སྟེང་ཕྱོགས་འོད་གསལ་ལྷ་ཡི་དཔའ་བོ་ཉིད།།
ཧི་མ་ལ་ཡི་ས་ཆེན་དབང་བསྒྱུར་སླད།།
གནམ་གྱི་འཇུ་ཐག་རིང་མོའི་ཐེམ་སྐས་ལས།།
ཕེབས་པའི་བཙན་པོ་རྣམས་ཀྱི་བྱུང་བ་རྨད།།
ལྷོད་མེད་སྙིང་སྟོབས་གོ་ཆ་རབ་བཅིངས་ནས།།
བགྲོད་དཀའ་རྒྱང་རིང་འཕགས་པའི་ཡུལ་བྱོན་དེ།།
རབ་འབྱམས་གཙུག་ལག་ནང་བྱན་ཆུད་མཛད་པ།
ཤིང་རྟའིི་སྲོལ་འབྱེད་སཾ་བྷོ་ཊ་ཉིད་དྲན།།
ཇི་ལྟར་སྒྱུ་སྐར་དབུས་སུ་ཟླ་བ་བཞིན།།
དྲེགས་ལྡན་ཕྱོགས་ཀྱི་མི་དབང་འབུམ་ཁྲོད་ན།།
སྟོབས་འབྱོར་གསེར་གྱི་འཁོར་ལོས་མངོན་མཐོ་གང་།།
སྲོང་བཙན་རྗེ་བོའི་མཚན་སྙན་ད་དུང་ལྡིར།།
ལུས་སྲོག་འབེན་ལ་བཙུགས་པའི་དམ་བཅའ་ཡིས།།
ཚ་གྲངས་ལྟོགས་སྐོམ་ངལ་བ་ཁྱད་བསད་དེ།།
གངས་ཅན་ཞིང་དུ་ཕྱི་ནང་རིག་གཞུང་དག།
དྲངས་མཛད་སྔོན་གྱི་ལོ་ཙཱ་བ་རྣམས་བསྔག།
མཚོ་འཁྲུངས་རྒྱལ་བ་པདྨ་འབྱུང་གནས་སོགས།།
སྙིང་རྗེ་ཆེན་པོས་བོད་དུ་ཆིབས་བསྒྱུར་ནས།
དམ་ཆོས་སྒོ་འཕར་ཡངས་པོར་འབྱེད་པ་པོ།།
རྒྱ་བལ་པཎ་གྲུབ་རྣམས་ལ་སྙིང་ནས་འདུད།།
འཆད་རྩོམ་རྩོད་གསུམ་མཁས་པའི་མཛད་བཟང་གིས།།
སྔོན་ཆད་མཐའ་འཁོབ་གདོང་དམར་ཞེས་གྲགས་ཡུལ།།
བཅུ་ཕྲག་ཤེས་བྱའི་ཞིང་་དུ་བསྒྱུར་བ་ཡི།།
རིག་པའི་དཔའ་བོ་རྣམས་ཀྱི་རྣམ་ཐར་བརླིང་།།
ཚངས་པའི་སྲས་མོ་སྙིང་གི་མཚོར་ཞུགས་པས།།
མགྲིན་པའི་རྩ་མདུད་གྲོལ་བའི་དགའ་བ་ཅན།།
ཡིད་འོང་ཚིག་གི་རོལ་མོ་བརྡུང་མཁས་པ།།
ཁ་བ་རི་པའི་སྙན་ངག་པ་ཚོར་གུས།།
དོན་ལ་ངེས་པའི་གདེངས་ཆེན་རྙེད་པའི་བརྡར།།
ཐུགས་ལས་ཆོས་གཏེར་འབུམ་ཕྲག་བརྡོལ་བའི་མཐུས།།
དུས་ཀྱི་རྒུད་པ་འཇོམས་པའི་བྱིན་རླབས་ཅན།།
སྤྲུལ་པའི་གཏེར་སྟོན་རྣམས་ཀྱི་གསུང་རབས་བརྗིད།།
ས་དགེ་བཀའ་རྙིང་བཅས་པའི་གྲུབ་མཐའ་ཡི།།
བྱུང་དང་འབྱུང་བཞིན་མཁས་གྲུབ་གྲངས་མེད་པའི།།
རིན་གྱིས་མི་གཞལ་ཞལ་བྱུང་བསྟན་བཅོས་དག།
བརྗོད་བྱ་ཟབ་ལ་རྗོད་བྱེད་རབ་ཏུ་སྙན།།
ཨ་ལི་བཞི་ཡི་གསེར་གྱི་སྐུད་པ་ལ།།
