གོ་ལ་ཡངས་པའི་དཀྱིལ་འཁོར་དུ།།
ཕྱོགས་བཞིའི་རྒྱལ་ཁབ་སྣ་ཚོགས་དག།
མཛེས་པའི་ཚོམ་བུར་བཀྲ་བ་ལས།།
འོད་མདངས་བཀྲ་བའི་རིན་ཆེན་དང་།།
མཚུངས་པའི་དཔལ་ལྡན་རྒྱལ་ཁབ་ཆེ།།
ཐེ་ལན་ཌི་ལ་བསྐྱོད་པའི་ཚེ།།
བདག་གི་འདྲེན་བྱེད་སྤྱོད་ཡུལ་དུ།།
མཐོང་བའི་བྱུང་བ་ཡ་མཚན་ཀུན།།
འདི་ན་རྩེད་མཚར་ཚུལ་དུ་བཀོད།།
དེ་ཡི་ས་གཞི་དྲོད་ལྡན་ཞིང་།།
ཆར་ཆུ་ཕུན་སུམ་ཚོགས་པའི་མཐུས།།
དགུན་གྱི་མིང་ཡང་མི་གྲགས་པར།།
དུས་ཚིགས་ཀུན་ཏུ་ལྗང་མདོག་ལྡན།།
ལྡུམ་རིགས་རྣམས་ཀྱི་ལང་ཚོ་ནི།།
ཉམས་པ་མེེད་པར་དུས་ཀུན་བཞད།།
ལྷ་ཡི་བུ་མོའི་མཛེས་ཉམས་ལ།།
ཅོ་འདྲིར་མཁས་པའི་མེ་ཏོག་གི།
དགྱེས་པའི་མཛུམ་མདངས་ངོམས་པ་ན།།
སྐྱེ་བོའི་ཡིད་ཀྱི་མྱ་ངན་ནི།།
རེ་ཞིག་མི་མངོན་པར་གྱུར་ནས།།
སྤྲོ་བའི་རི་མོ་སྙིང་ལ་ཤར།།
དགུན་སུམ་གྲང་ངར་དཔུང་ཆེན་ལ།།
གཡོལ་བའི་ཕྱོགས་ཀྱི་མི་མང་བོ།།
འཛམ་གླིང་ཤར་ནུབ་ཡུལ་ཀུན་ནས།།
ས་དེར་གྲོག་ཚང་བརྡོལ་བ་བཞིན།།
མཉམ་དུ་འདུས་པ་ལྟད་མོ་ཆེ།།
རོ་བརྒྱ་ཚང་བའི་ཟས་རིགས་དག།
ཅི་ལྟར་སྤྱོད་ཀྱང་མི་ངོམས་པས།།
གྲོང་དང་གྲོང་བརྡལ་ཐམས་ཅད་དུ།།
ཉིན་དང་མཚན་དུ་ཟ་མ་ལ།།
སྤྱོད་པའི་ངང་ཚུལ་ལ་གཞིགས་ཚེ།།
འདི་ནི་འདོད་པའི་ཁམས་ཆེན་པོའི།།
རྒྱལ་ས་ཡིན་སྙམ་འཕྱང་མོ་ཉུག།
འོན་ཀྱང་གནས་བརྟན་སྡེ་བ་ཡི།།
དགེ་སློང་ཚུལ་ཁྲིམས་འཆང་བའི་སྡེ།།
རྒྱུ་ནོར་ལོངས་སྤྱོད་ཡོངས་དོར་ནས།།
བསོད་སྙོམས་སློང་བ་མཇལ་བའི་ཚེ།།
སྔོན་ཚེ་བཅོམ་ལྡན་རྒྱལ་བ་ཡི།།
སྐུ་དངོས་འཚོ་ཞིང་གཞེས་སྐབས་ཀྱི།།
ཡུལ་དུས་ཉིད་དུ་སླེབས་མཚུངས་པས།།
དད་ལྡན་རྣམས་ཀྱིས་མཐོང་བའི་ཚེ།།
དང་བ་དབང་མེད་སྐྱེ་བར་འགྱུར།།
ཡུལ་གྱི་སྐྱེ་བོ་ཕལ་མོ་ཆེ།།
