དཀར་ཆག
སྣ་ཚོགས

འཇིག་རྟེན་མི་ཆོས་གླེང་བ་སྲིད་པ་རྒན་པོའི་ཁེར་གླུ།

སྔོན་གྱི་ལས་དང་སྐལ་བ་བཟང་བོ་ཡིས།།
ཤིན་ཏུ་མཛེས་པའི་འཇིག་རྟེན་མི་ཡུལ་འདིར།།
རང་ཅག་སྐྱེ་བ་བླངས་པའི་བསོད་ནམས་འདི།།
ཞིབ་ཏུ་བསམས་ན་ཡི་རང་བྱ་བའི་གནས།།

སྐྱིད་པའི་དུས་སུ་མི་ཚེ་འདི་ཐུང་ཞིང་།།
སྡུག་པའི་དུས་སུ་མི་ཚེ་འདི་རིང་བ།།
འོན་ཀྱང་སྐྱིད་སྡུག་སེམས་ཀྱི་གནས་སྟངས་ཙམ།།
དེའི་ཕྱིར་ནང་ནས་འདུ་ཤེས་སྒྱུར་བ་གཙོ།།

མི་མཐུན་སྣ་ཚོགས་རྐྱེན་གྱི་ཡོ་ལང་དག །
རི་གཟར་རྦབ་བཞིན་ཤིན་ཏུ་ལྡོག་དཀའ་མོད།།
ནང་གི་སེམས་ཀྱི་ལྟ་སྟངས་བཅོས་ནུས་ན།།
དཀའ་སྡུག་དག་ཀྱང་གྲོགས་སུ་འཆར་བ་མཚར།།

སྐབས་འགར་རྒྱུ་ནོར་མང་ཡང་སྡུག་གིས་མནར།།
སྐབས་འགར་འབྱོར་བ་མེད་ཀྱང་བདེ་སྣང་འཆར།།
ལེགས་པར་བརྟགས་ན་མི་ཚེ་ཟེར་བ་འདི།།
རང་སེམས་ཁོ་ནས་ཐག་གཅོད་བྱེད་བཞིན་འདུག།

དབང་ཐང་བསོད་ནམས་འདི་ཞེས་ངོམས་རྒྱུ་མེད།།
རྒྱུ་ནོར་གསོག་འཇོག་བྱེད་ལ་མ་མཁས་ཀྱང་།།
དུས་ཀུན་བསམ་པ་བཟང་པོ་མ་དོར་ན།།
མི་ལུས་བླངས་པའི་དོན་པོ་ཆོད་པ་ལགས།།

སྔོན་བསགས་བསོད་ནམས་ཟད་པའི་ལྷ་དབང་ཉིད།།
མར་གྱི་གནས་སུ་དབང་མེད་ལྷུང་བ་ལྟར།།
དབང་ཆེན་དཔོན་པོ་བཙོན་དུ་ཆུད་པ་དང་།།
ཕྱུག་པོའི་རྒྱུ་ནོར་གློ་བུར་ཡལ་བ་མང་།།

གནས་ཚུལ་ཐམས་ཅད་རྟག་པ་མེད་པའི་ཕྱིར།།
ད་ལོར་ཉམ་ཐག་ནོར་གྱིས་དབུལ་བའི་མི།།
སང་ལོར་དབང་ཐང་རླུང་རྟ་ཡར་དར་ཏེ།།
གཞན་གྱིས་ངོ་དགའ་བྱེད་ཡུལ་འགྱུར་བ་ཡོད།།

མི་ཚེ་ཡུན་ཐུང་རྩ་རྩེའི་ཟིལ་བ་འདྲ།།
ས་སྟེང་འདི་ན་སྡོད་ཡུན་མི་རིང་བས།།
རྫོགས་མེད་བྱ་བར་མགོ་བོ་མི་འཁོར་བར།།
ད་ལྟ་ཉིད་ནས་གུ་ཡངས་བློ་བདེར་སྡོད།།

