ན་མོ་གུ་རུ་ཡེ། བླ་མེད་གསང་ཆེན་བསྟན་པ་ཡི།།བང་མཛོད་ཆེན་པོ་རོང་ཟོམ་པ།།གང་ལ་དད་དང་དང་བས་སྒོས།།གསོལ་བ་རྩེ་གཅིག་འདེབས་ནུས་ན།།གནས་ལུགས་རྟོགས་པར་རྒྱང་མི་རིང་།།ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཁོང་།།ཕྱི་ལྟར་པཎྜི་ཏ་ཡི་ཚུལ།།ནང་ལྟར་རིམ་གཉིས་རྣལ་འབྱོར་བ།།གསང་བ་ཆོས་སྐུའི་རྒྱལ་བ་ཉིད།།གུ་རུ་རྗེ་དང་གཉིས་སུ་མེད། །ནང་རྒྱུད་སྡེ་གསུམ་སྒྲོན་མེ་ཡིས།།འཇིག་རྟེན་སྨག་རུམ་སྟུག་པོ་བསལ།།ད་ལྟ་སྐུ་དངོས་མི་བཞུགས་ཀྱང་།།མི་མངོན་ཆོས་དབྱིངས་ཕོ་བྲང་ནས།།ཕྲིན་ལས་རྟོག་མེད་བཞིན་དུ་འགྱེད།།དད་པ་ལྡན་པའི་གང་ཟག་ལ།།ཁོང་ཉིད་དངོས་སུ་བཞུགས་དང་འདྲ།།བྱིན་རླབས་འབྱུང་བར་ཐེ་མི་ཚོམ།།དེང་གི་སྐལ་བ་ལྡན་རྣམས་ཀྱིས།།མྱུར་ལམ་བླ་མའི་རྣལ་འབྱོར་སྒོས།།ཡིད་དཔྱོད་གྲུབ་མཐའ་ལས་འདས་པའི།།ཨ་ཏིིའི་གནས་ལུགས་རྟོགས་པར་བྱ།།དེ་ལས་ལྷག་པའི་ལམ་དཀའ་འོ།།
སྐྱབས་སེམས་ནི།
ཧོ།
སྐུ་གསུམ་ཀུན་འདུས་རང་རིག་བླ་མ་ལ།།
འདུ་འབྲལ་མེད་པའི་ངང་དུ་སྐྱབས་སུ་མཆི།།
འགྲོ་ཀུན་གདོད་མའི་དབྱིངས་སུ་བསྐྱལ་ཕྱིར་དུ།།
འོད་གསལ་ཆོས་སྐུའི་མྱུར་ལམ་ལ་འཇུག་བྱ།།
དེ་ནས་ཡིད་སེམས་རྩེ་གཅིག་གིས།།བུ་ཡིས་མ་ཉིད་དྲན་བཞིན་དུ།།གདུང་བའི་ངང་ནས་འདི་ལྟར་གྱེར།།
ཨེ་མ་ཧོ།
ཆོས་དབྱིངས་ཁྱབ་བརྡལ་མཚོན་བྱེད་མདུན་མཁའ་རུ།།
སྣ་ཚོགས་འཇའ་སྤྲིན་འཁྲིགས་པའི་གུར་ཁང་དབུས།།
བསྟན་པའི་སྒྲོན་མེ་རྒྱལ་བ་རོང་ཟོམ་པ།།
ཆོས་ཀྱི་བཟང་པོ་པད་མའི་གདན་ལ་བཞུགས།།
ཉོན་མོངས་ནད་ཀྱིས་མ་གོས་མཚོན་པའི་བརྡར།།
སྐུ་མདོག་དྲི་མ་མེད་ཅིང་ཟླ་ལྟར་གསལ།།
ཐབས་ཤེས་ཟུང་སྦྱོར་རྡོར་དྲིལ་ཕྱག་ན་བསྣམས།།
གྲུབ་པའི་དབང་ཕྱུག་པདྨ་འབྱུང་གནས་དང་།།
དབྱིངས་ཀྱི་རྗེ་མོ་ཡེ་ཤེས་མཚོ་རྒྱལ་གཙོས།།
རྒྱ་བོད་རིག་འཛིན་ཐོ་བརྩེགས་ཚུལ་དུ་བཞུགས།།
ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་།།
མ་ཚོགས་མཁའ་འགྲོས་ཕྱོགས་མཚམས་ཀུན་ཏུ་ཁྱབ།།
འོག་ཏུ་དམ་ཅན་ཆོས་སྐྱོང་སྤྲིན་བཞིན་གཏིབས།།
རྩ་གསུམ་སྲུང་མའི་དཀྱིལ་འཁོར་ཉམས་རེ་དགའ།།
ཁྱབ་བདག་བླ་མའི་གཟི་བརྗིད་མཐོང་ན་སྤྲོ།།
མཐོང་བའི་མོད་ལ་ཡིད་ཀྱི་ཟུག་རྔུ་ཡལ།།