ཀ་ལི་སུམ་ཅུའི་མུ་ཏིག་བསྟར་བ་ཡི།།
བྷོ་ཊའི་སྐད་ཡིག་ལྷ་མོའི་མགུལ་རྒྱན་འདི།།
འུ་ཅག་རྣམས་ཀྱི་ནོར་གྱི་མཆོག་ཡིན་ནོ།།
དབྱངས་དང་གསལ་བྱེད་ཟུང་གི་གྲུབ་ཆ་ཅན།།
བརྡ་སྤྲོད་རིགས་གཞུང་ལེགས་སྦྱར་ལྟར་དུ་བསྒྲིགས།།
ཡི་གེའི་དབྱིབས་གཟུགས་གུཔྟའི་སྲོལ་དང་འདྲ།།
ས་སྟེང་མི་ཡི་གཅེས་ནོར་གཟི་ལྡན་ཞིག།
སྔོན་ཆད་སྐད་རིགས་གཞན་དུ་མ་བསྒྱུར་བའི།།
འཕགས་ཡུལ་མཁས་པའི་གསུང་རབ་ཆེས་སྟུག་པ།།
མངོན་མཐོ་ལྷུན་པོའི་དཔངས་དང་མཉམ་པའི་དབྱིག།
གངས་ཅན་ཡི་གེའི་གཟུགས་སུ་བཞུགས་པ་མཚར།།
མ་ཀི་འདུལ་བ་ཀ་རཱི་ཀ་ནས་བཟུང་།།
ཡ་ཀི་འོད་གསལ་རྫོགས་པ་ཆེན་པོ་མན།།
ཡོངས་རྫོགས་ཐེག་པའི་གྲུབ་མཐའ་མྱོང་འདོད་ཚོས།།
ཅིས་ཀྱང་བོད་སྐད་རིན་པོ་ཆེ་ལ་སློབས།།
གཞན་གྱིས་མཐོང་བའི་མོད་ལ་དབང་མེད་དུ།།
ཡིད་ཀྱི་སྨོན་པ་འཆོར་བའི་མཛེས་སྡུག་ཅན།།
དབུ་ཅན་དབུ་མེད་ཡིག་གཟུགས་སྣ་ཚོགས་པ།།
མདོ་དབུས་ཁམས་གསུམ་ཀུན་གྱི་སྤྱི་ནོར་ལགས།།
དབུང་གཙང་སྐད་ནི་རྣ་བའི་རྒྱན་དུ་མཛེས།།
ཁམས་པའི་སྐད་དེ་ལྷ་ཡི་དབྱངས་བཞིན་སྙན།།
ཨ་མདོའི་སྐད་ལ་གསལ་དག་ཁྱད་ཆོས་ལྡན།།
ལུང་པ་རེ་ལ་སྐད་གདངས་རེ་རེ་ཡོད།།
འགྱུར་ལྡོག་རང་བཞིན་དུས་ཀྱི་ཁོར་ཡུག་ཀློང་།།
ཕྱི་ནང་རྒྱུ་རྐྱེན་སྣ་ཚོགས་ཀྱིས་གཡོས་པས།།
ལོ་རྒྱུས་རིམ་པའི་འཁོར་ལོ་བསྐྱོད་པ་ན།།
གསར་བཅད་སྐད་ཀྱི་རིམ་པ་དུ་མ་བྱུང་།།
གདོད་མའི་མ་སྐད་རྙིང་པའི་མཁའ་དབྱིངས་སུ།།
ཕྱིས་སུ་ཆོས་དང་གཙུག་ལག་གསར་བ་ཡི།།
བསྒྱུར་བཟོའི་ཐ་སྙད་སྐར་ཚོགས་ཀྱིས་སྤུད་པ།།
རང་སྐད་འདི་ལ་ཉམས་མེད་འོད་མདངས་བཀྲ།
གནའ་བོའི་སྒྲུང་ལྡེའུ་བོན་གྱི་རིག་གཞུང་དང་།།
སྔོན་དུས་བཀའ་བསྟན་ཆོས་ཀྱི་གླེགས་བམ་འབུམ།།
དེང་རབས་ཤེས་བྱའི་ཕུང་བོས་ཕྱུག་པའི་གཏེར།།
ལོ་རྒྱུས་ཆུ་ལས་རིང་བ་འུ་ཚོའི་སྐད།།
ཤར་གྱི་རྒྱལ་མོ་ཚ་བ་རོང་བ་དང་།།
འབྲུག་དང་ལ་དྭགས་པ་ཡི་ཡུལ་སྐད་དག།
ཐོས་ཚེ་གོ་བརྡ་མྱུར་དུ་འཕྲོད་དཀའ་ཡང་།།