མཐོན་པོ་དག་ནི་དམའ་བར་ལྷུང་ལ་དོགས།།
དམའ་བ་རྣམས་ནི་མཐོན་པོར་སླེབས་ལ་རེ།།
མདོར་ན་རེ་དོགས་བདུད་ཀྱི་ལྕགས་ཀྱུ་ཡིས།།
འཇིག་རྟེན་མི་རྣམས་ཉིན་རེ་བཞིན་དུ་འཆིང་།།

མགོ་ཡི་སྐྲ་མདོག་སྐྱེས་ཡུལ་སྐད་རིགས་དང་།།
ཕྱི་ཡི་རྣམ་པ་མི་འདྲའི་སྐྱེ་བོ་རྣམས།།
ཞིབ་ཏུ་བརྟགས་ཚེ་བདག་འཛིན་ཆེ་ལུགས་འདིས།།
ཀུན་གྱི་གཤིས་ཀར་ཁྱད་པར་ཆེན་པོ་མེད།།

མི་གཅིག་དང་འགལ་གཞན་སྐྱོན་ཡིན་ཤས་ཆེ།།
མི་དགུ་དང་འགལ་རང་སྐྱོན་དུ་ཟད་པས།།
རྟག་ཏུ་རང་གི་བྱ་སྤྱོད་ཐམས་ཅད་ལ།།
ཞིབ་ཏུ་དཔྱད་ནས་གཞན་དང་མཐུན་པ་གལ།།

སྟོབས་འབྱོར་ལྡན་དུས་ཀུན་གྱིས་སྤྲེད་ལད་བྱེད།།
ཉེས་མེད་ཉམ་ཆུང་གྱུར་ན་གཞན་གྱིས་སྡང་།།
བློ་གཏད་དཀའ་བའི་འགྲོ་བ་མི་ཡི་གཤིས།།
དུད་འགྲོ་ཁྱི་ལས་སྡུག་པ་ཞེ་རེ་སྐྱོ།།

སྤྱིར་ན་གཞུང་དྲང་བདེན་པར་སྨྲ་བ་ནི།།
ཡ་རབས་སྐྱེ་བོའི་ལུགས་སུ་བརྩི་མོད་ཀྱང་།།
ཁྲེལ་མེད་གཡོ་སྒྱུ་ཆེ་བའི་སྐྱེ་བོ་ལ།།
སྙིང་གཏམ་གླེང་བ་འགྱོད་པ་སྐྱེ་བའི་རྒྱུ།།

དང་བོ་གཞན་ལ་རྒོལ་བ་མི་བྱེད་ཅིང་།།
གལ་ཏེ་ཚུར་ལ་བརྙས་བཅོས་བྱེད་པ་ན།།
ཞུམ་པ་མེད་པར་རང་ཉིད་སྲུང་བ་དེ།།
ཡ་རབས་སྐྱེ་བོ་རྣམས་ཀྱི་དམ་ཚིག་གོ།

རང་གི་བསམ་སྤྱོད་རང་ཉིད་མ་གཏོགས་པ།།
གཞན་པ་སུས་ཀྱང་ཇི་བཞིན་མི་ཤེས་པས།།
གཞི་མེད་གཏམ་ངན་མཚང་འབྲུ་ཐོས་པའི་དུས།།
བྲག་ཆ་བཞིན་དུ་སྣང་མེད་གཡུགས་ན་བདེ།།

ཇ་ཆང་ལོངས་སུ་སྤྱོད་པའི་དུས་སྐབས་སུ།།
གཅིག་གིས་གཅིག་ལ་གྲོགས་བཞིན་བརྩི་བའི་རྗེས།།
སང་ཉིན་རྒྱང་རིང་ཆ་མེད་མི་ལྟར་དུ།།
འབྲེལ་འདྲིས་ཆད་པ་དེང་གི་འགྲོ་ལུགས་ཡིན།།