གསུང་གི་སྒྲ་དབྱངས་ཕྱོགས་བཅུའི་ཞིང་ཀུན་ཁྱབ།།
འཇིགས་མེད་ཐེག་མཆོག་སེང་གེའི་ང་རོ་གྱེར།།
གང་ཐུགས་ཟང་ཐལ་གཉུག་མའི་སེམས་ཉིད་དེ།།
འོད་གསལ་རྡོ་རྗེའི་སྙིང་བོ་སྒྲིབ་བྲལ་བཞིན།།
འཁོར་འདས་ཆོས་ཀུན་རོ་མཉམ་ཆེན་པོར་གཟིགས།།
སྐྱེ་འཆི་ཡོངས་དག་གཞོན་ནུ་བུམ་སྐུའི་ཀློང་།།
ཀ་དག་གདོད་མའི་རྒྱལ་ས་ལ་བཞུགས་ནས།།
འགག་མེད་ཐུགས་རྗེའི་རོལ་བ་གྲངས་མེད་པས།།
དུས་ཀུན་འགྲོ་བ་སྒྲོལ་ལ་ཕྱག་འཚལ་ལོ།།
དངོས་འབྱོར་ཡིད་ཀྱི་མཆོད་པའི་སྤྲིན་ཕུང་ཆེ།།
གཉིས་མེད་ཀུན་ཏུ་བཟང་པོོའི་སྒྱུ་འཕྲུལ་ཚོགས།།
རྒྱུན་མི་ཆད་པས་ཐུགས་ཡིད་བརྙེས་པར་མཛོད།།
བདག་ནི་ཐོག་མ་མེད་ནས་ད་ལྟའི་བར།།
ལྷན་སྐྱེས་སེམས་ཉིད་ཡིད་བཞིན་ནོར་བུ་འདི།།
རང་གནས་སངས་རྒྱས་ཡིན་པ་མ་མཐོང་བར།།
གནས་ལུགས་གཞན་དུ་བཙལ་བའི་གཏི་མུག་ཀློང་།།
ཡུན་རིང་དོན་མེད་འཁྱམས་པའི་ཚུལ་མཐོང་ཚེ།།
སྙིང་ནས་མི་བཟོད་འགྱོད་པ་འགོག་མེད་བྱུང་།།
ད་ནི་རྒྱལ་བ་ཀུན་གྱི་ཡང་གསང་ཆེ།།
གནས་ལུགས་ཆོས་སྐུའི་རང་ཞལ་མྱུར་མཇལ་ནས།།
མྱུར་བར་གདོད་མའི་ས་ལ་བསྙེག་འདོད་ན།།
འཁོར་ལོའི་མགོན་པོ་ཁྱེད་ལ་གསོལ་བ་འདེབས།།
ཁྱེད་ལས་སྐྱབས་གཞན་བདག་ལ་མ་མཆིས་པས།།
དམིགས་མེད་ཐུགས་རྗེའི་སྣང་བ་དཀར་བོ་ཡིས།།
བདག་ཡིད་མུན་པའི་དཔུང་ཚོགས་བསལ་དུ་གསོལ།།
འཇམ་དཔལ་དཔའ་བོ་སྙིང་ལ་ཞུགས་པ་བཞིན།།
མདོ་སྔགས་ཐེག་པ་སྤྱི་དང་ཁྱད་པར་དུ།།
ནང་རྒྱུད་སྡེ་གསུམ་གཞུང་གི་དགོངས་པ་དག།
མ་ནོར་ཁོང་དུ་ཆུད་ནས་གཞན་དག་ལ།།
ཡང་དག་གནས་ལུགས་གསལ་བར་སྟོན་ཕྱིར་དུ།།
འཆད་རྩོད་རྩོམ་པའི་དཔའ་གདེང་བདག་ལ་གནོང་།།
བཀའ་དྲིན་མ་ཆུང་རྗེ་བཙུན་བླ་མ་མཆོག།
མ་ཡི་བུ་བཞིན་བདག་ལ་བརྩེ་བར་མཛོད།།
འཁྲུལ་བའི་གྲོང་ལ་ཨ་ཐང་ཆད་པ་བདག།
དེ་ལྟར་བཅོས་མིན་སེམས་ཀྱིས་གསོལ་བཏབས་པ།།
ཇི་བཞིན་མངོན་དུ་གྱུར་བའི་དངོས་གྲུབ་སྩོལ།།
དེ་ནས་གང་གི་མཚན་སྔགས་བཟླ་བ་ནི།
ཨོཾ་མ་ཧཱ་གུ་རུ་དྷརྨ་བྷ་དྲ་སིདྡྷི་ཧཱུཾཿ
ཞེས་གང་མང་བཟླས་མཐར།
རིགས་བདག་བླ་མའི་སྐུ་གསུང་ཐུགས་གསུམ་ལས།།
ཨོཾ་དཀར་ཨཱ་དམར་ཧཱུཾ་མཐིང་ཟེར་མདངས་བཅས།།
བདག་གི་གནས་གསུམ་ཐིམ་པས་སྒྲིབ་པ་ཀུན།།
ལྷག་མེེད་དག་ཅིང་དགོངས་པའི་བྱིན་རླབས་འཕོས།།