བྷོ་ཊའི་སྐད་ཁྱིམ་ཆེན་པོའི་ཁོངས་སུ་གཏོགས།།
རི་ཡི་མཐོ་ཤོས་ཇོ་མོ་གླང་མ་ལྟར།།
འཛམ་གླིང་རྩོམ་རིགས་ནང་ནས་ཆེས་རིང་བ།།
དགའ་སྐྱོའི་ཉམས་ལྡན་གེ་སར་གླིང་སྒྲུང་སོགས།།
སྒྱུ་རྩལ་པདྨོའི་ཚལ་ལ་སུ་མི་སྤྲོ།།
ལྗགས་རྣོན་ཁྲིར་བཞུགས་མཁས་པའི་འཆད་སྒྲོས་དང་།།
རི་ཁྲོད་རྟོགས་རྒན་པོའི་ཐོལ་བྱུང་མགུར།།
མཐོ་སྒང་བུ་མོས་གྱེར་བའི་དགའ་གླུ་སོགས།།
རིག་རྩལ་མུ་ཏིག་ཕྲེང་བས་བོད་སྐད་མཛེས།།
གངས་ཁྲོད་ཉལ་བའི་མི་ལའི་སྐྱིད་གླུ་དང་།།
ཆོས་སེང་མཁས་པའི་བསྡུས་གྲྭའི་ཚིག་གི་འཕྲུལ།།
མདོ་སྨད་ཡུལ་གྱི་ལ་གཞས་བྱ་བ་རྣམས།།
དོན་ལ་ཁྱད་ཆེ་སྐད་རིགས་གཅིག་ལས་བྱུང་།།
ཐབས་མཆོག་སུམ་ཅུའི་གྲངས་ལྡན་གསལ་བྱེད་ཀྱིས།།
ཤེས་རབ་རང་བཞིན་དབྱངས་བཞིར་དགའ་འཁྱུད་ཚེ།།
གཞལ་བྱའི་ཆོས་ཀུན་ཐ་སྙད་དུ་སྤྲུལ་བ།།
བདེ་སྟོང་མཚོན་པའི་སྐད་ཡིག་བཀྲ་རེ་ཤིས།།
ཀྱེ་ཀྱེ་དེང་གི་ན་གཞོན་གསར་བུ་རྣམས།།
མ་རྙིང་རང་བློའི་པདྨོ་བཀྲ་བའི་དུས།།
དགའ་འདུན་སེམས་ཀྱི་ཟེ་འབྲུའི་འཛུམས་མདངས་ཤིག།
ཕ་མེས་རིག་གཞུང་ཕྱོགས་ལ་སྒྱུར་རོགས་འཚལ།།
བདེན་མེད་སྟོད་སྨད་ཆོལ་ཁའི་དབྱེ་བ་དག།
ཨུ་ཚུགས་སེམས་ཀྱི་རྟོག་བཏགས་ཉིད་ཟད་ན།།
ཀ་ཁའི་ཁོར་ཡུག་གསེབ་ཏུ་འཚར་ལོངས་རྣམས།།
མཐུན་པའི་དམ་རྒྱ་སྐད་རིགས་གཅིག་ལ་མདུད།།
རབ་ཡངས་བཅུ་ཕྲག་རིག་པའི་ཐང་ཆེན་དུ།།
བློ་གྲོས་ཅང་ཤེས་རྒྱུག་པའི་རྩལ་མེད་ཀྱང་།།
སུམ་རྟགས་གཡག་གཞོན་བརྟུལ་བའི་དཔའ་མེད་ཚེ།།
མར་རྩམ་ཟོས་པའི་རིན་ཐང་མཇལ་མི་འོང་།།
ཤར་ནུབ་གོ་ལའི་སྐད་རིགས་གྲངས་མང་བ།།
ཡིད་འཕྲོག་རིན་ཆེན་བང་བ་ལྟ་བུའི་དབུས།།
གཟི་འོད་ཕྱོགས་ཀུན་བཀྲ་བའི་ནོར་བུ་སྟེ།།
གངས་ཅན་ཕ་སྐད་འུ་ཅག་ཡོངས་ཀྱི་རྒྱན།།
དེང་དུས་ཚན་རིག་ལག་རྩལ་འགྲན་སྡུར་ཁྲོད།།
གསེར་དངུལ་རྟགས་མས་དབེན་ཀྱང་ཁ་བའི་ལྗོངས།།
འཛམ་གླིང་ཆོས་ཀྱི་ལྟེ་གནས་ཆགས་པ་འདི།།
དབྱངས་གསལ་སུམ་ཅུའི་བཀའ་དྲིན་ལས་གཞན་ཅི།།
ཕྱི་གླིང་ཆོས་པས་གཅོད་ཡུལ་གྱེར་བ་དང་།།
