དཀར་ཆག
དཔྱད་རྩོམ

སྤྲུལ་སྐུ་དོན་གྲུབ་རིན་པོ་ཆེ་སྐུ་གཤེགས་པའི་སྐོར།

ཉེ་བའི་ལོ་འགའི་རིང་ལ་ཀློང་ཆེན་སྙིང་ཐིག་བསྟན་པའི་ཤིང་རྟ་བ་ཆེན་པོ་རྡོ་གྲུབ་རིན་པོ་ཆེས་གཙོར་མཛད་པའི་བརྩི་བཀུར་འོས་པའི་བླ་མ་རྒན་རིམ་ཕལ་ཆེར་ཞིང་གཞན་དུ་ཕེབས་ཟིན་པས། འོད་ཟེར་ཀྱི་བཀྲག་མདངས་ལྡན་པའི་ཉི་མ་ལྟ་བུའི་བོད་བརྒྱུད་ཀྱི་བསྟན་པའི་མི་རབས་རིན་ཐང་ལྡན་པ་ཞིག་འཇིག་རྟེན་འདི་ལས་ནུབ་ཟིན་པས་ཡིད་སྐྱོ་འོས་པ་ཞིག་བྱུང་། ཁོང་རྣམས་ནི་གནའ་དུས་ཀྱི་ཚད་ལྡན་གྱི་བླ་མ་མང་བོ་བརྟེན་པ་མ་ཟད། རང་ངོས་ནས་ཉམས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་འཛོམས་པས། དོན་གྱི་བཤེས་གཉེན་དད་པ་སྐྱེ་འོས་ཤིང་། ཡིད་སྨོན་འཆོར་བའི་ཞིང་དམ་པ་ཁོ་ནར་བཞུགས། ཁོང་རྣམས་ཀྱི་ཕྱིའི་མཛད་སྤྱོད་དང་། ནང་གི་ཐུགས་རྒྱུད་གང་ཐད་ནས་དཔྱད་ཀྱང་། སངས་རྒྱས་དང་བྱང་སེམས་ཀྱི་སྤྲུལ་པའམ། ས་མཐོན་པོར་གཤེགས་པའི་འཕགས་པ་ལོས་ཡིན་སྙམ་པའི་དད་པ་སྐྱེ་འོང་སླ་བ་ཡོད། ཁོང་རྣམ་པ་རེ་རེ་བཞིན་ཞིང་གཞན་དུ་གཤེགས་ཚེ། གཟི་བརྗིད་ལྡན་པའི་ཆོས་ཀྱི་གསེར་གྱི་ལྷུན་པོ་རེ་རེ་བཞིན་འཇིག་རྟེན་འདི་ལས་ཡལ་བ་ལྟ་བུ་གྱུར་ནས། ང་ཚོ་དད་ལྡན་སྐྱེ་བོ་རྣམས་ཀྱི་སྙིང་ནང་དུ་སྟོང་སྣང་གི་ཚོར་བ་མི་བདེ་བ་འགོག་མེད་དུ་སྐྱེ་འོང་། འོན་ཀྱང་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པར་ཟད་པས། དམ་པའི་སྐྱེས་བུ་ཚོ་ཞིང་གཞན་དུ་གཤེགས་ཚེ། ཁོང་རྣམས་ཀྱིས་ང་ཚོ་གདུལ་བྱ་རྟག་འཛིན་ཅན་དག་ཆུའི་ལྦུར་བ་དང་མཚུངས་པའི་མི་ཚེ་འདི་རྟག་པ་དང་བརྟན་པ་མེད་པས། དམ་པའི་ཆོས་སྒྲུབ་པར་སྐུལ་བའི་གདམས་ངག་དྲོན་མོར་ངོས་འཛིན་བྱེད་དགོས།