རིན་ཆེན་གསུམ་ལ་སྐྱབས་སོང་བས།།
དགེ་འདུན་དག་ལ་གུས་བྱེད་ཅིང་།།
ངུར་སྨྲིག་རྒྱལ་མཚན་ཁུར་རྣམས་ལ།།
འཛུམ་བཅས་ལག་སོར་མཉམ་དུ་སྦྱོར།།
ཕྱོགས་ཀྱི་མགྲོན་པོ་ཐམས་ཅད་ཀྱང་།།
ཀུན་སློང་འདྲ་མིན་སྣ་ཚོགས་དེ།།
འགའ་ཞིག་གནམ་གཤིས་དྲོན་མོ་ལ།།
ཤིན་ཏུ་དགའ་ནས་དེར་སླེབས་ཅིང་།།
མཐའ་ཡི་རྒྱ་མཚོའི་བྱེ་ཐང་སྟེང་།།
ཉལ་དང་འགྲོ་རྒྱུག་སོགས་བྱེད་ཅིང་།།
རབ་ཏུ་འཇམ་པའི་ཁོར་ཡུག་གིས།།
ཡིད་ལ་ཞི་བའི་ཚོར་བ་བསྐྲུན།།
འགའ་ཞིག་ལྟོ་ལ་སྲེད་དབང་གིས།།
ཟ་ཁང་གཅིག་ནས་གཅིག་བརྒྱུད་དེ།།
ཟས་སྣ་ཕུན་སུམ་ཚོགས་པ་ལ།།
སྤྱོད་པས་གློ་བུར་ལྷ་ཡུལ་དུ།།
སྐྱེ་བ་བླངས་པ་ལྟར་དུ་སྤྲོ།།
འདོད་པའི་ཁམས་ཀྱི་སྐྱེ་བོ་དག།
ཉ་མོ་ཤ་ལ་རྒྱུགས་པ་བཞིན།།
གཟུགས་སྒྲ་དྲི་རོའི་ལོངས་སྤྱོད་ནི།།
གང་དུ་ཆེ་བ་དེར་ལྷགས་ན།།
ཡུལ་དེར་བསྐྱོད་པའི་མི་རྣམས་ནི།།
ཕལ་ཆེར་བདེ་བའི་ཆེད་དུ་འགྲིམས།།
ཚ་བའི་གདུང་བ་རབ་ཞི་བའི།།
མཚན་མོའི་དུས་སུ་བསིལ་འཇམ་གྱི།།
རེག་བྱས་ལུས་ལ་འཁྱུད་པའི་ཚེ།།
བཀོད་ལེགས་གྲུ་གཟིངས་ཆེན་པོའི་ནང་།།
ཟས་དང་གླུ་གར་རོལ་བཞིན་དུ།།
གློག་སྒྲོན་འབུམ་གྱིས་སྤུད་པ་ཡི།།
ངོ་མཚར་ཁང་བཟང་ཟམ་ཆེན་སོགས།།
མུ་ཏིག་བསྟར་ལ་བརྒྱུས་པ་བཞིན།།
གཅིག་ལས་གཅིག་ལྷག་མཐོང་བའི་ཚེ།།
འཇིག་རྟེན་མི་ཡུལ་འདི་སྐྱིད་པས།།
ཞིང་ཁམས་གཞན་དུ་འགྲོ་བ་ལས།།
འདི་ན་ཡང་ཡང་སྐྱེ་བ་ཡི།།
སྨོན་པ་ལྐོག་ནས་དབང་མེད་ཐལ།།
ཨེ་མ་བསོད་ནམས་ཕུང་བོ་ནི།།
ལྷུན་པོའི་གཏོས་ལས་རབ་བརླིང་བ།།
ཆོས་ཀྱི་རྒྱལ་བོ་རིམ་བྱོན་གྱིས།།
མཐུན་རྐྱེན་མཛད་པ་ལས་ཐོན་པའི།།
བལྟ་བའི་མི་མངོན་མཐོང་གྲོལ་གྱི།།
བྱིན་རླབས་ཚན་ཁ་འབར་བ་ཡི།།
