གནས་ཤིང་། ཆོས་སྐུ་དེའི་ངང་ལ་བདུད་ལྟ་ཞོག །སྦྱང་བྱ་དང་སྦྱོང་བྱེད། གཅད་བྱ་དང་གཅོད་བྱེད། ས་དང་ལམ་གྱི་རྣམ་གཞག་རྣམས་ཐ་དད་མ་གྲུབ། དེ་ཉིད་འབད་བརྩོན་གྱིས་གསར་དུ་བསྒྲུབ་མི་དགོས། ཐབས་བསྐྱེད་རྫོགས་ཀྱིས་གསར་དུ་བསྐྱེད་པར་བྱ་བའི་ཆོས་མ་ཡིན་ཞིང་། བྱས་པའི་ཆོས་ཀྱི་འབྲས་བུ་མ་ཡིན་པར། ཐོག་མཐའ་མེད་པར་འོད་གསལ་བའི་ངང་དུ་བཞུགས་པའོ། །དེ་ལྟ་བུའི་སེམས་ཀྱི་གསང་བ་རྨད་དུ་བྱུང་བ་ཀུན་ཏུ་བཟང་པོའི་ཡེ་ཤེས་ཐིག་ལེ་ཉག་གཅིག་ནི་ད་ལྟ་ཉིད་དུ་རྟོགས་རུང་བ་ཡོད་པས། དཔེར་ན་རང་མདུན་དུ་གནས་པའི་དངོས་པོ་ཞིག་ལ་ཐད་ཀར་དུ་བལྟས་ཚེ། རིམ་རྩོལ་དང་དཀའ་ཐབས་སྣ་ཚོགས་ལ་མ་བརྟེན་ཡང་། མིག་གིས་དེ་ལ་ད་ལྟ་ཉིད་དུ་བལྟ་ཆོག་པ་བཞིན་དུ། རང་བཞིན་བཅུ་སོགས་ཀྱིས་བཙལ་མི་དགོས་པར། ཡེ་ནས་གནས་པའི་སེམས་ཉིད་ཀྱི་རང་ངོར་ཐད་ཀར་བལྟས་པས་རང་རིག་རྗེན་ཞལ་མཐོང་བར་འགྱུར་ཏེ། ཀུན་བྱེད་ལས། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་བཅོས་སེམས་ཀྱི་འཁོར་ལ་ལུང་ཕོག་པ། །མ་ལུས་སྐྱེ་མེད་རྟོག་པའི་རྣལ་འབྱོར་པ། །རང་བཞིན་བཅུ་ལ་རྩོལ་བར་མ་བྱེད་ཅིག །ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །ཤེས་པ་གཟུང་འཛིན་མི་ཤེས་སྤང་དུ་མེད། །རྟོགས་པས་དབང་སྒྱུར་དོན་ལ་གནས་པ་ཡིས། །ཀུན་བྱེད་རྒྱལ་པོའི་དགོངས་པར་ལྷུན་གྱིས་གྲུབ། །ཅེས་སོགས་རྫོགས་པ་ཆེན་པོའི་རྒྱུད་སྡེ་རྣམས་ལས་དོན་འདི་ཡང་དང་ཡང་དུ་བཀྲལ། འདི་ཉིད་ཨ་ཏི་ཡོ་གའི་གཞུང་རྣམས་ལས་དཔེ་དོན་རྟགས་གསུམ་གྱི་སྒོ་ནས་ངོ་སྤྲོད་པའི་དོན་ཡིན་ལ། དཔེ་ནི་ཕྱོགས་སུ་མ་ལྷུང་བ། ཀུན་ལ་ཁྱབ་པ། ཐོགས་རེག་བྲལ་བ་བཅས་ཀྱི་ཁྱད་ཆོས་ཀྱི་སྒོ་ནས་ནམ་མཁའ་ནི་དཔེ་ཡིན་ཏེ། བྱང་ཆུབ་སེམས་ཀྱི་མདོ་ལས། ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས། །ཐམས་ཅད་འབྱུང་བས་ནམ་མཁའ་འདྲ། །རྒྱུ་མེད་པ་ཡི་བྱང་ཆུབ་སེམས། །མ་སྐྱེས་པས་ན་ནམ་མཁའ་འདྲ། །རྐྱེན་མེད་པ་ཡི་བྱང་ཆུབ་སེམས། །མི་འཇིག་པས་ན་ནམ་མཁའ་འདྲ། །གཉེན་པོ་མེད་པའི་བྱང་ཆུབ་སེམས། །ཐམས་ཅད་འཇོམས་པས་ནམ་མཁའ་འདྲ། །མཚོན་དུ་མེད་པའི་བྱང་ཆུབ་སེམས། །བསྟན་དུ་མེད་པའི་ནམ་མཁའ་འདྲ། །མ་སྒྲིབ་པ་ཡི་བྱང་ཆུབ་སེམས། །ཀུན་ཏུ་གསལ་བས་ནམ་མཁའ་འདྲ། །ཐམས་ཅད་བསྐྱེད་པའི་བྱང་ཆུབ་སེམས། །སྣང་སྲིད་བསྐྱེད་པས་ནམ་མཁའ་འདྲ། །ཞེས་དང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་མཚོན་དཔེ་ནམ་མཁའ་འདྲ། །ཞེས་གསུངས། ནམ་མཁའི་ཁ་དོག་དང་དབྱིབས་གཟུགས་ཇི་ལྟར་བཙལ་ཀྱང་རྙེད་པའི་དུས་མི་སྲིད་པ་བཞིན་དུ། དེའི་མཚོན་བྱ་སྟེ་དོན་ནི་སེམས་ཉིད་རང་བྱུང་གི་རིག་པ་བསམ་བརྗོད་ལས་འདས་ཤིང་འདུས་བྱས་ཀྱི་དངོས་པོའི་ཕྱོགས་སུ་མ་ལྷུང་བ་དེ་གཅིག་པུ་ཡིན་པས། སྐབས་འདིར་དེ་ལས་གཞན་པའི་མཚོན་བྱ་ཅི་ཡང་མེད། དེ་ནི་རིག་སྟོང་ཐིག་ལེ་ཉག་གཅིག་གམ། སེམས་ཉིད་ཀྱི་ངོ་བོ་རྒྱུ་ལས་མ་བྱུང་ཞིང་རྐྱེན་ལས་མ་གྲུབ། ཐོག་མཐའ་བར་གསུམ་ཀུན་དང་བྲལ་ཞིང་། འདུས་མ་བྱས་པས་སྐྱེ་འགག་གི་དྲ་བ་ལས་འགོངས། མཚན་མ་སྤྲོས་པས་སྟོང་པས་ཅིར་ཡང་མ་གྲུབ་བཞིན་དུ། ཕྱང་ཆད་བེམ་སྟོང་དུ་མ་ལྷུང་བར། འོད་གསལ་བའི་བདག་ཉིད་དུ་གནས་ཤིང་། རྟོགས་ན་སྐད་ཅིག་གིས་གྲོལ་བའི་སེམས་ཀྱི་གསང་བ་ཆེན་པོ་དེ་ཀའོ། །སྨྲ་བསམ་བརྗོད་བྲལ་སེམས་ཀྱི་ཆོས་ཉིད་དེ་ཡོད་དང་མེད་པའི་མཚན་མ་སོགས་འདུས་བྱས་ཀུན་རྫོབ་པའི་དངོས་པོར་གྲུབ་པ་ཅི་ཡང་རྙེད་བྱ་མེད་བཞིན་དུ། གཞི་མེད་རྩ་བྲལ་ངོ་བོ་སྟོང་པ་ཉིད་དུ་བཞུགས་ཀྱང་། ཕྱང་ཆད་ཅང་མེད་དུ་ཐལ་བ་མ་ཡིན་པར། འོད་གསལ་བ་སྐུ་དང་ཡེ་ཤེས་ཀྱི་བང་མཛོད་མཐའ་ཀླས་པར་བཞུགས་ཤིང་། དག་པའི་སྣང་བ་རབ་འབྱམས་པ་སྤྲོ་བའི་གཞི་དང་བསྡུ་བའི་ཡུལ་དུ་མཆིས་པ་མ་ཟད། མ་དག་པའི་རྣམ་རྟོག་དང་སྣང་བ་སྣ་ཚོགས་པ་འདིས་མ་བཟོས་ཀྱང་། འདི་ལས་བྱུང་བའི་ཚུལ་ནི། རྒྱུད་སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་འཁྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །ཞེས་གསུངས། འོན་ཀྱང་དོན་འདི་ཇི་བཞིན་བརྗོད་པ་ལ་རྒྱལ་བའི་ལྗགས་ཀྱང་རྡུགས་པ་ཡིན་ན། རྟོག་གེའི་བློ་ཡིས་ནམ་ཡང་གཞལ་མི་ནུས་པའི་ཆོས་ཉིད་བསམ་མི་ཁྱབ་པའོ། །དེས་ན་འོད་གསལ་གཉུག་མའི་ཡེ་ཤེས་སེམས་ཉིད་སྐྱེ་བ་མེད་པའི་རང་བཞིན་དེ་ཉིད་ངེས་བྱེད་ཀྱི་རྟགས་ནི། སེམས་ཉིད་ཆོས་སྐུ་ཆེན་པོའི་རྩལ་མ་འགག་བཞིན་དུ་ཇི་ལྟར་ཤར་ཡང་། དོན་དུ་འཆར་ས་དང་འཆར་མཁན་མེད་པར་གཞི་མེད་རྩ་བྲལ་གདོད་མའི་གནས་ལུགས་སུ་ཟད་པ་སྟེ། མི་གནས་པའི་མཉམ་པ་ཉིད་ཆེན་པོའི་རྟགས་ཀྱིས། སེམས་ཉིད་འོད་གསལ་སྐྱེ་མེད་ནམ་མཁའི་རང་བཞིན་དུ་ཤེས་པར་བྱེད་པའོ། །ལམ་གྱི་གཅོད་ནི། ཕྱིའི་རྐྱེན་དང་ནང་གི་རྣམ་རྟོག་གི་ཡོ་ལང་རྣམས་བཟང་ངན་དུ་མི་ཞེན་ཞིང་དགག་སྒྲུབ་ཀྱང་བྱེད་མི་དགོས་པར། ཐམས་ཅད་རིག་སྟོང་ཆོས་སྐུའི་འཕྲུལ་ལམ་རོལ་པ་རུ་རྟོགས་ཚེ། གཅད་བྱ་དང་གཅོད་བྱེད་ཐ་དད་དུ་མ་གྲུབ་པར་ཐམས་ཅད་རོ་གཅིག་དུ་དག་སྟེ། ཆོས་བརྒྱད་རེ་དོགས་ཀྱི་མདུད་པ་དབྱིངས་སུ་ཞིག་པ་ལ་བྱ། ལམ་གྱི་གཅོད་འདི་ལྟ་བུའི་གདམས་ངག་ཟབ་མོ་རེ་མ་རྟོགས་ན། གཉིས་འཛིན་གྱི་ལྕགས་སྒྲོག་ལས་གྲོལ་བའི་གོ་སྐབས་ཤིག་རེག་རྒྱུ་མེད་ཅིང་། མུ་མཐུད་དུ་རེ་དོགས་ཕྲ་རགས་ཀྱི་གཡང་དུ་ལྷུང་སྟེ། རྩོལ་བའི་ཟུག་རྔུའི་སྒོ་ནས་ཡང་དག་པའི་གནས་ལུགས་ཇི་ལྟར་བཙལ་ནའང་མི་རྙེད། དེ་ལྟར་རྟོགས་ན་གྲོལ་བ་ཟེར་བའི་སྐད་པོ་ཆེ་དེ་གཞན་ནས་བཙལ་མ་དགོས་པར་རང་གི་ལག་མཐིལ་དུ་གནས་པ་དང་འདྲ། ལམ་གྱི་གནད་གལ་པོ་ཆེ་འདི་འདྲ་བ་ཉམས་སུ་ལེན་མ་ཤེས་ཚེ། དུས་ཀུན་ཏུ་ཕྱིའི་རྐྱེན་བཟང་ངན་མི་འདྲ་བའི་དབང་དུ་གྱུར་ཏེ། དགའ་སྡུག་གི་རྣམ་རྟོག་རྫོགས་སུ་མེད་པ་མྱོང་ནས་ཨ་ཐང་ཆད་དགོས་པ་འོང་བ་དང་། ནང་ཉོན་མོངས་པའི་དཔུང་ཚོགས་ཀྱིས་རང་མགོ་མནན་ཏེ་གཟུང་འཛིན་གྱི་ཀློང་དུ་ཡང་འཁྲུལ་དང་ཉིང་འཁྲུལ་དུ་