འདི་གར་གནས་ཚུལ་མི་སྙན་པ་ཞིག་ཞུས་འོས་པ་ནི། ཉེ་ཆར་ཨ་རིར་བཞུགས་པའི་ཀླུ་ཤུལ་སྤྲུལ་སྐུའམ་ཡོངས་གྲགས་སུ་སྤྲུལ་སྐུ་དོན་གྲུབ་རིན་པོ་ཆེ་ཞུ་བ་ཞིང་གཞན་དུ་གཤེགས་པ་དེ་རེད། རིན་པོ་ཆེ་ནི་མགོ་ལོག་ནས་ཡིན་ཞིང་། དེང་སྐབས་མགོ་ལོག་པད་མ་རྫོང་དུ་གྲགས་པའི་ས་ཁུལ་དུ་འཁྲུངས་པས། ང་དང་ཕ་ཡུལ་གཅིག་པ་ཡིན། ང་ཆུང་དུས་ཕ་ཡུལ་དུ་ཡོད་སྐབས་ཁོང་གི་མཚན་སྙན་མང་པོ་ཐོས་མྱོང་། ཁོང་ནི་རྡོ་གྲུབ་ཆེན་དགོན་གྱི་སྙན་གྲགས་ཆེ་བའི་མཁན་ཆེན་རྣམ་བཞིའི་གཙོ་བོ་མཁས་དང་གྲུབ་པའི་དབང་ཕྱུག་ཀླུ་ཤུལ་མཁན་པོ་དཀོན་མཆོག་སྒྲོན་མེ་ཚང་གི་སྤྲུལ་སྐུ་ཡིན་ཞིང་། སྐུ་ན་གཞོན་པའི་དུས་ནས་རྡོ་གྲུབ་རིན་པོ་ཆེ་སོགས་སྐྱེས་ཆེན་རྣམས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་ཞུས་ཤིང། ཉམས་ལེན་གྱི་དྲོད་རྟགས་ཐོན་ཡོད་པའི་རྣལ་འབྱོར་བ་ཞིག་ཡིན་པ་མ་ཟད། མདོ་སྔགས་རིག་གནས་ཐམས་ཅད་ལ་ནང་བྱན་ཆུད་ཅིང་། ནུབ་ཕྱོགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཤེས་རྒྱ་ཆེ་བའི་མཁས་པ་ཞིག་ཀྱང་ཡིན། ཁོང་གིས་རྒྱ་གར་ལག་ནོར་སློབ་གྲྭ་ཆེན་མོར་སློབ་ཁྲིད་གནང་བ་དང་། འཛམ་གླིང་གི་སློབ་གྲྭ་ཆེན་མོའི་ཡང་རྩེ་ཧར་བད་ཌིར་གདན་འདྲེན་མཁས་པའི་གོ་གནས་བཞེས། ཁོང་གིས་དབྱིན་ཡིག་ཐོག་ཏུ་ནང་ཆོས་སྤྱི་དང་ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་ལ་དེབ་མི་ཉུང་བ་བརྩམས་པ་དང་། སེམས་ཁྲིད་དང་འདོན་ཆའི་སྐོར་རྩ་ཆེན་དུ་མ་ཡིག་བསྒྱུར་མཛད་པ་སོགས་ནུབ་ཕྱོགས་སུ་རྒྱལ་བསྟན་རིན་པོ་ཆེ་སྤེལ་བ་ལ་ཕྱག་རྗེས་རླབས་ཆེན་བཞག །སྔོན་ཆད་ང་རང་གིས་ཡིག་བསྒྱུར་བྱེད་སྐབས་སུ། ཁོང་གིས་བསྒྱུར་ཟིན་པའི་དཔེ་དེབ་རྣམས་ཚད་ལྡན་དུ་བཟུང་ནས་ལྟ་ཀློག་བྱས་ཤིང་། གོ་རྟོགས་ལེགས་པོ་ཨེ་ལེན་བལྟས་པ་མ་ཟད། ངའི་ཡིག་སྒྱུར་གྱི་ལས་ཀ་ལ་ཕན་ཐོགས་དུ་མ་བྱུང་སོང་།

རིན་པོ་ཆེ་ཁོང་ནི་ང་ཚོ་ཕ་ཡུལ་གྱི་བླ་མ་ཞིག་ཡིན་པའི་ཁར། སྐུ་ཡོན་ཆེ་ཞིང་སྦས་པའི་རྣལ་འབྱོར་བ་ཡིན་པ་ཐོས་པའི་རྐྱེན་གྱིས། ངས་ཁོང་གི་སྐུ་དངོས་མཇལ་འདོད་ཆེན་པོ་བྱུང་ཡང་གོ་སྐབས་མ་བྱུང་། ཐེངས་ཤིག་ལ། ང་རང་གིས་བརྩམས་པའི་བོད་ཡིག་གི་དེབ་ཅིག་ཁོང་གི་སློབ་མ་ཞིག་ལ་བརྒྱུད་ནས་ཕུལ། ཟླ་བ་ཁ་ཤས་ཀྱི་མཇུག་ནས་དེབ་དེ་ཁོང་གི་ཕྱག་ཏུ་འཕྲོད་ཡོད་ལུགས་ཀྱི་ཕྱག་ཕྲིན་ཞིག་གནང་སོང་། དེ་མ་གཏོགས་ངེད་གཉིས་ཀྱི་ཐད་ནས་འབྲེལ་གཏུགས་གང་ཡང་མེད། ཁོང་ནི་ཨ་རིའི་ཤར་ཕྱོགས་ཀྱི་བྷ་སི་ཊིན་དུ་གཏན་སྡོད་བྱས་ཡོད་ཅིང་། ང་ནི་ཨ་རིའི་ནུབ་བྱང་གྱི་མཚོ་བརྒྱུད་དུ་གནས་བཅས་ཡོད་པས། ང་ཚོའི་བར་ལ་གནམ་གྲུའི་ཐོག་ནས་དུས་ཚོད་ལྔ་ལྷག་འཕུར་དགོས་པས་ལམ་ཐག་ཧ་ཅང་རིང་བོ་རེད།