མཉམ་མེད་རྒྱལ་བའི་གཟུགས་སྐུ་དང་།།
རབ་བརྗིད་མཆོད་པའི་སྡོང་བོ་ལ།།
གྲངས་ལས་འདས་པའི་མགྲོན་པོ་དག།
ཉིན་རེ་བཞིན་དུ་མཇལ་བར་ལྷགས།།
དད་ལྡན་ཕོ་མོ་རྒན་གཞོན་གྱིས།།
གནས་སྐབས་བར་ཆད་ཡོངས་ཞི་ཞིང་།།
ཡང་དག་ལམ་དུ་ཞུགས་གྱུར་ནས།།
ཐར་བའི་གོ་འཕང་འཐོབ་པའི་ཕྱིར།།
དེ་དག་དྲུང་དུ་སྨོན་ལམ་འདེབས།།
འོན་ཀྱང་ཆོས་ལ་མ་ཞུགས་པའི།།
ཕྱོགས་ཀྱི་མགྲོན་པོ་ཕལ་མོ་ཆེས།།
བཟོ་བཀོད་འདི་དག་མཐོང་བ་ན།།
ངོ་མཚར་སྒྱུ་རྩལ་ཉིད་དུ་བརྩི།།
དུས་དང་རང་བྱུང་འགྱུར་བ་ཡི།།
ཉེར་འཚེའི་དཔུང་གིས་མ་རྒོལ་བར།།
འདི་དག་འགྲོ་བ་མི་རིགས་ཀྱི།།
གཅེས་ནོར་ལྟར་དུ་བཞུགས་པ་རྨད།།
སྔོན་གྱི་དུས་སུ་གཞོན་ནུ་རྣམས།།
རབ་ཏུ་བྱུང་བ་མང་གྲགས་ཀྱང་།།
ད་ལྟ་ཇེ་ཉུང་འགྱུར་བཞིན་པའི།།
ཚུལ་འདི་ཅུང་ཟད་གཞིགས་པ་ན།།
མ་འོངས་དུས་སུ་འདུལ་བའི་ལུགས།།
དུས་ཡུན་སྔ་འཕྱི་ཙམ་མ་གཏོགས།།
འཛམ་བུའི་གླིང་དུ་མི་གནས་ན།།
བསྟན་པའི་གཞི་མ་འཇིག་ཉེན་ཆེ།།
སྔོན་ཀྱང་ཐེག་པ་ཆེན་པོའི་ལུགས།།
ཁྱད་པར་གསང་སྔགས་ཉམས་ལེན་པའི།།
སྦས་པའི་རྣལ་འབྱོར་མང་བོ་ཞིག།
ཡུན་ནས་ཡུན་དུ་འབྱུང་བ་སྲིད།།
བོད་ལ་གངས་ཅན་འབོད་པ་བཞིན།།
རྒྱལ་ཁབ་ཆེན་པོའི་མི་རྣམས་ནི།།
གཤིས་ཀ་འཇམ་ཞིང་དུལ་བ་དང་།།
གཞན་ལ་གུས་བཀུར་བྱེད་མཁས་པས།།
འཛུམ་པའི་ཞིང་ཁམས་ཞེས་ཀྱང་གྲགས།།
ཡུལ་དེར་ལན་གཅིག་ཕྱིན་པའི་རྗེས།།
སླད་མར་འགྲོ་བའི་རེ་བ་ནི།།
ཀུན་གྱི་སེམས་ལ་འཆར་བར་ངེས།།
མི་ལོ་སུམ་ཅུའི་གོང་རོལ་དུ།།
རྒྱལ་ས་བྷེན་ཀོག་མཐོང་བའི་ཚེ།།
མ་འོངས་དུས་ན་ཡུལ་ཁམས་དེར།།
དམ་ཆོས་འགྱེད་པའི་སྐལ་བ་ཞིག།
སེམས་ལ་འཆར་མ་ནུས་ན་ཡང་།།
ལས་སྨོན་རྟེན་འབྲེལ་དག་པའི་མཐུས།།