འགྲོ་ན། རྟག་ཏུ་དྲན་ཤེས་བརྟན་པོའི་སྒོ་ནས་ཉོན་མོངས་པ་གང་སྐྱེ་ནའང་། ལམ་གྱི་གཅོད་ཀྱི་སྒོ་ནས་འཁྲུལ་བ་ཞེན་འཛིན་གྱི་ཐག་པ་མྱུར་དུ་གཅོད་པ་གལ་ཆེ། རང་རེ་རྣམས་ལ་མཚོན་ན། ཁ་སང་དང་དེ་རིང་ཙམ་མ་ཡིན་པར། རང་གི་མི་ཚེ་འདི་དྲན་ནས་བཟུང་ད་བར་དུ། སྒྱུ་མའི་གར་དང་རྨི་ལམ་འདྲ་བའི་རྐྱེན་སྣང་སྣ་ཚོགས་པ་ཉིན་རེ་བཞིན་དུ་འབྱུང་བཞིན་ཡོད་ཀྱང། རྐྱེན་སྣང་བཟང་པོ་དགའ་འོས་པའམ། རྐྱེན་སྣང་ངན་པ་སྡུག་འོས་པ་འགའ་རེ་མ་གཏོགས། མི་ཚེའི་ནང་ན་གང་བྱུང་ཕལ་ཆེ་ཤོས་ནི་བརྗེད་ཚར། གང་ལྟར་ནའང་ཕྱིའི་རྐྱེན་དང་ནང་ཉོན་མོངས་རྣམ་རྟོག་གི་དབང་དུ་གྱུར་ནས། རེ་དོགས་དང་དགའ་སྡུག་གི་ཡོ་ལང་ནང་དུ་རྟག་ཏུ་ལུས་ཡོད། སྐབས་འགར་བྱིས་པ་རྩེད་མོ་ལ་གཡེང་བ་བཞིན་དུ། རྙེད་བསྟོད་གྲགས་བདེ་བྱུང་ནས་སེམས་དགའ་ལྷང་ངེ་བའམ། དེ་དག་ལས་ལྡོག་ཕྱོགས་སུ་གྱུར་པའི་རྐྱེན་མི་འདོད་པ་བྱུང་བ་ན། བློ་ལ་བཟོད་མི་ཐུབ་པར་ཡིད་སྡུག་བསྔལ་གྱིས་གཙེས། ལེ་ལན་གཞན་ལ་བཀལ་ནས་སྡུག་མུས་འཁང་ར་སྔགས་ལྟར་འདོན་བཞིན་བསྡད་ཡོད་པ་ཧ་ཨེ་གོ །དེང་སང་རང་རེའི་རྐྱེན་ལམ་དུ་ལྷོངས་ཟེར་བ་དེ་ངེས་པར་དུ་མི་འདོད་པའི་རྐྱེན་ལ་གོ་འདུག་ཀྱང་། སྙན་གྲགས་ལོངས་སྤྱོད་འཛོམས་པའམ། ནད་མེད་ལང་ཚོ་དར་བ་སོགས་ཡིད་ལ་འདོད་པའི་རྐྱེན་རྣམས་ལའང་གོ་དགོས་ཀྱི། སྐབས་རེ་ལ་མི་འདོད་པའི་རྐྱེན་ལས་ཀྱང་འདོད་པའི་རྐྱེན་དེ་ལམ་དུ་འཁྱེར་དཀའ་བ་ཡོད། མི་གཞན་གྱིས་རང་ལ་ངོ་དགའི་གཏམ་བཟང་ཟུར་ན་གླུ་ལྟར་གྱེར། འདིར་ཤོག་དང་འདིར་བཞུགས་ཟེར། ཇ་ཆང་གི་སྣེ་ལེན་བྱེད་ཅིང་། རང་གི་ཡང་རླུང་རྟ་ཡར་ལ་འགྲོ་བཞིན་དུ། ལུས་ལ་ནད་མེད། རྒྱུ་ནོར་ལོངས་སྤྱོད་ཐམས་ཅད་དབྱར་གྱི་ཆུ་ཆེན་བཞིན་དུ་རྒྱས་པའི་སྐབས་སུ། རྣམ་གཡེང་གི་ངང་དུ་ཉིན་མཚན་ཟད་ནས་སྒོམ་ཉམས་ལེན་མི་བྱེད་པའམ། བྱས་ཀྱང་ལམ་དུ་མི་འགྲོ་བ་ཤིན་ཏུ་མང་། ཀུན་མཁྱེན་འཇིགས་མེད་གླིང་པས། དེ་ཡང་རྐྱེན་ངན་ལམ་དུ་ལྷོངས་པ་ནི་ཅུང་ཟད་སླ་མོད། བཟང་རྐྱེན་ལམ་དུ་ལྷོངས་པ་ནི་ཤིན་ཏུ་དཀའ་བས་རྟོགས་པ་མཐོན་པོར་རློམ་པ་དག་ཀྱང་ཚེ་འདིའི་ཆེ་ཐབས་འབའ་ཞིག་ལྷུར་ལེན་ཅིང་། རྣམ་གཡེང་ལྷའི་བུའི་བདུད་ལ་ཞེན་པ་ཁོ་ནས་གང་བ་འདི་ནི་ཚོགས་དྲུག་རང་གྲོལ་གྱི་གནད་མ་རྟོགས་པས་ལན་ཞེས་གསུངས། དེས་ན་སྡུག་གི་མུན་པ་འཐིབས་པ་དང་། སྐྱིད་ཀྱི་ཉི་མ་ཤར་བའི་དུས་ཀུན་ཏུ་འཇིགས་མེད་ལྟ་བའི་བཙན་ས་བཟུང་སྟེ། ཕྱིའི་རྐྱེན་ཅི་བྱུང་ཡང་བཟང་ངན་དགའ་སྡུག་བདེན་ཞེན་གྱི་དབང་དུ་མི་འགྲོ་བར། དེ་དག་ཐམས་ཅད་རིག་སྟོང་ཆོས་སྐུའི་རྒྱན་དུ་གོ་ན་སྐྱིད་སྡུག་རོ་སྙོམས་སུ་འཆར། ནང་དུ་ཉོན་མོངས་རྣམ་རྟོག་ལྡང་ཚེ་དེ་དག་ལ་དགག་སྒྲུབ་གྱི་རྩོལ་བ་མི་བྱེད་པར། གང་ཤར་རིག་སྟོང་ཆོས་སྐུའི་འཕྲུལ་དུ་གོ་ན་གཉིས་མེད་ཡེ་ཤེས་ཀྱི་བདེ་བ་ཁོང་ནས་འབར། དེ་ཡང་ཕྱིའི་རྐྱེན་དང་། ནང་དུ་ཉོན་མོངས་ཤར་ཚེ་ཉམས་སུ་མྱོང་བ་པོ་གང་ཡིན་བལྟས་ཚེ། ཉམས་སུ་མྱོང་མཁན་གྱི་བདག་དང་སེམས་དངོས་པོ་ཅན་ཞིག་མ་གྲུབ་ཅིང་། གཞི་མེད་རྩ་བྲལ་རིག་པ་ཟང་ཐལ་བ་དེ་རང་བཞིན་རྩོལ་མེད་དུ་ཤར་ཡོང་བ་ལ་བཞག་ན། ལྟ་སྒོམ་གྱི་ཐ་སྙད་ཀྱང་ཞིག་ནས། དེ་མ་ཐག་པར་ཆོས་ཐམས་ཅད་རིག་སྟོང་ཆོས་སྐུའི་འཕྲུལ་དུ་ཤར་ནས་སྣང་བ་ཐམས་ཅད་གྲོགས་སུ་འཆར་ནུས། དེ་བཞིན་དུ། ལྷ་འདྲེའི་གཟུགས་སྣང་དང་། ལྷ་འདྲེའི་རྣམ་རྟོག་ཤར་བ་རྣམས་ཀྱང་རིག་པའི་ཆོ་རོལ་དུ་གོ་ན་རེ་དོགས་ཅི་ཡང་མི་འབྱུང་བར་རིག་པའི་རྒྱན་དུ་གྲོལ་བ་ཆོས་ཉིད་ཡིན་ཏེ། སྔོན་རྗེ་བཙུན་མི་ལ་རས་པའི་ཉམས་སྣང་ལ། བྲག་སྲིན་མོ་དེ་ཁྱི་མོ་དམར་མོ་ཞིག་ཏུ་སྤྲུལ་ནས་ཞབས་གཡོན་པའི་མཐེ་བོང་བཟུང་སྟེ་གཏོང་དུ་མ་ཉན་པས། དེ་སྲིན་མོའི་ཆོ་འཕྲུལ་དུ་མཁྱེན་ནས། ཁྱོད་མ་གནོད་མ་གནོད་འདྲེ་མོ་ངན། །མི་ང་ལ་མ་གནོད་སླར་ལོག་ཅིག །ཅེས་སོགས་ཀྱི་མགུར་བཞེངས་པ་ན། སྲིན་མོས་ད་དུང་ཞབས་མ་བཏང་བར་ལན་དུ། ལར་བག་ཆགས་བདུད་འདི་སེམས་ལས་བྱུང་། །སེམས་ཀྱི་དེ་ཉིད་མ་ཤེས་ན། །ཁྱོད་སོངས་ཤིག་བྱས་པས་ང་མི་འགྲོ། །རང་སེམས་སྟོང་པར་མ་རྟོགས་ན། །འདྲེ་ང་བས་མི་ཚད་གཞན་ཡང་ཡོད། །རང་སེམས་རང་གིས་ངོ་ཤེས་ན། །མི་མཐུན་རྐྱེན་རྣམས་གྲོགས་སུ་འཆར། །ཞེས་སོགས་བླངས་པར། ཁོང་གིས་དེ་ཤིན་ཏུ་བདེན་པར་དགོངས་ནས་ལན་དུ་དྲན་པའི་དཔེ་བརྒྱད་ཀྱི་མགུར་གནང་མཐར། བྲག་སྲིན་མོ་དད་པར་གྱུར་ནས་ཞབས་བཏང་བར་གྲགས། དེས་ན་རྣལ་འབྱོར་པ་རྣམས་ལ་ལྷ་དང་ལྷ་མོས་ཞལ་གཟིགས་རེ་བྱུང་ན་ཡང། སྐབས་སྐབས་སུ་དངོས་གྲུབ་ཐོབ་པའི་རྟགས་མ་ནོར་བ་ཡིན་མོད་ཀྱང་། མཚམས་རེ་ཉམས་ཡ་མཚན་པོ་ཙམ་དུ་ཟད་ན། བདེན་ཞེན་མི་སྐྱེ་བར་རིག་པའི་རོལ་པར་གོ་ནས། བཟང་ངན་གང་དུ་ཡང་མ་བལྟས་པར་བཞག་ན་མཆོག་གི་དངོས་གྲུབ་སྟེ་ཆོས་ཉིད་རྟོགས་པའི་རྒྱུར་འགྲོ། གང་སྣང་རིག་པའི་འཕྲུལ་དུ་རྟོགས་ཐུབ་ན། ལྷའི་སྣང་བ་ཙམ་མ་ཡིན་པར་འདྲེའི་སྣང་བ་འང་དངོས་གྲུབ་ཐོབ་པའི་རྒྱུར་འགྲོ་བར་གསུངས་ཏེ། བདུད་རིགས་ཆོས་སྐྱོང་དུ་གནས་འགྱུར། ཆོས་སྐྱོང་སྤྲུལ་སྐུར་ཞལ་བསྒྱུར་ཞེས་པ་དེ་མཐུ་སྟོབས་དང་རྫུ་འཕྲུལ་སྒོས་བདུད་འདྲེ་ཆོས་སྐྱོང་དུ་བཀོད་པ་ལྟ་བུ་མ་ཡིན་པར། བདུད་དང་སངས་རྒྱས་གཉིས་ཀ་རིག་པའི་ཆོ་འཕྲུལ་ཡིན་པར་འདྲ་མཉམ་དུ་གནས་པ་རྟོགས་ནས། དེ་ཐམས་ཅད་གྲོགས་སུ་ཤར་བ་སྟེ། རང་སྣང་རྣམ་དག་སྐུ་གསུམ་གྱི་དཀྱིལ་འཁོར་ཆེན་པོའི་རོལ་པ་ལས་གུད་དུ་མེད་པ་ལ་གོ་བར་བྱ། འབྲས་བུའི་གཅོད་ནི་གཅད་བྱ་དང་གཅོད་བྱེད་ཀྱི་མཚན་མ་རྩད་ནས་མེད་པ་སྟེ། དེ་ནི་གཞི་ཆོས་ཀྱི་དབྱིངས་སེམས་ཉིད་འདུས་མ་བྱས་པའི་གནས་ལུགས་མངོན་དུ་གྱུར་པ་ལས་འཐོབ་བྱ་གཞན་ཞིག་མ་མཆིས་ཤིང་། གལ་ཏེ་མཆིས་ན་གཟུང་འཛིན་གྱི་མཚན་མ་ཅན་དུ་འགྱུར་ནས་འདུས་བྱས་སུ་ཐལ་ཞིང་། གྲུབ་མཐའ་འདི་ཡང་སྤྲོས་བཅས་དང་དངོས་པོར་སྨྲ་བའི་གྲལ་དུ་ལྷུང་བའི་སྐྱོན་འབྱུང་། དོན་དམ་ཆོས་དབྱིངས་ཀ་དག་ཆེན་པོའམ། རང་བྱུང་སེམས་ཉིད་འོད་གསལ་བ་ནི་དུས་གསུམ་ཀུན་ཏུ་འཕོ་འགྱུར་བྲལ་ཞིང་། སྔར་དང་ཕྱིས་ཐམས་ཅད་དེ་ལ་ཡར་འཕེལ་བ་དང་མར་འགྲིབ་པའམ། དགེ་བས་བཟང་བར་འགྲོ་བ་དང་། མི་དགེ་བས་ངན་དུ་མི་འགྲོ་བ། སྐྱེ་མ་མྱོང་ལ་འཆི་བ་བྲལ་བ། ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོས་དབུ་མཛད་པའི་དུས་གསུམ་རྒྱལ་བ་རྒྱ་མཚོའི་དགོངས་པ་མཐར་ཐུག་པའི་དོན་སྙིང་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས། དེ་ལྟ་བུའི་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་བདུད་དང་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་ཡེ་ནས་དག་པ་དེ་ཁོ་ན་ཉིད་ཀྱི་བཞུགས་སྟངས་ཡིན་པས། དེར་གཅད་བྱའི་བདུད་དང་གཅོད་བྱེད་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་ཐམས་ཅད་རྩད་ནས་ཞིག་ཅིང་། གཞི་ལམ་འབྲས་གསུམ་ཐ་དད་དུ་དབྱེ་རུ་མེད་པར་རྣམ་ཐར་སྒོ་གསུམ་ཡོངས་ལྡན་ཀུན་ཏུ་བཟང་མོའི་དབྱིངས་ཁོ་ནར་གནས། ནང་གི་སྒྲིབ་པའི་ཡོལ་བ་ཟད་ནས་དེ་ལྟ་བུའི་ཆོས་ཉིད་གཉུག་མའི་རང་ཞལ་རྗེན་པར་མཇལ་བ་ལ་འབྲས་བུའི་ཐ་སྙད་བཏགས་པར་ཟད། དོན་དུ་འབྲས་བུ་ཞེས་པའི་འཐོབ་བྱ་དམིགས་སུ་མ་མཆིས་ན། འབྲས་བུ་ཐོབ་པའི་རེ་བ་དང་མི་ཐོབ་པའི་དོགས་པ་གཉིས་ཀྱི་མདུད་རྒྱ་རོ་སྙོམས་རིག་པའི་ཀློང་དུ་རང་གྲོལ་དུ་འགྲོ་དགོས། དེ་ལྟ་བུའི་གྲོལ་བ་བླ་ན་མེད་པ་ལ་འབྲས་བུའི་གཅོད་ཅེས་བྱ། མདོར་ན་གཞི་ལམ་འབྲས་བུའི་གཅོད་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་ཀྱི་རྒྱས་མ་ཐེབས་པ་མེད་དེ། གཞི་ནི་སྨྲ་བསམ་བརྗོད་བྲལ་གྱི་སྟོང་པ་ཉིད་དུ་བཞུགས་པ་ལ། ལམ་ཞེས་པ་དེ་སྟོང་པ་ཉིད་ཀྱི་དོན་རྟོགས་བྱེད། འབྲས་བུ་ཡང་སྟོང་པ་ཉིད་ཇི་བཞིན་མངོན་དུ་གྱུར་པའི་ཐ་སྙད་ཙམ་མོ། །དེང་སང་བོད་དང་ཕྱིའི་ཡུལ་གྲུ་མང་པོར་གཅོད་པ་ཡིན་ཟེར་མཁན་གྱིས་ས་ཁྱབ་རྡོ་ཁྱབ་དུ་གང་བ་ཀུན་གྱི་མཐོང་ཆོས་སུ་གྲུབ་པ་ཡིད་ཤིན་ཏུ་རང་འོས་པའི་གནས་སུ་མཆིས་མོད།