རླུང་རྟ་ཡར་ལ་རྒྱུགས་པའི་དུས་སྐབས་སུ།།
དོན་གྱི་གྲོགས་པོ་གང་ཡིན་ཤེས་དཀའ་བས།།
རྐྱེན་སྡུག་ཆག་སྒོ་ངན་པ་ཐོན་པའི་ཚེ།།
རང་གི་འགྲམ་ལ་བཅར་མཁན་སུ་རེད་ལྟོས།།

དགེ་བ་ཚུལ་ཁྲིམས་ཟེར་བ་རྣམ་གྲངས་མང་།།
རེ་རེ་བཞིན་དུ་སྲུང་བས་ཚར་རྒྱུ་མེད།།
མདོར་ན་གཞན་ལ་གནོད་འཚེ་མ་བྱས་ན།།
དེ་ཡི་ཁོངས་སུ་ཆོས་ཀྱི་སྡོམ་པ་ཚང་།།

ཁ་ཡག་བཤད་ན་ཀུན་གྱིས་དང་ལེན་བྱེད།།
དྲང་པོར་སྨྲ་ཚེ་གཞན་རྣམས་མི་དགའ་བས།
རང་ཚུགས་བཟུང་ཞིང་གཞན་སེམས་མི་དཀྲུག་པར།།
ཐབས་ལ་མཁས་པས་ཀུན་དང་སྟུན་པ་ལེགས།།

མགོ་རྨོངས་བག་ཆགས་འཐུག་པའི་སྐྱེ་བོ་ཚོར།།
ཆོས་སྲིད་ལྟ་བ་མཐོན་པོ་གླེང་བ་ནི།།
སྦལ་བའི་ཁྲོན་པར་ནམ་མཁའ་བསྟན་པ་བཞིན།།
ལོག་ལྟ་སྐུར་འདེབས་བྱེད་པའི་རྒྱུ་རུ་ཟད།།

སྐྱེད་ཚལ་ནང་དུ་པདྨོ་བཞད་པ་ལྟར།།
མཁས་པའི་ཁྱུ་ན་མཁས་པ་མཛེས་པ་ཡིན།།
འོན་ཀྱང་མགོ་བོ་རྨོངས་པའི་མི་ཡི་ཁྲོད།།
རླབས་ཆེན་སྐྱེ་བོ་ཀུན་གྱིས་སྡང་བ་སྐྱོ།།

གལ་ཏེ་ཡ་རབས་གྲལ་དུ་ཞུགས་འདོད་ན།།
རང་དོན་ཁོ་ནར་གཞོལ་བས་མི་འོང་གི།།
ནོར་དང་ནུས་མེད་མི་རྣམས་བྱམས་བརྩེས་སྒོས།།
བརྩི་ཞིང་བཀུར་ནས་གཞན་ཕན་ལས་ལ་གཞོལ།།

གཟུགས་མཛེས་དཔལ་ཡོན་དབྱར་གྱི་མེ་ཏོག་བཞིན།།
ཡུན་རིང་མི་གནས་མྱུར་བར་ཡལ་འགྲོ་བས།།
ཤེས་བྱའི་གནས་ལ་རྒྱུན་དུ་འབད་མཛོད་དང་།།
སེམས་ཀྱི་ལང་ཚོ་འཆི་ཚེ་བར་དུ་དར།།

ཆོས་དང་སྲིད་ཀྱི་ལུགས་གཉིས་གང་བསྟུན་རུང་།།
རང་འདོད་ཆུང་ཞིང་གཞན་ཕན་ཆེ་བ་དང་།།
བཏང་སྙོམས་བློ་ཁོག་ཡངས་པ་རྒྱན་ཡིན་པས།།
དེ་དག་རྒྱུད་ལ་བླངས་ན་དུས་ཀུན་བདེ།།

གཞན་གྱིས་གཙེས་ཤིང་རྐྱེན་ངན་ལྡང་བའི་ཚེ།།
མགོ་བོ་མི་དམའ་གཟེངས་སུ་བཏེགས་དགོས་ཤིང་།།
ཀུན་གྱིས་བཀུར་ཞིང་དཔལ་ཡོན་རྒྱས་པའི་དུས།།
ཁེངས་སྐྱུངས་སྡོད་ཚུལ་བཟུང་བ་བཟང་བོའི་སྲོལ།།

