ཀ་མད་སུམ་ཅུ་དབྱངས་ཡིག་བཞིས་བྱས་པའི།།
ཁ་བ་ཅན་གྱི་སྐད་ཡིག་རྙིང་བ་འདི།།
ག་དུས་ཡིན་ཀྱང་བེད་སྤྱོད་བྱེད་དགོས་པ།།
ང་ཚོ་བོད་མི་རྣམས་ཀྱི་འོས་འགན་ཡིན།།
ཅ་ཅོ་སྟོང་བཤད་ངང་དུ་མགོ་འཁོར་ཞིང་།།
ཆ་ལུགས་མི་རིགས་གཞན་གྱི་རྗེས་འབྲངས་ནས།།
ཇ་རྩམ་བོད་ཟས་བརྗེད་པའི་་གཞོན་ནུ་རྣམས།།
ཉ་མོ་ལས་ཀྱང་ཀླད་པ་མ་ཆུང་ངམ།།
ཏ་ཐཱ་ག་ཏའི་མདོ་སྔགས་གསུང་རབ་ནི།།
ཐ་མལ་འཇིག་རྟེན་གཞུང་ལས་རབ་འཕགས་པས།།
ད་ལྟ་རང་རེའི་སྐད་ལ་བཞུགས་པ་དག།
ན་གཞོན་རྣམས་ཀྱིས་རྟག་ཏུ་གཅེས་སྤྲས་མཛོད།།
པ་སངས་མདངས་ལས་དཀར་བའི་བསམ་བཟང་ཅན།
ཕ་མ་བཟང་བོའི་རིན་ཆེན་བསླབ་བྱའི་གཏམ།།
བ་གླང་རྣ་ལ་པི་ཝང་འཁྲོལ་བ་བཞིན།།
མ་གོ་ཕར་དུ་གཡུགས་ན་ཞེ་རེ་ཁྲེལ་།།
ཙ་ཀ་ལི་ཞིག་ལག་ལ་ཐོགས་པ་ལས།།
ཚ་གྲང་དཀའ་ངལ་མི་ཚེ་མ་བརྒྱུད་ཅིང་།།
ཛ་ཡའི་དགོངས་སྤྱོད་མ་བསླབས་སྤྲུལ་ཆུང་ཚོ།།
ཝ་མོས་གཟིག་ལྤགས་གོན་དང་ཁྱད་མ་མཆིས།།
ཞྭ་མོའི་ཁ་ཏོག་མི་འདྲའི་ཆོས་བརྒྱུད་དང་།།
ཟ་ལུགས་འཐུང་ལུགས་མི་གཅིག་ཆོལ་ཁ་རྣམས།།
འ་ཅག་བོད་རིགས་ཡིན་པར་ཁྱད་མེད་པས།།
ཡ་རབས་མཛའ་མཐུན་ཀུན་ལ་གནང་རོགས་འཚལ།།
ར་ལུག་གཡག་རྒན་འགའ་རེས་ཡིད་ཚིམས་ནས།།
ལ་ལུང་ཆུང་ངུར་མི་ཚེ་མ་རྫོགས་པར།།
ཤ་རུས་གཅིག་པའི་མི་རབས་གསར་བ་ཚོ།།
ས་སྟེང་མི་ཡི་རྗེས་སུ་ཆོད་པར་མཛོད།།
ཧ་ཅང་བརྩེ་བའི་སྙིང་གི་དྲང་གཏམ་འདི།།
ཨ་རིའི་ཡུལ་ནས་འཁྱར་བོ་ཞིག་གིས་བཏང་།།
ཧ་ལས་དགོས་པའི་ལེགས་བཤད་མ་ཡིན་ཀྱང་།།
ཨ་མཚར་ཀུ་རེའི་གཏམ་ལས་ཅུང་ཟབ་སྙམ།།
ཞེས་ཨ་གནམ་ཐུབ་བསྟན་དུ་འབོད་པ་བདག་རི་ཁྲོད་ཞིག་ཏུ་མཚམས་ལ་འདུག་སྐབས་སུ། འཛམ་གླིང་གི་གནས་ཚུལ་ལ་དཔྱོད་པའི་རྣམ་རྟོག་གི་འགྱུ་བ་སྣ་ཚོགས་འཕྲོས་པ་ཡིག་ཐོག་ཏུ་ཕབ་པའོ།།