སྐུ་བཞིའི་ས་བོན་བདག་ལ་སྨིན་པའི་མཐུས།།
མྱུར་ལམ་གསང་ཆེན་ཐེག་པའི་ཁྱད་ཆོས་ཀྱིས།།
རིག་སྟོང་འོད་གསལ་མངོན་སུམ་རྗེན་མཇལ་ནས།།
གཞོན་ནུ་བུམ་སྐུར་སད་པའི་རྟེན་འབྲེལ་འཛོམས།།
ཞེས་པས་དབང་བཞི་ལེན་ཞིང་དགོངས་རྒྱུད་བསྲེ་བར་བྱ།
བསྔོ་སྨོན་ནི།
ད་ནས་བཟུང་སྟེ་མཆོག་གི་བྱིན་རླབས་དང་།།
སྐད་ཅིག་ཙམ་ཡང་འབྲལ་བ་མེད་པའི་མཐུས།།
ཆོས་ཉིད་འོད་གསལ་དྲན་པའི་ཁོར་ཡུག་ཏུ།།
གཉིས་མེད་དོན་དང་འབྲལ་བ་མེད་པར་ཤོག།
ཅེས་པ་འདི་ནི་ངེས་པ་དོན་གྱི་རྣལ་འབྱོར་བ་བླ་མ་མཚོ་རྡོར་ཏེ། གཞུང་ཤིན་ཏུ་དྲང་བ། མི་གཤིས་གསེར་ལྟར་བཟང་བ། སྔོན་ཆད་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་ཀྱིས་བླ་རུང་སྒར་གྱི་དངུལ་གཉེར་ཕྱག་མཛོད་དུ་བསྐོས་པས་མི་བཟང་བོ་ཡིན་པའི་ཚད་དུ་བཟུང་བ་ཁོང་གིས་བསྐུལ་ངོ་མ་ལྡོག་པ་ཙམ་དུ། བདག་གྱི་ན་བ་ཨ་གནམ་ཐུབ་བསྟན་ནམ་པདྨ་ཆོས་ཉིད་རྡོ་རྗེས་གནམ་གྲུས་མཁའ་དབྱིངས་བསྐྱོད་པའི་ཉིན་ཞིག་ལ། མཛེས་སྡུག་སྤྲིན་དཀར་གྱི་དགའ་ཚལ་དུ་ཤར་མར་སྤེལ་བའོ།།
རོང་ཟོམ་པ་ཆེན་པོོའི་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚོགས་ནི།
སྣང་སྲིད་དག་མཉམ་ལྟ་བའི་སྒོས།།བཟའ་བཏུང་ཡོ་བྱད་ཅི་འབྱོར་བཤམས།།དབྱངས་སྙན་རོལ་མོ་འཁྲོལ་བཞིན་དུ།།མྱོང་གྲོལ་ཚོགས་ཀྱི་འཁོར་ལོ་བསྐོར།།
རཾ་ཡཾ་ཁཾ།
སྣོད་བཅུད་དག་པ་རྒྱལ་བའི་ཞིང་ཁམས་འདིར།།
ཟག་མེད་ལྟ་བའི་རྒྱལ་བོའི་རྡོ་རྗེ་ཡིས།།
གཏི་མུག་གཉིས་འཛིན་དྲི་མ་ཡོངས་བཅོམ་ནས།།
ཚོགས་རྫས་བདེ་ཆེན་ཡེ་ཤེས་རོལ་བར་བསྒྱུར།།
ཞེས་བྱིན་གྱིས་བརླབས།
རང་སྣང་རྣམ་དག་ཆོས་དབྱིངས་དཀྱིལ་འཁོར་ནས།།
རིག་འཛིན་རྗེ་བོ་ཆོས་ཀྱི་བཟང་པོ་མཆོག།
རྩ་བརྒྱུད་བླ་མ་རྣམས་དང་ཡི་དམ་ལྷ།།
མཁའ་འགྲོ་དམ་ཅན་ཆོས་སྐྱོང་འདིར་གཤེགས་ཤིག།
ཟག་མེད་བདེ་བའི་མཆོད་པ་ཞལ་དུ་བསྟབ།།
རྡོ་རྗེའི་ཐེག་པའི་གཞུང་དང་འགལ་བ་བཤགས།།
གཟུང་འཛིན་སྲོག་རྩ་སྟོང་བ་ཉིད་དུ་སྒྲོལ།།
ཐུགས་དམ་བསྐང་ངོ་བྱིན་རླབས་ཆར་ལྟར་ཕོབ།།
ཀུན་བཟང་རྒྱལ་སར་བགྲོད་པའི་གྲོགས་འཚལ་ལོ།།
དེ་ནས་བཟའ་བཏུང་ཚོགས་ལ་རོལ།།ཐོལ་བྱུང་རྡོ་རྗེའི་གླུ་བྲོ་བྱ།།ཞེས་པདྨ་ཆོས་ཉིད་རྡོ་རྗེས་སྦྱར་བའོ།།