བདུན་ཕྲག་ཁ་ཤས་སྔོན་ལ་ངའི་ཆོས་གྲོགས་ཨ་རི་བ་ཞིག་གིས་རིན་པོ་ཆེ་སྐུ་གྲོངས་ཟིན་བའི་སྐོར་ལབ་སོང་། དེ་མ་ཐག་ཏུ་ངའི་སེམས་ནང་ལ་ཕངས་སེམས་བྱུང་བ་མ་ཟད། ངེད་གཉིས་ཕ་ཡུལ་གཅིག་པ་ཡིན་པས་ང་རང་གི་ཡོད་སར་མི་ཚང་མར་དགོངས་རྫོགས་སྨོན་ལམ་གཅིག་ཁྱབ་བསྒྲགས་བྱས་ནས་འཚོགས་དགོས་སྙམ་ཀྱང་། ཁོང་ནི་བླ་ཆེན་ཞིག་ཡིན་པའི་ཁར། ང་ནི་སྤྱི་ཚོགས་སྟེང་དུ་ཐོབ་ཐང་གང་ཡང་མེད་པའི་མི་དཀྱུས་མ་ཞིག་ཡིན་པས་དེ་འདྲ་བྱེད་རྒྱུ་མི་འོས་སྙམ་ནས་བློས་བཏང་བ་ཡིན། འོན་ཀྱང་ཁོང་ནི་སྦས་པའི་རྣལ་འབྱོར་བ་ཡིན་པས། ཁོང་སྐུ་བཞུགས་ཚེ་ཆེད་དུ་འཁོར་སློབ་མ་མང་པོ་མ་བསྡུས་པ་དང་། ཁོང་བཞུགས་ཕྱོགས་སུ་ཆོས་བརྒྱུད་དང་ཕ་ཡུལ་གཅིག་པའི་བླ་སྤྲུལ་ཡོད་རབས་མེད་སྟབས། བོད་ཀྱི་ལུགས་སྲོལ་དང་མཐུན་པའི་སྒོ་ནས་གདུང་བཞུ་སོགས་བྱེད་ཐུབ་ཡོད་མེད་སྐོར་ལ་སེམས་ཁྲལ་བྱུང་། ཁོང་ལྟ་བུའི་རྟོགས་པ་མཆོག་ལྡན་སྐྱེས་བུ་དམ་པ་རྣམས་ཞིང་དུ་གཞན་གཤེགས་ཚེ། གུས་བཀུར་གྱི་སྒོ་ནས་གདུང་བཞུའི་ཆོ་ག་དང་དགོངས་རྫོགས་གདོང་མཆོད་སོགས་བྱེད་རྒྱུ་ནི་དུས་ཡུན་རིང་བའི་ལོ་རྒྱུས་ལྡན་པའི་གོམས་སྲོལ་ཞིག་ཡིན་པ་མ་ཟད། གདུལ་བྱ་དད་ལྡན་རྣམས་ཀྱིས་སེམས་གཏིང་དུ་གནས་པའི་དད་པ་དང་བརྩི་བཀུར་མཚོན་བྱེད་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད།

འོན་ཀྱང་ཉིན་ཤས་སྔོན་ལ་རིག་འཛིན་འཇིགས་མེད་གླིང་པའི་ཞལ་སློབ་འཇིགས་མེད་ངོ་མཚར་རྒྱ་མཚོའི་སྐུ་ཕྲེང་ལྔ་པ་སྐྱབས་རྗེ་རྫ་ཀཱིཿ ལུང་སྤྲུལ་སྐུ་རིན་པོ་ཆེ་འཇིགས་མེད་བསྟན་ འཛིན་ཆོས་གྲགས་མཆོག་ལ་ཁ་པར་ཐོག་ནས་ཕན་ཚུན་འཚམས་འདྲིའི་ཁ་བརྡ་བྱེད་རྒྱུའི་གོ་སྐབས་བྱུང་བའི་སྐབས་སུ། རིན་པོ་ཆེ་ཚང་གིས་ཁོང་བདུན་ཕྲག་ཁ་ཤས་ཀྱི་སྔོན་ལ་བྷ་སི་ཊིན་ལ་སྤྲུལ་སྐུ་དོན་གྲུབ་ཚང་གི་གདུང་མཆོད་ལ་ཕེབས་པ་ཡིན་གསུངས་པས་ང་སེམས་གཏིང་ནས་ཡིད་རང་བྱུང་། སྤྲུལ་སྐུ་རྣམ་པ་གཉིས་ཕན་ཚུན་བར་ལ་ཡུན་རིང་བོར་འབྲེལ་འདྲིས་ཆེན་པོ་ཡོད་པ་མ་ཟད། རྣམ་པ་གཉིས་ཀའང་ཀློང་ཆེན་སྙིང་ཐིག་གི་བསྟན་པ་འཛིན་མཁན་རེད། དེས་ན་གདུང་མཆོད་ལ་ཁོང་ཕེབས་རྒྱུ་བྱུང་བ་དེ་རྟེན་འབྲེལ་ཧ་ཅང་ཡག་བྱུང་སྙམ། དེའི་སྐོར་གྱི་གནས་ཚུལ་གཞིས་བྱེས་ཀྱི་དད་ལྡན་རྣམས་ཀྱིས་གོ་ཐོས་བྱུང་ན་དགོས་པ་འདུག་སྙམ་ནས། ངའི་ཁོང་ལ་དྲི་བ་ཁ་ཤས་བཏོན་པའི་ལན་ཁོང་གིས་གསུངས་པ་གཤམ་དུ་བཀོད་ཡོད།

དྲི་བ།
ཁྱེད་རྣམ་པ་གཉིས་པོ་ཀློང་ཆེན་སྙིང་ཐིག་གི་བསྟན་འཛིན་རྩ་ཆེན་ཡིན་པའི་ཁར། སྤྲུལ་སྐུ་དོན་གྲུབ་དང་ཁྱེད་རྣམ་པ་ཕན་ཚུན་བར་ཆ་རྒྱུས་དང་། འབྲེལ་འདྲིས་ལེགས་པོ་ཡོད་པ་གོ་ཐོས་བྱུང་བས། ཁྱེད་ཀྱིས་ཁོང་ཇི་ལྟར་ངོ་ཤེས་ཚུལ་དང་། འབྲེལ་བ་བྱུང་སྟངས་སྐོར་གསུང་རོགས།
ལན།
ལོ་ཉི་ཤུ་ཡས་མས་ཀྱི་སྔོན་ལ་༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་ཨ་རིའི་ཤར་ཕྱོགས་ཀྱི་མ་ཧཱ་སིདྡྷི་ཆོས་ཚོགས་སུ་ཕྱག་ཕེབས་གནང་ནས། ཀློང་ཆེན་སྙིང་ཐིག་གི་ཆོས་ཚན་ཁག་ཅག་གི་དབང་ལུང་གནང་སྐབས་སུ། ཨ་ལགས་གཟན་དཀར་རིན་པོ་ཆེ་དང་། ཁོང་རྣམ་པ་དེ་གར་བྱོན་སོང་། དེའི་སྐབས་སུ་ཁོང་ངོ་ཤེས་པའི་མགོ་ཚུགས་པ་རེད། རྗེས་སུ་ང་རང་ཨ་རིའི་ཤར་ཕྱོགས་སུ་ཡོད་པའི་བྷ་སུ་ཊིན་གྲོང་ཁྱེར་སུ་འགྲོ་སྐབས། རྒྱུན་དུ་ཁོང་གི་རྩར་བྱིན་པ་ཡིན། རིམ་གྱིས་ངེད་གཉིས་ཆོས་གྲོགས་བཟང་པོར་གྱུར་སོང་།
དྲི་བ།
ང་ཚོ་མགོ་ལོག་གི་ཡུལ་ལ་སྤྲུལ་སྐུ་ཁོང་གི་མཚན་ཐོས་མྱོང་མཁན་མང་བོ་ཡོད། འོན་ཀྱང་ཁོང་གི་མཚན་ཐོས་མྱོང་ཡང་། ཁོང་གི་ལོ་རྒྱུས་ལེགས་པོར་མི་ཤེས་མཁན་ཡོད་ངེས་པས། ཁོང་གི་སྐུ་ཚེའི་ངོ་སྤྲོད་ཉུང་ཙམ་གནང་རོགས།
ལན།
ཁོང་གི་མཚན་ཆ་ཚང་ལ་ངག་དབང་བློ་བཟང་དོན་གྲུབ་རྒྱ་མཚོ་ཞུ་བ་རེད། ཕ་ཡུལ་མགོ་ལོག་པདྨའི་ས་ཁུལ་རྡོ་ཁོག་ཕྱོགས་ནས་དབང་རོལ་ཞེས་པའི་ཡུལ་སྡེར་སྐུ་འཁྲུངས་ཤིང་། དགུང་ལོ་ཆུང་ངུའི་དུས་སུ་རྡོ་གྲུབ་དགོན་པའི་ཀླུ་ཤུལ་མཁན་པོ་བསྟན་པའི་སྒྲོན་མེའི་སྤྲུལ་སྐུར་ངོས་ཟིན་བྱུང་ནས། རྡོ་གྲུབ་དགོན་པས་གདན་འདྲེན་དང་ཁྲི་འདོན་མངའ་གསོལ་བྱས། དེ་གར་དགོན་པའི་ཆོས་གྲྭར་བཞུགས་ཏེ་ཐོས་བསམ་སྒོམ་གསུམ་གནང་། དུས་འགྱུར་སྐབས་སུ། རྡོ་གྲུབ་རིན་པོ་ཆེ་དང་མཉམ་དུ་ཕྱི་ཡུལ་དུ་ཕེབས། རྒྱ་གར་དུ་གཙུག་ལག་ཁང་ངམ་སློབ་གྲྭ་ཆེན་མོ་ཁ་ཤས་སུ་སློབ་ཁྲིད་གནང་། དེ་ནས་ཨ་མེ་རི་ཀར་བྱོན་ནས་བྷ་སི་ཊིན་གྲོང་ཁྱེར་དུ་ཡོད་པའི་ཧར་བིད་ཌི་སློབ་གྲྭ་ཆེར་མོར་དཔེ་ཁྲིད་མཛད་པ་རེད། དེ་ཡང་མ་ཟད། གྲོང་ཁྱེར་དེ་དང་ཐག་ཧ་ཅང་མི་རིང་བའི་སར་རྡོ་གྲུབ་རིན་པོ་ཆེས་ཕྱག་འདེབས་མཛད་པའི་མ་ཧཱ་སིདྡྷི་ཆོས་ཚོགས་ཡོད་པ་མ་ཟད། རྡོ་གྲུབ་རིན་པོ་ཆེ་དེ་གར་ལོ་གཉིས་རེའི་རིང་ལ་ཐེངས་མ་གཅིག་བྱོན་སྟབས། དེའི་སྐབས་སུ་ཁོང་རྣམ་པ་རྟག་ཏུ་ཞལ་འཛོམས་མཛད། དེ་དག་གི་རྐྱེན་གྱིས། ཁོང་གིས་བྷ་སི་ཊིན་གྲོང་ཁྱེར་བཞུགས་གནས་སུ་མཛད་པ་རེད་འདུག། ཁོང་ནི་འདོད་ཆུང་ཆོག་ཤེས་ཡོད་པའི་སྦས་པའི་རྣལ་འབྱོར་བ་ཡིན་སྟབས། དུས་རྒྱུན་བླ་ཆེན་དང་རྒྱས་སྤྲོས་རྫིག་པོའི་རྣམ་པ་མི་གནང་། ཁོང་གཤིས་ཀ་འཇམ་པོ་ཡོད་པའི་ཁར། ངོ་ཤེས་བཞིན་ཤེས་བཞིན་དུ་བློ་སྣ་བརྟན་པའི་མི་བཟང་བོ་འགྲོག་ཡུན་རིང་པོ་ཐུབ་མཁན་ཞིག་ཡིན། ཁོང་གིས་ནང་ཆོས་ཀྱི་ལྟ་བ་གཞིར་བཅོལ་ནས་ནུབ་ཕྱོགས་པའི་ཁམས་དབང་དང་མཐུན་པའི་དེབ་མི་ཉུང་བ་བརྩམས་པ་དང་། ཀུན་མཁྱེན་ཡབ་སྲས་གཉིས་དང་རྡོ་གྲུབ་རིམ་བྱོན་གྱི་གསུང་སོགས་དབྱིན་སྐད་དུ་བསྒྱུར། ཁོང་གིས་ཕྱག་རྩོམ་དང་བསྒྱུར་རྩོམ་གཉིས་ཀ་ལ་ཕལ་ཆེར་དེབ་བཅོ་བརྒྱད་ལྷག་ཡོད་པ་ཅིང་། སྐད་ཡིག་མི་འདྲ་བ་ཉེར་གཅིག་གི་ཐོག་ཏུ་བསྒྱུར་ཡོད།
དྲི་བ།
ཁོང་ག་དུས་སྐུ་གཤེགས་པ་རེད།
ལན།
སྤྱི་ལོ་༢༠༢༣ཟླ་༡༢་ཚེས་༢༩་ལ་ཁོང་སྐུ་གཤེགས་འདུག། ཁོང་དགུང་ལོའང་བརྒྱད་ཅུའི་ནང་ལ་སླེབས་ཡོད། འདས་པའི་ལོ་གཉིས་རིང་ལ་ཁོང་གི་སྐུ་ལུས་ལ་ཤུགས་དེ་ཙམ་མེད་པ་དང་། ལྷག་པར་དུ་ད་ལོ་དབྱར་ཁ་ཙམ་ནས་སྐུ་གཟུགས་ལ་བསྙུང་གཞི་ཐེངས་འགའ་བྱུང་བ་རེད། ང་རང་ཁོང་ལ་བསྙུང་འདྲི་ཞིག་བྱེད་སར་འགྲོ་དགོས་སྙམ་ཀྱང་འགྲོ་ལོང་སྟབས་བདེ་མ་བྱུང་།
དྲི་བ།