མི་ཚེའི་ནང་ལ་དཀའ་སྡུག་གཉིས་འོང་བ།།
འཇིག་རྟེན་ཁམས་འདིའི་ཆོས་ཉིད་དུ་ཟད་པས།།
སྡུག་པའི་དུས་སུ་དམའ་དམའ་མི་བྱེད་ཅིང་།།
སྐྱིད་ཚེ་ང་རྒྱལ་དུག་གིས་མྱོ་མི་རུང་།།

རྫོགས་པའི་སངས་རྒྱས་ཙམ་ཞིག་གཏོགས་པའི།།
ཡོན་ཏན་ཡོངས་ལྡན་སྐྱོན་ཆ་ཀུན་ཟད་པའི།།
གསོན་པོའི་མི་ཞིག་ཤིན་ཏུ་རྙེད་དཀའ་བས།།
རང་སྐྱོན་རང་གིས་གོ་ན་བློ་གྲོས་འཕེལ།།

བཟང་ཆ་གཅིག་ཀྱང་མེད་པའི་སྐྱེ་བོ་ཞིག།
ས་སྟེང་བཙལ་ན་རྙེད་པར་དཀའ་བའི་ཕྱིར།།
རང་གིས་སྡང་ཡུལ་ཕ་རོལ་དགྲ་ཡིན་ཡང་།།
དེ་ལ་ཡོན་ཏན་གང་ཡོད་ཁས་ལེན་དགོས།།

སྐྱེ་བོ་གཞན་གྱིས་ལྷག་བསམ་རྣམ་དག་སྒོས།།
རང་ལ་ཕན་པ་བཏགས་པའི་བཀའ་དྲིན་ནི།།
ནམ་ཡང་སེམས་ནས་བརྗེད་པར་མི་བྱ་བར།།
བཟང་ལན་མཇལ་བ་ཡ་རབས་སྐྱེ་བོའི་ལུགས།།

ང་རྒྱལ་ཕྲག་དོག་ཆེ་བའི་སྐྱེ་བོ་དེ།།
བླ་གོས་སྐྱ་ཆས་གྱོན་མཁན་གང་ཡིན་ཀྱང་།།
ལམ་དུ་དུག་སྦྲུལ་མཐོང་ཚེ་གཡོལ་བ་ལྟར།།
ཉེ་བར་མི་འགྲོག་རྒྱང་རིང་གནས་པ་གལ།།

ཟ་བཏུང་ལ་སོགས་འདོད་ཡོན་སྤྱོད་འོས་ཀྱང་།།
ཤིན་ཏུ་སྲེད་ན་དེ་དག་དབང་གྱུར་དེ།།
བཟོད་སྲན་ཆུང་ཞིང་ངན་ལངས་ཤོར་བ་དང་།།
རང་ཉིད་འབའ་ཞིག་དོན་ལ་བརྩོན་པ་འབྱུང་།།

རྣམ་དཔྱོད་དམན་པའི་སྐྱེ་བ་མང་བོ་ཞིག།
གཟིགས་ལྤགས་གྱོན་པའི་བོང་རྒན་དང་འདྲ་བའི།།
དེང་གི་མི་ཆེན་རྣམས་ཀྱི་རྗེས་འབྲང་བ།།
ད་དུང་བསམ་ཚུལ་ནར་མ་སོན་པའི་སྐྱོན།།

བཙན་པོ་རྣམས་ཀྱི་གཉའ་གནོན་བྱེད་ནུས་པའི།།
གེ་སར་རྒྱལ་བོ་ལྟ་བུ་མི་འོང་རུང་།།
གཉོམ་ཆུང་བྱམས་བརྩེས་སྐྱོང་བའི་ལུགས་བཟང་ལ།།
རང་གིས་འབད་ན་བསོད་ནམས་ངང་གིས་འདུ།།