སྐལ་བ་ལྡན་པ་འགའ་ཞིག་ལ།།
ཁྲག་འཐུང་བདུད་འཇོམས་གླིང་པ་ཡི།།
ཟབ་ཆོས་ཁྲོས་མ་ནག་མོ་སོགས།།
གསང་སྔགས་རྡོ་རྗེ་ཐེག་པ་ཡི།།
དམ་ཆོས་བདུད་རྩིའི་བགོ་སྐལ་ཞིག།
ཀུན་སློང་བཟང་པོས་བསྟབས་པའི་རྗེས།།
སྔར་མེད་དགའ་བའི་རླབས་ཕྲེང་གིས།།
རང་སེམས་ཀུན་ཏུ་སྤུད་པར་བྱས།།
སྔོན་ཆད་མིང་ཙམ་མ་ཐོས་ཀྱང་།།
མྱུར་བར་དད་འདུན་མདུད་རྒྱ་ཡིས།།
མ་བཅོས་སྙིང་གི་དཀྱིལ་བཏབས་པ།།
གསར་དུ་རྙེེད་པའི་ཆོས་གྲོགས་དག།
ཞུགས་མར་མཇལ་བའི་སྨོན་འདུན་བཅས།།
གསེར་ཞལ་གྱེས་པའི་དུས་སྐབས་སུ།།
དགའ་སྐྱོ་ཟུང་གི་ཚོར་སྣང་ཞིག།
བདག་གི་བློ་ངོར་འགོག་མེད་ཤར།།
ཡིད་ལ་འབྲལ་མི་བཏུབ་པ་ཡི།།
མཐུན་པའི་གཉེན་གྲོགས་སྐྱུར་དགོས་པ།།
འདུས་པའི་ཐ་མ་འབྲལ་བ་སྟེ།།
འཇིག་རྟེན་འདི་ཡི་ཆོས་ཉིད་ལགས།།
སྐད་དང་མི་རིགས་མི་གཅིག་པའི།།
སྐྱེལ་མ་གནང་བའི་གྲོགས་རྣམས་ལ།།
མ་འོངས་པར་ཡང་ཁྱོད་ཅག་དང་།།
ཡང་ཡང་མཇལ་བར་སྨོན་ཞེས་པའི།།
དུང་བའི་ཚིག་གི་སྐྱེས་ཕུལ་ནས།།
མ་བཅོས་འཛུམ་པའི་མདངས་དང་བཅས།།
རེ་ཞིག་ཕན་ཚུན་གྱེས་ན་ཡང་།།
དེ་དག་བཞིན་གྱི་དཀྱིལ་འཁོར་ནི།།
བདག་གི་སྙིང་ལ་རིང་དུ་གནས།།
ཐག་རིང་གངས་རིའི་ཞིང་ཁམས་སུ།།
ལུས་ཀྱི་ལྟེ་ཁྲག་དོར་ན་ཡང་།།
གཅེས་པའི་ཕ་ཡུལ་དང་བྲལ་ནས།།
ཆ་མེད་གཞན་གྱི་ཡུལ་ཁམས་སུ།།
སྣང་བ་སྣ་ཚོགས་མྱོང་བ་འདི།།
སྐབས་སུ་རྨི་ལམ་ཡིན་ནམ་སྙམ།།
དཀའ་བའི་ལོ་རྒྱུས་དྲན་པའི་ཚེ།།
མིག་ནས་མཆི་མ་བཞུར་བ་དང་།།
སྐྱིད་པའི་ལོ་རྒྱུས་གླེང་སྐབས་སུ།།
གད་མོ་དབང་མེད་འཆོར་དགོས་པ།།
ང་ཉིད་གཅིག་པུ་མ་ཡིན་པར།།
སྐྱེ་བོ་མང་བོའི་མི་ཚེ་འོ།།
ཞེས་ཕྱོགས་ཀུན་ཉུལ་བའི་རྒྱལ་ཁམས་པ་ཨ་གནམ་ཐུབ་བསྟན་གྱིས་ཐོལ་བྱུང་དུ་བྲིས།