ཁྱེད་ནི་སྤྲུལ་སྐུ་ཚང་གི་ཉེ་འཁོར་རྣམས་ལ་ཆ་རྒྱུས་ཡོད་པ་དང་། ཁོང་ཚོ་དང་མཉམ་དུ་སྤྲུལ་སྐུ་ཚང་སྐུ་འདས་ཚུལ་དང་ཁོང་གི་ཞལ་ཆེམས་ག་འདྲ་གནང་ཡོད་མེད་སྐོར་ལ་གླེང་མོལ་བྱུང་ཡོད་པ་རྣམས་གསུང་རོགས།
ལན།
ང་ཤར་ཕྱོགས་ནས་ཨ་མེ་རི་ཀར་ནང་དུ་ལོག་ནས་ཉིན་གསུམ་གྱི་་རྗེས་ནས་ཁོང་སྐུ་གྲོངས་པའི་བརྡ་འབྱོར། ཁོང་བཞུགས་སར་ཆོས་བརྒྱུད་གཅིག་པའི་བླ་སེར་དང་ཕ་ཡུལ་གཅིག་པའི་མི་དེ་འདྲ་མེད་པ་དང་། ཁོང་གི་ཉེ་འཁོར་རྣམས་ཀྱི་རེ་བ་ལྟར་དུ། མྱུར་བར་བྷ་སི་ཊིན་གྲོང་ཁྱེར་ལ་མཚན་མོའི་གནམ་གྲུའི་ཐོག་ནས་ཕྱིན་སྟེ་ཉིན་ཁ་ཤས་ལ་དེ་གར་བསྡད་པ་ཡིན། སྐབས་དེར་ཁོང་གི་ཉེ་འཁོར་ཚོའི་ངག་ཐོག་ནས་ཁོང་སྐུ་གཤེགས་སྟངས་དང་ཞལ་ཆེམས་ག་རེ་བཞག་ཡོད་མེད་ཚང་མ་གསལ་བོ་གོ །ཁོང་གིས་ནང་འཁོར་ཚོ་ལ་ཞལ་ཆེམས་གསུང་དོན། ང་གཤེགས་རྗེས་སུ་གདུང་མཆོད་གཟབ་རྒྱས་གང་ཡང་བྱེད་མི་དགོས་ཤིང་། མི་དཀྱུས་མ་ལྟར་དུ་པུར་གྱེས་ཆོ་ག་གཏོང་ན་མི་འགྲིག་པ་མེད། དགོངས་རྫོགས་ཆོ་ག་རྒྱས་པ་མང་བོའང་མ་ནུས་ན་ཆོག།ངས་མི་ཚེ་གང་བོ་ཉམས་ལེན་བྱས་པ་ཡིན་པས་འཆི་སྐབས་སུ་གང་བྱེད་དགོས་པ་ཤེས་པའི་གདེངས་ཡོད། ངས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ལ་དམིགས་པ་གཏད་ཡོད་པས། ཡང་སྲིད་མྱུར་འབྱོན་གསོལ་འདེབས་སོགས་མ་མཛད་མ་འདོན་རོགས། གལ་ཏེ་དེ་འདྲ་བྱས་ན་ང་བདེ་བ་ཅན་དུ་འགྲོ་བ་ལ་བར་ཆད་དུ་འགྱུར་ཤས་ཆེ། ཁྱེད་ཅག་གིས་ང་ལ་ངེས་པར་བསྔོ་སྨོན་རེ་གནང་བསམ་ན་བདེ་བ་ཅན་ཏུ་སྐྱེ་བའི་སྨོན་ལམ་རེ་གསུང་རོགས། ཞེས་གསུངས་འདུག།
དྲི་བ།
རིན་པོ་ཆེ་ཁྱེད་ཉིད་ཁོང་གི་དགོངས་རྫོགས་གདུང་མཆོད་ལ་དངོས་སུ་བྱོན་ཡོད་པས། དེ་ཅི་འདྲ་བྱུང་སོང་ངམ།
ལན།
ཁོང་གི་ཞལ་ཆེམས་དུ། ཁོང་སྐུ་གྲོངས་མ་ཐག་ཏུ་དུས་ཡུན་རིང་པོ་སྒུག་མི་དགོས་པར་གང་བདེ་བྱས་ནས་ག་དུས་ཡིན་ན་སྐུ་གདུང་མེར་བསྲེག་བྱས་ན་ཆོག་གསུང་འདུག།འོན་ཀྱང་ངའི་ཁོང་གི་སྐུ་གདུང་མཇལ་ཚེ་ཐུགས་དམ་ལ་བཞུགས་འདུག་པས་ཉིན་ཤས་སྒུག་པ་ཡིན། མི་རོ་གཞན་པ་དང་མི་འདྲ་བར་སྐུ་གདུང་གཞོན་ཉམས་བཀྲག་མདངས་ལྡན་པར་བཞུགས་འདུག་པ་མ་ཟད། ཁོང་གི་དབུ་སྐྲ་ཐུང་ངུར་ཡོད་ཀྱང་། ལན་གཅིག་ཙམ་མ་ཡིན་པར་ངས་མཐོང་བའི་ཉམས་སྣང་ལ་ཁོང་གི་སྐུ་དེ་རིག་འཛིན་འཇིགས་མེད་གླིང་པ་དང་ཅུང་འདྲ་བར་དབུ་སྐྲ་རིང་བོ་ཅན་ཞིག་ཡང་ཡང་མཐོང་སྣང་བྱུང་། ང་ཚོས་ཁོང་གི་སྐུ་གདུང་དེ་སྐུ་སྒེར་གྱི་མཆོད་ཁང་དུ་གདན་ཞུ་བྱས་ནས། ས་གནས་དེ་གར་བསྡད་ཡོད་པའི་ནུབ་ཕྱོགས་པའི་ཆོས་པ་ཁོང་ལ་དད་པ་ཡོད་མཁན་ཚོ་མཆོད་ཁང་དུ་སླེབས་ནས་བླ་མའི་རྣལ་འབྱོར་སོགས་ཞལ་འདོན་བཏང་སོང་། ང་ཚོས་དྲྭ་ཐོག་ཏུ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཆོས་པ་ཁོང་ལ་དངོས་ཤུགས་ཀྱི་འབྲེལ་བ་ཡོད་མཁན་ཚོ་སྐད་བཏང་ནས་མཉམ་དུ་དགོངས་རྫོགས་སྨོན་ལམ་ཞིག་འཚོགས་ཐུབ་སོང་། ཉིན་གསུམ་པའི་ནང་རྡོ་གྲུབ་གསུང་སྤྲུལ་རིན་པོ་ཆེ་ཡང་ཕེབས་ནས་གདུང་ཚོགས་ཞིག་ཕུལ། ཁོང་འདས་ནས་ཉིན་ལྔ་ཙམ་གྱི་རྗེས་སྟེ་ཐུགས་དམ་གྲོལ་བའི་རྟགས་བྱུང་བར་བསྟུན་ནས་སྐུ་གདུང་དེ་དུར་སྲེག་ཁང་དུ་གདན་འདྲེན་བྱས། ཉིན་དེའི་ཞོགས་པར་ཕྱོགས་བཞིའི་ནམ་མཁའ་ལ་མཚམས་སྤྲིན་དམར་སེར་ཡིད་དུ་འོང་བས་བཀང་འདུག། །ང་ལ་ས་དེའི་མི་གཅིག་གིས་དེ་རྒྱུན་ལྡན་མ་ཡིན་པའི་རྟགས་ཡ་མཚན་པ་རེད་ལབ་སོང་། སྐུ་གདུང་གདན་འདྲེན་བྱེད་སའི་རླངས་འཁོར་གྱི་ཨང་རྟགས་དེའང་་༡༠༨རེད་འདུག།དེ་ཚོ་ཚང་མ་རྟེན་འབྲེལ་བཟང་བའི་རྟགས་རེ་ལོས་ཡིན་སྙམ། དེ་ནས་ཁོང་གི་ཉེ་གནས་རྣམས་དང་ནང་བའི་སློབ་མ་སྐོར་ཞིག་ཕེབས་བྱུང་། ངས་ཀློང་སྙིང་རྡོར་སེམས་སོགས་བཏང་ནས་སྐུ་གདུང་ཞུགས་འབུལ་བྱས། མདོར་ན་དགོངས་རྫོགས་མཆོད་འབུལ་སོགས་ཁོང་གི་དགོངས་བཞེད་མཐུན་པའི་སྒོ་ནས་ལེགས་པོ་གྲུབ་སོང་།