སོག་པོའི་གྲྭ་བས་བཟང་སྤྱོད་ཀློག་པ་རྣམས།།
ཐོས་ཚེ་རང་རེའི་སྐད་ཀྱི་ཕྲིན་ལས་ནི།།
གངས་ཀྱི་རྭ་ལས་འགོངས་པ་ངོ་མཚར་སྙམ།།
འདུས་བྱས་མི་རྟག་ཆོས་ཉིད་ཞགས་པ་ཡིས།།
འཇིག་རྟེན་ཆོས་ཀུན་བཏབས་པའི་ཚུལ་མཐོང་ཚེ།།
རང་གིས་བརྩེ་བའི་དངོས་པོ་ཐམས་ཅད་ཀྱང་།།
འགྱུར་བའི་རང་བཞིན་ཉིད་དུ་གནས་པ་ལགས།།
སྒེར་དོན་ཁོ་ན་བརྣགས་པའི་བློ་དོར་དེ།།
ལྷག་བསམ་གོ་ཆ་ཐོགས་པའི་མཁས་རྣམས་ཀྱིས།
ཐ་སྙད་གསར་བའི་བང་མཛོད་བསྐྲུན་པའི་གཏམ།།
རང་སྐད་ཚེ་སྲོག་གསོ་བའི་ཕོ་ཉ་ཉིད།།
གཏི་མུག་མལ་ས་རྙིང་བར་མ་སྲེད་པར།།
མཁས་པའི་པྲོག་ཞུ་གྱོན་ལ་རངས་པ་ཁྱོད།།
ཆེན་པོ་དབྱིན་ཇིའི་སྐད་དང་རྒྱ་ཡིག་སོགས།།
མཐའ་མེད་རིག་པའི་གནས་ལ་བརྩོན་པར་འོས།།
མི་ལོ་མང་བོར་རང་གི་རིག་གཞུང་ཙམ།།
རང་གིས་བསླབས་ཤིང་གཞན་ལ་ཁྲིད་ཁུལ་གྱིས།།
མགོ་ཡི་སྐྲ་ལོ་ལྷུང་བ་བདག་ལྟ་བུ།།
བོད་མིའི་ནང་ནས་བོད་མི་རྙིང་བར་ལུས།།
ཚེ་འདིར་མཁོ་བའི་ཤེས་བྱ་མ་སྦྱངས་ཤིང་།།
ཕྱི་མར་དགོས་པའི་ཆོས་ཀྱི་ནོར་ཉུང་མོད།།
དོན་མེད་རྩོམ་ཉོག་བོད་ཡིག་ལ་བཀོད་དེ།།
རང་སེམས་སྐྱིད་པོར་གཏོང་བ་བདག་གི་སྲོལ།།
ཨེ་མ་སྲོག་ཆགས་གཞན་དག་སྐྱེན་གྱུར་ཀྱང་།།
འགྲོ་བ་མི་ཡི་ཐུན་མིན་ཁྱད་ཆོས་ནི།།
ཕྲ་རགས་སྣ་ཚོགས་སེམས་ཀྱི་སྤྲོས་པ་ཀུན།།
ཡི་གེའི་གཟུགས་སུ་བཀོད་པར་ནུས་པ་ཡིན།།
གདོས་བཅས་ལུས་ཀྱི་གྲུ་གཟིངས་གཏད་མེད་དུ།།
མི་བརྟན་ཡུལ་དུས་རྦ་རླབས་ལ་བརྒལ་བཞིན།།
ནང་གི་རྣམ་ཤེས་ཕ་ཡུལ་ལ་འགྱུ་བ།།
ང་དང་ང་ལྟའི་མི་རབས་རྙིང་པའི་གཤིས།།
སྒོང་གཟུགས་ས་གཞི་ཆེན་པོའི་ཅོད་པཎ་དུ།།
ལྟེ་བའི་རཀྟ་དོར་བའི་གྱི་ན་བས།།
ནུབ་གླིང་ཡུལ་དུ་མི་ཚེ་འཁྱོལ་བཞིན་དུ།།
དད་པའི་སོར་མོ་ཏི་སེའི་རི་ལ་འབུལ།།
ཞེས་རྒྱལ་ཁམས་པ་ཨ་གནམ་ཐུབ་བསྟན་གྱིས་འཛམ་གླིང་རིག་པ་འབྱུང་བའི་གྲོང་ཁྱེེར་བྷིར་ཁི་ལི་ཞེས་པའི་ཉེ་འདབས་སུ་སུན་སྣང་སེལ་བྱེད་ཙམ་དུ་སྤེལ་བ་དགེ།