ཆོས་དང་འཇིག་རྟེན་སོགས་ཀྱི་རིག་པའི་གནས།།
གཞན་ངོར་མི་ཤེས་ཤེས་ཁུལ་བྱེད་པ་ལས།།
ཤེས་ཀྱང་མི་ཤེས་པ་ཡི་ཁུལ་བྱེད་པ།།
སྔོན་གྱི་དམ་པ་རྣམས་ཀྱི་མཛད་སྟངས་ལགས།

སྐྱེས་ནས་བཟུང་སྟེ་ད་ལྟའི་སྣང་ཚུལ་ཀུན།།
མདང་དགུང་རྨི་ལམ་བདེན་པར་མ་གྲུབ་བཞིན།།
ཞིབ་ཏུ་དཔྱད་ན་འཛིན་ས་མི་རྙེད་པས།།
བདེ་སྡུག་ཡོ་ལང་ཕྱོགས་ལ་རེ་དོགས་ཐོངས།།

རང་སེམས་རྒྱ་མཚོའི་ནང་དུ་རྣམ་རྟོག་ཚོགས།།
རྦ་རླབས་བཞིན་དུ་གྲངས་མང་འཕྱོ་བས་ན།།
ཁོག་ཏུ་དྲན་ཚད་ཁ་རུ་མི་བཏོན་པར།།
ཤེས་བཞིན་ལྡན་པས་སྐད་ཆ་སྨྲ་བར་བྱ།།

གལ་ཏེ་བདེ་མང་སྡུག་བསྔལ་ཉུང་འདོད་ན།།
འདོད་ཡོན་ལོངས་སྤྱོད་ཁོ་ནས་མི་ཕན་པས།།
བྱམས་དང་སྙིང་རྗེ་ཡང་ཡང་གོམས་མཛོད་དང་།།
དགའ་སྐྱིད་ཉི་མ་ཡིད་ཀྱི་ཁོངས་ནས་འཆར།།

རི་བོང་ཅལ་འདྲོགས་བྱེད་པ་མི་ཡི་སྲོལ།།
དེས་ན་རྒྱུན་དུ་ཤེས་རབ་ལེགས་བརྟེན་ནས།།
གང་ཡིན་གཏམ་ལ་ཡིད་ཆེས་མི་བྱ་ཞིང་།།
གང་བྱུང་མི་ཡི་རྗེས་སུ་འབྲང་མི་བྱ།།

སང་ཉིན་ཞོགས་པར་འཆི་བར་འགྱུར་རོ་ཞེས།།
ལྷ་དང་བླ་མས་ལུང་བསྟན་བྱུང་ན་ཡང་།།
དེ་རིང་ཤེས་བྱའི་གནས་ལ་སྦྱོང་དགོས་པ།།
སྔོན་གྱི་མཁས་པ་རྣམས་ཀྱི་ཞལ་ཆེམས་ཡིན།།

ཤེས་བྱ་རིག་པའི་གནས་རྣམས་དོན་གྱི་ནོར།།
རང་བློའི་ཟུངས་སྟོབས་རྒྱས་བྱེད་སེམས་ཀྱི་ཟས།།
ཆོག་ཤེས་མེད་པར་རྒྱུན་དུ་སློབ་མཛོད་དང་།།
མི་ཚེའི་དགེ་མཚན་ཕུན་སུམ་ཚོགས་པར་འགྱུར།།

བགྲང་བྱ་ལྔ་བཅུ་ལྷག་ལ་འཇིག་རྟེན་འདིར།།
དགའ་སྐྱོ་ཟུང་གིས་ལོ་ཟླ་མང་བོའི་ཁྲོད།།
མི་ཡི་འཚོ་བ་དངོས་སུ་རོལ་བ་ངས།།
རང་གི་བསམ་ཚུལ་ཡི་གེའི་གཟུགས་སུ་སྤེལ།།

ཨ་གནམ་ཐུབ་བསྟན་གྱིས་གང་བྱུང་དུ་སྨྲས་པའོ།།