གོང་གསལ་གྱི་དྲི་བ་དྲིས་ལན་འདི་ནི་ཀཱིཿ ལུང་སྤྲུལ་རིན་པོ་ཆེས་ཞལ་ནས་བཀའ་གནང་བྱུང་བ་ལྟར། ཕྲན་གྱིས་སྒྲོ་སྐུར་དང་བྲལ་བར་ཡིག་ཐོག་ཏུ་བཀོད་པ་ཡིན། སྤྲུལ་སྐུ་དོན་གྲུབ་རིན་པོ་ཆེའི་སྐུའི་གཉེན་ཚན་རྣམས་དང་། དངོས་སློབ་དང་ཆོས་གྲོགས་རྣམས་ལ་ང་ཚོས་སྙིང་ཐག་པ་ནས་ཁོང་གི་སྐུ་གྲོངས་པར་གདུང་སེམས་མཉམ་སྐྱེས་བྱེད་བཞིན་ཡོད་པ་མ་ཟད། མ་འོངས་པར་ཡང་། ང་ཚོའི་སེམས་ནང་དུ་ཡང་དང་ཡང་དུ་ཁོང་སྐྱེས་བུ་དམ་པ་ཞིག་ཡིན་པ་མི་བརྗེད་ལགས། སྔོན་བྱོན་གྱི་རིག་འཛིན་གོང་མ་རྣམས་ཀྱི་རྣམ་ཐར་དང་མཐུན་པར། རེ་ཞིག་དམ་པ་ཁོང་གི་གཟུགས་སྐུ་འཇིག་རྟེན་འདི་ནས་ནུབ་པའི་ཚུལ་མཛད་ཀྱང་། ཁོང་གི་རླབས་ཆེ་བའི་མཛད་འཕྲིན་གྱི་འོད་མདངས་མུ་མཐུད་དུ་འབར་ངེས།

ང་ལྟ་བུར་མཚོན་ན། ཨ་མེ་རི་ཀར་སླེབས་ནས་ལོ་ངོ་སུམ་ཅུ་ཙམ་ཟིན་པས། ནུབ་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་འཕེལ་རྒྱས་བྱུང་ཚུལ་སྐོར་ལ་ཞིབ་འཇུག་ཅུང་ཙམ་བྱེད་པའི་གོ་སྐབས་བྱུང་། ནུབ་ཕྱོགས་ནི་ཚན་རིག་དང་དཔལ་འབྱོར་ཐད་ནས་གོང་འཕེལ་ཕྱིན་ནས་དུས་ཡུན་རིང་པོར་ཕྱིན་ཡོད་ཀྱང་། ཕྱོགས་གཅིག་ནས་དཔྱད་ཚེ། ནང་སེམས་ཀྱི་ཤེས་བྱའི་སྐོར་ལ་ཤར་ཕྱོགས་ཀྱི་རིག་གཞུང་དང་བསྡུར་ཚེ་རྗེས་ལུས་སོང་ཡོད་སྨྲ་ན་མི་འོས་པ་མེད། འོན་ཀྱང་གཅིག་དགུ་དྲུག་ཅུ་དང་བདུན་ཅུ་ཡས་མས་སུ་ད་གཟོད་ནང་བསྟན་དར་རྒྱས་ཆེ་ཙམ་བྱུང་། སྐབས་དེར་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་སྤྲུལ་མི་ཉུང་བ་ཨ་རི་བྱང་མ་དང་ཡོ་རོབ་ཀྱི་ས་ཆ་མང་པོར་བྱོན་ནས། རིག་གཞུང་དང་སྐད་རིགས་བསམ་བློ་མི་གཅིག་པའི་མི་རྣམས་ཆོས་སྒོར་དྲངས་ནས། ནུབ་ཕྱོགས་པའི་སེམས་ནང་དུ་སྔར་མེད་པའི་ཤེས་རབ་ཀྱི་སྒྲོན་མེ་ཆེན་པོ་སྦར། དེ་ནི་ནང་བསྟན་གྱི་ལོ་རྒྱུས་ནང་དུ་ཁྱད་དུ་འཕགས་པའི་ལེའུ་ཞིག་ཡིན་པ་གོར་མ་ཆག། དེས་ན་ཁོང་རྣམས་ནི་ནུབ་ཕྱོགས་སུ་ནང་དོན་རིག་པའི་ཤིང་རྟའི་སྲོལ་འབྱེད་མཁན་རེད་ཅེས་གཟེངས་བསྟོད་བྱེད་འོས། སྤྲུལ་སྐུ་དོན་གྲུབ་རིན་པོ་ཆེ་ནི་དེའི་གྲལ་དུ་ཚུད་པའི་བཀུར་འོས་པའི་ཆོས་ཀྱི་བཤེས་གཉེན་དམ་པ་ཞིག་ཡིན་པས། ད་ཐེངས་ངས་ཁོང་གིས་ནུབ་ཕྱོགས་སུ་ནང་བསྟན་སྤྱི་དང་བྱེ་བྲག་རྒྱལ་དབང་པད་མའི་རིང་ལུགས་དྲི་མ་མེད་པ་དར་སྤེལ་ལ་ཕྱག་རྗེས་རྨད་དུ་བྱུང་བ་བཞག་པར་བཀའ་དྲིན་ཆེ་ཡང་དང་ཡང་དུ་ཞུ།

གསང་ཆེན་བསྟན་པའི་ཤིང་རྟ་ཉིད།།
ནུབ་གླིང་ཆེན་པོར་འདྲེན་པ་ལ།།
ཐུགས་བསྐྱེད་གོ་ཆ་མ་དོར་བའི།།
སྤྲུལ་བའི་སྐུ་མཆོག་གང་དེར་བསྔགས།།

སྙིགས་མའི་དུས་འདིར་ཕལ་མོ་ཆེ།།
ཆོས་བརྒྱད་བདུད་ཀྱི་དབང་གྱུར་ཏེ།།
སྙན་གྲགས་སྟོབས་འབྱོར་ལ་སྲེད་དུས།།
ཁྱོད་ལྟའི་སྦས་པའི་རྣལ་འབྱོར་དཀོན།།

རེ་ཞིག་ཞིང་འདི་ལས་གཤེགས་ཏེ།།
དགོངས་པ་ཞི་བར་གཟིམས་པའི་ཚེ།།
བསྟན་འགྲོར་གྱོང་གུད་ཆེ་ན་ཡང་།།
ལྡོག་ཏུ་མེད་པའི་ཆོས་ཉིད་ཟད།།

ཐུགས་བསྐྱེད་རྣམ་པར་དག་པའི་སྒོས།།
སྒྲ་སྒྱུར་ལ་སོགས་མཛད་བཟང་གི།
ལོ་རྒྱུས་རྨད་དུ་བྱུང་བའི་གཏམ།།
འབྱུང་འགྱུར་གདུལ་བྱའི་རྣ་བར་སྙན།།

རང་སྣང་བདེ་ལྡན་ཞིང་ཁམས་སུ།།
རང་རིག་འོད་མཐའ་ཡས་པའི་ངོར།།
རང་བཞིན་ཆོས་སྐུའི་ཏིང་འཛིན་ལ།།
རང་གྲོལ་ཆེན་པོར་རོལ་བར་ཞུ།།

སྤྱི་ལོ་༢༠༢༤ཟླ་༡ཚེས་༡༨ལ་ཨ་གནམ་ཐུབ་བསྟན་ནས།